Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནི་གུ་འཁྲུལ་འཁོར་རྩ་འགྲེལ།


 
previousནི་གུ་འཁྲུལ་འཁོར་རྩ་འགྲེལ།no next

ནི་གུ་འཁྲུལ་འཁོར་རྩ་འགྲེལ།


TNT12_Page_1015
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་འཁྲུལ་འཁོར་རྩ་འགྲེལ་བཞུགས།


TNT12_Page_1016
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། །ན་མོ་གུ་རུ། །རྩ་མདུད་དགྲོལ་དང་རྩ་སྲོང་དང༌། །དབུ་མར་སྡུད་དང་རྩ་འགྲེམས་བཞིའོ། །ལངས་འདྲེན་བསྒྱུར་དང་སྟོད་གནོན་གསུམ། །རྐང་གཅིག་རྐང་གཉིས་གཅུ་བ་དང༌། །བུ་ཆུང་ཚུལ་དང་འཕར་བ་ལྔ། ཁ་འབྱེད་གཉིས་ནི་སྣོར་དང་བགྲད། །དབུ་མར་འཇུག་དང་དབུ་མར་འདྲེན། །དབུ་མར་སྡུད་པ་གསུམ་དུ་བཞེད། །རྣམ་སྣང་ལྟག་གཅུ་དོན་ཡོད་གྲུབ། །གཟིར་དང་མཉམ་གཞག་རྐང་གཡབ་དང༌། །ཀོག་ལངས་གསུམ་སྤྲུགས་ཞེས་བྱ་བརྒྱད། །རྩ་ལ་བཞི་དང་ཐིག་ལེ་གསུམ། །ཟུག་སེལ་ལྔ་དང་ཁ་འབྱེད་གཉིས། །རྡོ་རྗེ་གར་ལ་གསུམ་ཡིན་ཏེ། །ཉོན་མོངས་སེལ་ལ་བརྒྱད་ཡོད་ཀྱང༌། །གཅིག་ཏུ་བསྡུས་ན་བཅོ་བརྒྱད་ཡིན། །དང་པོ་སྐྱིལ་ཀྲུང་རོ་སྟོད་ལན་བདུན་གཅུ། །གཉིས་པ་ལངས་ལ་སྐེད་གཟིར་རྟིང་འཁྲབ་བདུན། །གསུམ་པ་ལག་གཉིས་མཆན་ཁུང་བརླ་ཟུར་བརྐྱང༌། །བཞི་པ་སར་བསྡད་ལུས་ཀུན་འཕུར་མཉེ་བྱ། །ལྔ་པ་སྤྱི་བོར་ཐལ་སྦྱར་རྟིང་བ་བརྡབ། །དྲུག་པ་ཁུ་ཚུར་གཡས་གཡོན་རེ་མོས་བརྐྱང༌། །བདུན་


TNT12_Page_1017
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆན་ཁུང་བསྡམས་ལ་རོ་སྟོད་གཅུ། །བརྒྱད་དགུ་གཉིས་ལ་དབྱུག་མཆོངས་བྱེད་པར་བཤད། །འོན་ཀྱང་ད་ལྟ་ལག་ལེན་དེ་མི་བྱེད། །བརྒྱད་པ་པུས་མཐིལ་སྦྱར་ལངས་ལག་བརྐྱང་འཁྲབ། །དགུ་པ་རྐང་ལག་རྡེག་སྟབས་རྟིང་འཁྲབ་གསུམ། །བཅུ་པ་སོར་བསྣོལ་བྲང་འགེབས་ལན་གསུམ་གཅུ། །བཅུ་གཅིག་ལངས་སྡོད་མགོ་བོ་བསྐོར་ལྕོག་སྤྲུག །བཅུ་གཉིས་རྟིང་འཁྲབ་གསུམ་མཐར་ས་ལ་འབེབས། བཅུ་གསུམ་ཁུ་ཚུར་བྲང་གནོན་གཅིག་ཤོས་འཕུལ། །བཅུ་བཞི་ཁ་མིག་བགྲད་མཐའ་བརྐྱང་བསྐུམ་སྤྲུག།བཅོ་ལྔ་ནུ་རྡེག་རྒོད་ལྡིང་སྤྲུག་དང་སྐོར། །བཅུ་དྲུག་སྣོལ་ནས་འཐེན་གནོན་དགྱེད་དགུ་བྱ། །བཅུ་བདུན་དཔུང་བཀབ་རྐེད་པ་ལན་གསུམ་སྐྱོག།བཅོ་བརྒྱད་པ་ནི་ཉོན་མོངས་སེལ་བ་ཡིན། །བྱང་ཆུབ་ཕྱག་རྒྱ་གཡས་གཡོན་སྟེང་འོག་གཅུ། །སྲིན་འདུད་ལྟག་མནན་རོ་སྟོད་གཡས་གཡོན་གཅུ། །དོན་གྲུབ་ཕྱག་རྒྱ་གཞག་ཤ་བརྡེབས་པ་ཡིན། །གཟིར་བ་འབར་རྒྱ་བསྐོར་ཞིང་མིག་བསྐོར་བལྟས། །མཆན་ཁུང་


TNT12_Page_1018
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས་ཤིང་གཅུས་ནས་སླར་ཡང་བལྟ། །མཉམ་བཞག་རྡོར་སྐྱིལ་ཕོ་བ་བསྡམས་པ་དང༌། །རྐང་གཡབ་གན་རྐྱལ་ཙོག་པུ་ཟན་སྤྲུའི་ཚུལ། །ཀོག་ལངས་སྡིགས་མཛུབ་ཕྱོགས་བཅུ་རྣམས་སུ་བསྐོར། །གསུམ་སྤྲུགས་བསྡམས་བརྐྱང་བཤུད་ཅིང་སྤྲུགས་པ་ཡིན། །ཡེ་ཤེས་མཁའ་འགྲོ་ནི་གུའི་ཆོས་དྲུག་གི །གཏུམ་མོའི་གཞུང་ཁྲིད་འཁྲུལ་འཁོར་བཅོ་བརྒྱད་ཡིན། །ཕྱི་མ་བརྒྱད་དུ་ཕྱེ་ན་ཉི་ཤུ་ལྔ། །ཞེས་སོ། །དེ་ཡང་རླུང་སྦྱོང་བ་ཟླ་གཅིག་ཙམ་སོང་བ་ན། གཏུམ་མོའི་སྟོང་ར་ཞག་བདུན། གོང་བུ་འཐབས་པ་ཞག་བདུན། དངོས་གཞི་ཞག་བདུན། བླ་མའི་གཏུམ་མོ་ཞག་བདུན། གོས་སུ་གྱོན་པ་ཞག་བདུན་བྱ། དེ་ནས་འཁྲུལ་འཁོར་དེ་རྣམས་བསླབ་སྟེ་ཡང་ཡང་སྦྱངས་པས་ངལ་དུབ་མེད་ཅིང་སྒྲིབ་མི་དགོས་པར་སོང་བ་ན། སོ་སོའི་དམིགས་པ་རྣམས་ལ་ཐུན་རེ་རེ་བྱེད་ཀྱིན་སྦྱངས། མཐར་འཁྲུལ་འཁོར་ཚར་རེ་ལ་དམིགས་པ་ཐམས་ཅད་ཚར་རེ་འགྲོ་བར་བྱེད། ཐུན་བཞིའམ་དྲུག་ཏུ་ཚར་རེ་མ་ཆག་ཅིང་གཏུམ་མོ་ལ་འབད་ན་ཡོན་ཏན་དཔག་ཏུ་མེད་པ་འཕྲལ་དུ་འབྱུང་ངེས་པ་ཡིན་ནོ། །དེ་ལ་སྡོམ་ཚིག་གི་དོན་རྣམས་བཤད་པར་བྱ་སྟེ། དང་པོ་རྩ་མདུད་དགྲོལ་བ་ནི། སྐྱིལ་ཀྲུང་ལུས་གནད་བཅས་ལ། ལག་པ་གཉིས་པུས་མོ་ནས་དྲངས་ཏེ། བརླའི་རྩ་བར་བཙུགས། རོ་སྟོད་གཡས་དང་གཡོན་དུ་གཅུ་བ་ལན་བདུན་བདུན་བྱ། གཉིས་པ་རྩ་དྲང་པོར་བསྲང་བ་ནི། ལུས་གནད་


TNT12_Page_1019
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་གཞི་གོང་ལྟར་བཅས། ལག་པ་བརླའི་རྩ་བར་སླེབ་པ་དང༌། ཀག་གི་ལངས་ལ་རླུང་འཕར་བྱས། ལག་པ་སྐེད་གཟེར་གྱི་ངང་ནས། ལྟོ་བ་གཡས་བསྐོར་གཡོན་བསྐོར་བཤང་སྒོར་སྡིག་པ་རེ་དང༌། རོ་སྟོད་བག་ཙམ་གཡས་གཡོན་དུ་གཅུ་བ་ལྷན་ཅིག་ཏུ་བྱ་ཞིང༌། དེ་རྗེས་རྟིང་ཁྲབ་རེ་དང་སྤེལ་བ་ལན་བདུན་བྱ། འདི་རྩ་འཁྲུགས་པ་སེལ་བ། སྐྲ་ཤད་ཀྱིས་སྐྲ་གང་བྱེད་པ་དང་འདྲའོ། །གསུམ་པ་དབུ་མར་སྡུད་པ་ནི། སྔ་མའི་འཕྲོས་ལ་ཡིན་ན། རླུང་འཁྲབ་ཅིག་བྱས་པས་ཆོག།ལོགས་སུ་བྱེད་ན། བཅའ་གཞི་གཉིས་པ་དང་འདྲ་བར་བྱ། ལག་པ་ཁུ་ཚུར་བཅངས་པ་བརླའི་ཕྱི་འཕོངས་ཚོས་ཕྱོགས་ལ་བརྐྱང་ཞིང་ཤེད་བཅུག་ལ་རྟིང་འཁྲབ་གཉིས་གཉིས་ཀྱི་མཚམས་སུ། འཕར་རྡེབ་རེ་བྱ། དེ་འདྲ་ལན་བདུན་ནོ། །བཞི་པ་རྩ་འགྲེམས་ནི། རླུང་བསྐྱུར་ཞིག་བྱས་ནས་དང་པོར་མགོ་དང༌། དེ་ནས་རོ་སྟོད། དེ་རྗེས་ལག་པ། རྗེས་སུ་སྨད་དང༌། རྐང་པ་བརྐྱང་བ་ལ། འཕུར་མཉེ་བྱ། ཁྱད་པར་དུ་ལག་པ་དང་རྐང་པའི་ཉྭ་བཞི་རྣམས་ལ། ཕན་ཚུན་དུ་བཤུད་པ་དང༌། རྡུང་བ་བྱེད། བཞི་པོ་དེ་རྣམས་རྩ་དག་པར་བྱེད་པའོ། །ལྔ་པ་ལངས་ཏེ་འགྲེམས་པ་ནི། བཅའ་གཞི་གཉིས་དང་འདྲ་བ་ལས། ལག་པ་རིམ་པས་རྩིབས་ལོགས་བརྒྱུད་ཡར་བརྐྱང༌། སྤྱི་བོར་ཐལ་མོ་སྦྱར། སྐེད་པ་ཉག་གིས་བཏང༌། ཐུར་སེལ་ཐུར་


TNT12_Page_1020
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྡིགས་པ་དང༌། སྲོག་སྟེང་དུ་དྲངས། ལྐོག་མས་ཨོལ་མདུད་དྲག་ཏུ་མནན་ཅིང༌། འཕར་རྡེབ་བྱེད་པ་ལས། རྟིང་པ་རྡེབ་པ་ཤུགས་ཆེ་བར་བྱ། འདི་ཡང་ལན་བདུན་བྱའོ། །དྲུག་པ་བསྒྱུར་བ་ནི། བཅའ་གཞི་གོང་བཞིན་བྱས་ལ། ལག་གཉིས་ཁུ་ཚུར་བརླའི་ཟུར་ལ་བརྐྱང༌། ལུས་གཡོན་དུ་གཅུས་ནས། རྐང་ལག་གཡས་པ་དྲག་ཏུ་བརྐྱང་བསྐུམ་བྱ། ལན་ལག་དང་ལྷན་ཅིག་སོར་མོ་ཡང་བརྐྱང་བསྐུམ་བྱ། དེ་བཞིན་དུ་གཡོན་པ་ལའང་སྦྱར། བདུན་པ་སྟོང་གནོན་ནི། བཅའ་གཞི་སྔར་བཞིན་ལས། ལག་གཉིས་སོར་མོ་རྣམས་བསྣོལ་ཏེ་བྲང་ལ་བཀབ། མཐེ་བོས་མཆན་ཁུང་ལོགས་ནས་བསྡམས། རོ་སྟོད་གཡས་གཡོན་དུ་ལན་བདུན་གཅུ། དེ་གསུམ་ཐིག་ལེ་དག་བྱེད་དོ། །བརྒྱད་པ་རྐང་གཅིག་པ་ནི། བཅའ་གཞི་གཉིས་པ་དང་འདྲ་བ་ལས། རྐང་པ་གཡོན་པའི་པུས་མོའི་གོང་ལ། གཡས་པའི་མཐིལ་སྦྱར། པུས་མོ་གཡས་པ་གཡས་ལ་སྒྱེད། ལག་པ་གཉིས་ཀར་བརྐྱང་སྟེ། འཕར་རྡེབ་ལན་གསུམ་བྱེད། དེ་ཉིད་གཡས་གཡོན་གོ་ལྡོག་པའང་ལན་གསུམ། དགུ་པ་རྐང་གཉིས་ནི་བཅའ་གཞི་གཉིས་པ་བཞིན་ལས། རྐང་ལག་གཡས་པ་གཉིས་མདུན་དུ་གཡོན་བསྐོར་བྱས་ནས། གྱེན་དུ་ཅུང་ཟད་བཏེག་སྟེ། སླར་གཡས་ཀྱི་རྒྱབ་ཟུར་དུ། ལག་པ་སོར་མོ་དང་བཅས་པ་ཤད་ཀྱི་བརྐྱང་བ་དང༌། རྟིང་བའང་དེ་ཕྱོགས་སུ་ས་ལ་བརྡབས།


TNT12_Page_1021
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ལའང་དེ་བཞིན་བྱེད། འདིའི་གཞུང་ལས། བརྒྱད་པ་དང་དགུ་པ་འདི་གཉིས་ལ་ཐོག་མ་ལག་པ་གཅིག་གིས་འཁར་བ་ལ་འཇུ་བ་དང་མཇུག་ཏུ་གཉིས་ཀས་འཇུས་ནས་རིང་དུ་འཕར་ཞིང་དབྱུག་མཆོང་བྱེད་པར་བཤད་ཀྱང༌། དེང་སང་ལག་ལེན་མི་བྱེད་པར་འདུག། བཅུ་པ་གཅུ་བ་ནི། སོར་མོ་བསྣོལ་བས་བྲང་དང་མཆན་ཁུང་བཙིར་བ་བདུན་པ་དང་འདྲ་རུང་བ་ལས་ལངས་པའི་སྐབས། མགོ་དང་ལྟག་པ་དགྱེ་བའི་ངང་ནས་གཡས་གཡོན་ལན་གསུམ་གཅུས། དེ་རྗེས་རླུང་བསྐྱུར་བྱས་ས་ལ་བསྡད་ནས། མགོ་དང་རོ་སྟོད་ལན་གསུམ་གཅུས། དེ་ནས་པུས་མོ་བཙུགས་པའི་ཕྱེད་ལངས་ལ། ལག་པ་གཡས་པ་སྔར་བཞིན། གཡོན་པ་རྒྱབ་ནས་བསྐོར་ཏེ་དཔྱི་གཡས་པ་ལ་འཇུས་ནས། རོ་སྟོད་གཡོན་དུ་གཅུས། དེ་བཞིན་དུ་གོ་ལྡོག་པའང་བྱའོ། །བཅུ་གཅིག་པ་བུ་ཆུང་ཚུལ་ནི། བསྡད་ལ་མགོ་བོ་བསྐོར་ཞིང་མགོ་ལྕོགས་སྤྲུག་པ་ལན་གསུམ་དང༌། ལངས་ནས་ཀྱང་མགོ་བོ་བསྐོར་ཞིང་མགོ་ལྕོགས་སྤྲུག་པ་ལན་གསུམ་རྣམས་བྱའོ། །བཅུ་གཉིས་པ་འཕར་བ་ནི། རྟིང་འཁྲབ་ལན་གསུམ་གྱི་མཐར། ལག་པ་ཁུར་ཚུར་བརྐྱང་སྟེ། །འཕོངས་ས་ལ་བརྡབ། དེ་འདྲ་ལན་གསུམ་མོ། །དེ་ལྔ་རླུང་དང་ཐིག་ལེ་ཐུན་མོང་དུ་དག་པར་བྱེད་པའོ། །བཅུ་གསུམ་པ་རྩ་དབུ་མ་ཁ་འབྱེད་པ་དང་པོ་ནི། སྐྱིལ་ཀྲུང་བཅས། ལུས་བསྲངས། ལག་


TNT12_Page_1022
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁུ་ཚུར་གཉིས་ཐད་ཀར་བརྐྱང་བ་ལས། གཡོན་ཁུ་ཚུར་ནུ་ཁར་རྡེག་ཅིང་མནན། གཡས་འཕོངས་ཚོས་གཡས་ཀྱི་ཕྱོགས་ཐད་ཀ་ལ་བསྐུམ་ཁྲུ་གང་ཙམ་དུ་བརྐྱང༌། དེ་འདྲ་བ་ལན་གསུམ་བྱེད། དེ་ཉིད་གོ་ལྡོག་པའང་ལན་གསུམ། འདི་ལ་གཡས་གཡོན་སྣོར་བ་ཟེར། དབུ་མ་ཁ་འབྱེད་གཉིས་པ་ནི། རླུང་འཁྲབ་བྱས་ནས་ལངས། ལག་པ་བརྐྱང་སྟེ་ཕོ་བ་ས་ལ་བཙུགས། ཁ་མིག་གདངས། ཡན་ལག་བཞི་བརྐྱང་བསྐུམ་བྱ་ཞིང་དྲག་ཏུ་སྤྲུག་པའོ། །འདི་ལ་བགྲད་པའི་མཐའ་ཟེར། བཅོ་ལྔ་པ་དབུ་མར་འཇུག་པ་ནི། བཅའ་གཞི་དང་བསྟུན་ནས་ལངས། རླུང་ཐུར་ལ་སྡིག་ཅིང༌། ལག་པ་བརྐྱང་སྟེ་ནུ་ཁར་རྡཻག་པ་ལན་གསུམ་བྱ། ཡང་ལག་གཉིས་ཁུ་ཚུར་བརླའི་ཟུར་དུ་བརྐྱང་ལ། ཐུར་སེལ་དྲག་ཏུ་འཐེན་པ་གསུམ་བྱ། ཡང་ལག་པ་རྒོད་གཤོག་བཞིན་བརྐྱང་ལ་རྟིང་འཁྲབ་གསུམ་བྱས་ནས། ལུས་དྲག་ཏུ་སྤྲུག།ཡང་རླུང་ཕྱིར་བསལ་ནས་ཀྱང་དྲག་ཏུ་སྤྲུག་གོ །བཅུ་དྲུག་པ་དབུ་མར་འདྲེན་པ་ནི། ལངས་ཏེ་ལག་པ་གཉིས་བསྣོལ། ཁུ་ཚུར་གཡས་གཡོན་གྱི་མཆན་ཁུང་དང༌། ལག་ངར་གྱིས་ནུ་མ་བཙིར། རྩིབས་ལོགས་གཡས་དགང༌། མགོ་གཡོན་དུ་འཁྱོག་པ་དང་ལྷན་ཅིག་རླུང་གཡས་གྱེན་འཐེན་དང༌། དེ་ཉིད་གོ་ལྡོག་པས་གཡས་ཐུར་མནོན་བྱ། གཡོན་ལའང་དེས་རིགས་འགྲེ། དེ་བཞིན་དུ་ལྟག་པ་དགྱེད་ལ་མདུན་དུ།


TNT12_Page_1023
[མ་དཔེ་གཟིགས་ན་འདིར་གནོན།]

འཐེན་གནོན་དང་སྒུར་ལ་རྒྱབ་ལའང་འཐེན་གནོན་བྱ། བཅུ་བདུན་ལ་དབུ་མར་སྡུད་པ་ནི། སྔར་བཞིན་ལངས་ལ། ལག་པ་བསྣོལ། ལག་མཐིལ་དཔུང་པ་གཡས་གཡོན་ལ་བཀབ། ཕོ་བ་གཡས་བསྐོར་གཡོན་བསྐོར་གསུམ། རོ་སྟོད་གཡས་གཡོན་དུ་གཅུ། སྐེད་པ་གཡས་གཡོན་དབུས་གསུམ་དུ་ཕར་ཀྱོག་ཚུར་ཀྱོག་བྱ་ཞིང་འཆུན་བཙལ་ལོ། ཁ་འབྱེད་གཉིས། གར་གསུམ་ཞེས་སོ་སོར་བགྲོད་ཡང་ཆབས་གཅིག་ཏུ་ཡོང་བས་ཁ་འབྱེད་གཉིས་དང༌། འཇུག་འདྲེན་སྡུད་གསུམ་སྟེ་ལྔ་ལ་རྡོ་རྗེ་གར་གྱི་འཁྲུལ་འཁོར་ཞེས་སོ། །བཅོ་བརྒྱད་པ་ནི་ཉོན་མོངས་སེལ་བའི་འཁྲུལ་འཁོར་ཞེས་བྱ་སྟེ། དེ་ལ་ནང་ཚན་དུ་ཕྱེ་ན་བརྒྱད་ཡོད། དང་པོ་གཏི་མུག་སེལ་བ་རྣམ་སྣང་གི་ཕྱག་རྒྱ་ནི། བྱང་ཆུབ་མཆོག་གི་ཕྱག་རྒྱ་སྙིང་གར་བཅས་ནས། མདུན་དུ་བརྐྱང་ལ། གཡས་གཡོན་སྟེང་འོག་རྣམས་སུ་གཅུ་ཞིང༌། ནུ་མ་དང་ཕོ་བར་རྡེག།རྒོད་པ་སེལ་བ་ནི། སྐྱིལ་ཀྲུང་ངང་ནས་སྲིན་ལག་གཉིས་འདུད་པའི་སོར་མོར་གཞན་རྣམས་ཀྱིས་ལྟག་པའི་ཆུ་བ་ནས་མནན་ཏེ་ལྟག་པ་དགུག།རོ་སྟོད་གཡས་གཡོན་དུ་ལན་གསུམ་གསུམ་དུ་དྲག་གཅུ། ལག་པ་སྟེང་དུ་བརྐྱང་སྟེ། སྤྱི་བོར་ཐལ་ལྕག་རྒྱག།ལན་གསུམ་ཁྲོ་ཆིག་སེལ་བ་ནི། ལག་གཉིས་པུས་མོ་ནས་བླངས་ཏེ། གཞག་ཤ་བརྡབ་ཅིང་མདུན་དུ་བརྐྱང་ནས། དོན་ཡོད་གྲུབ་པའི་ཕྱག་རྒྱ་བཅས་


TNT12_Page_1024
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྙིང་ག་དང་ལྟེ་འོག་ཏུ་བརྡབ། གཡོན་པའི་ལག་ངར་བསྲངས་ནས་གཅུད་དོ། །གནོད་བྱེད་གཟིར་བ་ནི། སྐྱིལ་ཀྲུང་ངང་ནས། ལག་པ་འབར་བའི་ཕྱག་རྒྱ་བཅས་གཡས་དང་གཡོན་དང་དབུས་དང་སྟེང་དང་འོག་ཕྱོགས་ནས་ཅུང་ཟད་རྒྱབ་ལ་དགྱེད་དེ། གཡས་གཡོན་དུ་ལན་གསུམ་གསུམ་སྐོར་བ་དང་ལྷན་ཅིག་མིག་གདངས་ཤིང་ཤུགས་བསྐྱེད་པའི་ལྟ་སྟངས་ཀྱིས་མིག་ཀྱང་བསྐོར་རོ། །ཞེ་སྡང་སེལ་བ་མི་བསྐྱོད་པའི་ཕྱག་རྒྱ་ནི། །སྐྱིལ་ཀྲུང་བྱས་ནས་དཔྱད་ཕྲག་བརྡབ། སོར་བཅུ་བསྣོལ་བས་བྲང་གི་དབུས་ནས་བསྡམས་ཤིང༌། གྲུ་མོ་ཕྱིར་བཀྱེད་ལ་གཡས་གཡོན་དུ་ལན་གསུམ་གསུམ་གཅུ་བ་དང༌། ལག་གཉིས་ས་གནོན་བྱས་ཏེ། གཡས་གཡོན་དབུས་གསུམ་དུ་ཁྲོ་བོའི་ལྟ་སྟངས་ཀྱིས་བལྟའོ། །ང་རྒྱལ་སེལ་བ་འོད་དཔག་མེད་ཀྱི་ཕྱག་རྒྱ་ནི། རྡོ་རྗེའི་སྐྱིལ་ཀྲུང་གི་ངང་ནས་ལག་ངར་བསྲངས་པའི་མཉམ་བཞག་ཤུགས་བསྐྱེད། མཉམ་བཞག་བཏེགས་ནས་ཕོ་བར་རྡེག་ཅིང་བསྡམས། ཡང་ལག་ངར་བསྲངས་པ་སོགས་ལན་གསུམ། དེ་རྗེས་རླུང་ཕྱིར་འབུད་པ་དང་ལྷན་ཅིག་ཧ་དྲག་པོ་ལན་གསུམ་བརྗོད། འདོད་ཆགས་སེལ་བ་ནི། བཅའ་གཞིའི་ངང་ནས་རྐང་པ་གཡས་གཡོན་རེ་མོས་སུ་ལན་གསུམ་བསྐོར་ཞིང་གཡབ། དེ་ནས་གན་རྐྱལ་དུ་འདུག་སྟེ། རྐང་པ་གཡས་བརྐྱང་གཡོན་བསྐུམ་དང༌། གཡོན་བརྐྱང་གཡས་བསྐུམ་བྱེད། ལག་པ་ནམ་མཁར་བརྐྱང་ནས་ཟན་


TNT12_Page_1025
[མ་དཔེ་གཟིགས་ན་འདིར་གནོན།]

སྣོལ་བའི་ཕྱག་རྒྱ་བྱ། བདེ་ཆེན་འབེབས་པ་ཆེ་བ་སེར་སྣ་སེལ་བ་ནི། སྐྱིལ་ཀྲུང་བཅས་པ་ལས། ཀག་གིས་ལངས་ཏེ་འདོམ་འཇལ་བརྐྱང༌། རླུང་འཁྲབ་བྱ། སྡིགས་མཛུབ་བྱས་ཏེ་གཡས་གཡོན་དང༌། སྟེང་འོག་དང༌། མདུན་རྒྱབ་ཏུ་བསྐོར། རླུང་སྐྱར་ཞིག་བྱས་ལ་མཆོག་སྦྱིན་བརྐྱང་ལུས་དགྱེད་པར་བྱ། འདི་ལ་ཀོག་ལངས་ཟེར་རོ། །བདེ་བ་འབེབས་པ་ཆུང་བ་པ་ནི། གསུམ་སྤྲུགས་ཞེས་བྱ་བ་ལག་པ་གཡས་གཡོན་གཉིས་སྟེང་ནས་འོག་ཏུ་སྤྲུག་པ་དང༌། རོ་སྟོད་དྲག་ཏུ་སྤྲུག་པ་ལ་ཟེར། དེ་ཡང་སེམས་པའི་སྐྱིལ་མོ་ཀྲུང་བཅས་ནས། གསུམ་སྤྲུགས་བྱ། དེ་ནས་ལག་པ་གཡས་སྟེང་དང་གཡོན་འོག་ཏུ་བྱས་ལ་བསྣོལ། ལག་མཐིལ་གྱེན་དུ་བསྟན། ལག་མགོ་གཡོན་གྱི་འོག་ཏུ་གཡས་བཅུག་སྟེ། གཡས་པའི་སྲིན་ལག་གིས་གཡོན་པའི་སྲིན་ལག་བསྡམས། མདུན་དུ་བརྐྱངས་པས། ལག་ངར་གཅུས་ལ་བོར་བ་དང༌། ལག་སྟབས་དེ་ཉིད་གོ་ལྡོག་པས་ཀྱང་གཅུས་ལ་བོར། རེ་རེ་བཞིན་ཤུགས་འཇུག་ཐེངས་གསུམ་གསུམ་བྱེད། དེ་ནས་གཡོན་ཁུ་ཚུར་དཔུང་པའི་ཐད་ཀ་ནས་མདུན་གྱི་གཡོན་ཟུར་ལ་བརྐྱང༌། གཡས་ཀྱི་ཁུ་ཚུར་གྱི་བཤུད་ཐེངས་གསུམ་བྱ། །གཡས་པ་ལ་ཡང་དེ་བཞིན་དུ་བྱ། ཡང་གསུམ་སྤྲུགས་མཐར་འབེབས་བྱའོ། །ཕྱི་མ་འདི་ལ་གསུམ་སྤྲུགས་ཟེར་ཏེ་འགྱོད་པ་དང༌། ཡིད་མི་བདེ་བ་དང༌། རྣམ་རྟོག་སེལ་བ་ཡིན། འཁྲུལ་འཁོར་འདི་རྣམས་ལ། སོ་སོར་དམིགས་


TNT12_Page_1026
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནད་རེ་ཕལ་ཆེར་ལ་ཡོད་དེ། རྩ་བའི་གཞུང་ཚིག་ལས་ཤེས་པར་བྱའོ། །དེ་ལྟར་ན་འདི་རྣམས་ཡེ་ཤེས་མཁའ་འགྲོ་ནི་གུའི་ཞལ་གྱི་གདམས་པ། རླུང་སེམས་དབུ་མར་ཐིམ་པ་དང༌། རྩ་མདུད་གྲོལ་བའི་མན་ངག་རང་ལུས་ཐབས་ལྡན་གཙོ་བོར་གྱུར་པ། གྲོལ་ལམ་མཆོག་སྒྲུབ་ཀྱི་མན་ངག།ལུས་སྦྱོང་བཅོ་བརྒྱད་པ་ཞེས་བྱ་བ་ཡིན་ཏེ། འདིའི་རྩ་བའི་གཞུང་ནི། ཞལ་ཤེས་ཅུང་ཟད་གབ་པ་དང༌། ཚིག་མང་པོའི་གསེབ་ཏུ་འཐོར་བས་སྡུད་མི་ཤེས་པ་དག་མང་དུ་ཡོད་ལ། མི་མཁས་པས་སྦྱར་བའི་སྡོམས་ཐན་ཐུན་ཡོད་སྲིད་ནའང་ལག་ལེན་གསལ་པོ་ཐོན་པ་མེད་པར་མངོན་པས། འདིའི་ལག་ལེན་ནུབ་ཏུ་ཉེ་བར་མཐོང་བའི་ཕྱིར། མི་ནུབ་ཅིང་རྒྱས་པར་བྱ་བའི་དོན་དུ། དཔལ་ལྡན་ཤངས་པའི་བཀའ་བརྒྱུད་ལ་མོས་པ་ཅུང་ཟད་ཐོབ་པ། ཏཱ་ར་ནཱ་ཐས་མ་སྦས་ཤིང་གསལ་བར་བཀོད་པའོ།། །།མངྒ་ལཾ།། ཨོཾ་སྭཱ་སྟི། ཆོས་སྐུ་ཀུན་ཁྱབ་བདེ་སྟོང་ཟུང་འཇུག་དབྱིངས། །བརྟན་གཡོ་ཀུན་གྱི་སྲོག་ཏུ་རྟག་བཞུགས་ཀྱང༌། །མ་རྟོགས་འགྲོ་ཀུན་སྒྲིབ་གཉིས་ལེགས་གསལ་ཕྱིར། །ཏཱ་ར་ནཱ་ཐས་ཟབ་ཆོས་ཐང་མར་བརྡལ། །རྒྱུད་རྒྱལ་ཆུ་གཏེར་དངོས་གྲུབ་རླབས་ཕྲེང་འཁྲིགས། །ཟབ་དོན་ནོར་བུའི་ཕུང་པོ་འབུམ་བརྡལ་ལས། རྨད་བྱུང་གསུང་འབུམ་རྒྱ་མཚོ་འདིར་འོངས་པ། །དུས་གསུམ་སངས་རྒྱས་སྲས་བཅས་བསྐྱེད་པའི་ཡུམ། །གང་གི་བཀའ་འབུམ་རྣམ་པར་དག་པ་འདི། །སྐལ་ལྡན་འགྲོ་ལ་དར་ཞིང་རྒྱས་པའི་ཕྱིར། །གྲངས་མེད་གླེགས་བམ་སྣང་བརྙན་འབད་མེད་དུ། །སྤེལ་ཕྱིར་རྗེ་བཙུན་ཡོན་ཏན་བཟང་


TNT12_Page_1027
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིས། །སྤྱི་ལོ༡༩༩༦ལོ་ལ་ནི། །འཛམ་ཐང་གཙང་བའི་ཆོས་གྲྭ་ཆེན་པོ་རུ། །སྤར་གྱི་ཕྱི་མོ་གསར་དུ་བསྐྲུན་པའི་སྐབས། །ཏཱ་ར་ནཱ་ཐའི་གསུང་གི་ན་པོད་ཀྱི། །ཀ་ནས་ཨ་ཡི་བར་གྱི་ཆོས་རྫས་རྣམས། །སྤར་དུ་བསྒྲུབ་པའི་རྒྱུ་ཡོན་ཇི་སོང་དེ། །གཙང་སྐོར་ཞོལ་མའི་སྐུ་སྐྱེས་ལྔ་པ་མཆོག།ངག་དབང་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱིས། །སྦྱར་བའི་དགེ་བ་ཆུ་ཤེལ་བུ་མོ་ཡིས། །བསྟན་འགྲོའི་ཕྱི་ནང་བར་ཆད་ཞི་བ་དང༌། །མཐུན་པའི་དགེ་མཚན་ཟླ་བ་ཡར་ངོས་བཞིན། །གོང་ནས་གོང་དུ་འཕེལ་བའི་དགེ་ལེགས་སྩོལ། །འདི་ལས་རྒྱ་ཆེར་བསོད་ནམས་གང་འགྲུབ་པ། །སྲིད་ཞིའི་ལེགས་བྱས་ཀུན་དང་ལྷན་ཅིག་ཏུ། །ཡོངས་སུ་ཞུགས་པས་མཐའ་ཡས་འགྲོ་བ་ཀུན། །བླ་མེད་རྒྱལ་བའི་ས་ལ་འཁོད་པར་ཤོག།དྲིན་ཅན་བླ་མ་ངག་དབང་རྡོར་བཟང་གི །ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང༌། །མ་རྒན་ང་ཞེ་ཕ་རྒན་བསོ་རབ་དང༌། །ཨ་ཕོ་སྟོང་ཉིད་ལ་སོགས་འབྲེལ་ཐོགས་ཀྱི། །ཤི་གསོན་གང་དང་གང་ཡོད་ཐམས་ཅད་དང༌། །སྲིད་པར་གནས་པའི་འགྲོ་བ་མ་ལུས་དང༌། །དགེ་ཚོགས་འདི་ལ་འབད་པ་གང་བྱས་རྣམས། །སྐུ་བཞི་མཆོག་གི་རྒྱལ་སར་བསྒྲོད་པར་ཤོག།ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་ཡང༌། །ཚེ་རིང་ནད་མེད་ལོངས་སྤྱོད་རྒྱས་པ་དང༌། །བདུད་ཀྱི་ལས་དང་མི་མཐུན་ཕྱོགས་ཀུན་ཞི། །བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་ཤོག །སྤར་འདི་བཞུགས་པའི་ཡུལ་ཕྱོགས་ཐམས་ཅད་དུ། །དུས་བཞི་སྙོམས་ཤིང་ལོ་ཕྱུག་རྟག་ཏུ་


TNT12_Page_1028
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས། །འཐབ་རྩོད་འཁྲུགས་པའི་མིང་ཙམ་མེད་པ་དང༌། །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག།ཅེས་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་ནང་གི་ན་པོད་ཀྱི་པར་གཙང་སྐོར་ཞོལ་མའི་སྐུ་སྐྱེས་ལྔ་པ་ངག་དབང་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱིས། སྤྱི་ལོ༡༩༩༨ལོ་དང༌། རྣམ་དཀར་བྱེད་པོ་མཆོག་སྤྲུལ་དགུང་གྲངས་དོན་གཅིག་བཞེས་སྐབས་པར་བསྐྲུན་བྱས་པ་ཡིན། སྐབས་དེར་ཡུལ་གྲུ་ཆེན་པོ་སྡེ་དགེ་ནས་སྤྱན་དྲངས་པའི་ཡིག་བཟོ་བ་ཨ་རྣམ་སོགས་མི་ཉེར་གཉིས་དང་པར་གྱི་འགན་ཁུར་བ་བློ་གྲོས་འཕེལ་དང་རྡོར་བཟང་བཅས་ཡིན། རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོས་པར་བྱང་བརྩམས་ཡོད་པ་ལ་ཕྲན་པུཎྱཻ་ཤྲཱིས་ཁ་སྐོང་ཅུང་ཙམ་བགྱིས་པས་འགྲོ་བ་རྣམས་ལ་ཕན་པ་དང་བདེ་བ་འབྱུང་བར་སྨོན་ཞུ། པར་འདི་ད་ལྟ་འཛམ་ཐང་གཙང་བའི་ཆོས་གྲྭར་བཞུགས།། །།


previousནི་གུ་འཁྲུལ་འཁོར་རྩ་འགྲེལ།no next