Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
དཔལ་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་སྲིད་གསུམ་འདུལ་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་སྲིད་གསུམ་འདུལ་བྱེད།next

དཔལ་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་སྲིད་གསུམ་འདུལ་བྱེད།


TNT13_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་སྲིད་གསུམ་འདུལ་བྱེད་ཅེས་བྱ་བ་བཞུགས་སོ། །


TNT13_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔག་ཡས་རྒྱལ་བའི་མཐུ་སྟོབས་གཅིག་བསྡུས་པ། །བཅོམ་ལྡན་རྡོ་རྗེ་འཛིན་པར་གུས་བཏུད་ནས། །གང་དེའི་སྒྲུབ་ཐབས་གྲུ་ཆེན་ལེགས་བཟུང་སྟེ། །བྱིན་རླབས་རྒྱ་མཚོའི་ཀླཽང་དུ་འཇུག་པར་བྱ། །དེ་ལ་དཀྱིལ་འཁོར་ཆེན་པོ་འདི་ཉིད་ཀྱི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས། སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་སྒོམ་བཟླས་རྣམས་སྤྱི་དང་མཐུན་པར་བྱ་བ་ལས། འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྡུག་བསྔལ་ཀུན་གྱི་གནས་གྱུར་པའི། །འཁོར་བའི་འདམ་ནས་གཙོ་བོས་དྲོངས། །བཅོམ་ལྡན་འདས་བདག་དང་༴ སོགས་བརྗོད་པ་ནི་ཁྱད་པར་རོ། །རང་སྐད་ཅིག་གིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྐུར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ནག་པོ་དེ་ལས་བྷྲུཾ་ཡིག་ཅིག་སྤྲོས་པ་མདུན་གྱི་ནམ་མཁར་རིན་པོ་ཆེའི་རང་བཞིན་གྱི་དཀྱིལ་


TNT13_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྔོན་པོ་འཛམ་བུའི་གླིང་གི་དབྱིབས་ཅན་དུ་གྱུར། ཡང་པཾ་གཅིག་འཕྲོས་པ་ལས། དེའི་སྟེང་དུ་པདྨ་འདབ་མ་བཞི་པ་ཟླ་བའི་གདན་ལྔ་དང་བཅས་པར་གྱུར། ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། བླ་མ་དང་ཡིད་དམ་གྱི་ལྷ་དང་མཁའ་དབྱིངས་གང་བའི་དཀོན་མཆོག་རྒྱ་མཚོའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་གདན་ལ་བཞུགས་པར་གྱུར། ན་མོ་གུ་རུ་བྷྱཿ དབུས་སུ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན། ན་མོ་བཛྲ་པཱ་ཎི་མཎྜ་ལ་དེ་བེ་བྷྱཿ ཤར་དུ་ཡི་དམ། ན་མོ་བུདྷ་ཡ། ལྷོར་སངས་རྒྱས། ན་མོ་དྷརྨཱ་ཡ། ནུབ་ཏུ་དམ་ཆོས། ན་མོཿསདྒྷ་ཡ། བྱང་དུ་དགེ་འདུན་རྣམས་སོ། །ཕྱོགས་བཅུའི་སངས་རྒྱསཐམས་ཅད་དང༌། །དཀྱིལ་འཁོར་གསང་བའི་ལྷ་ཚོགས་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །སྒོ་གསུམ་དད་པས་ཕྱག་


TNT13_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ཎི་མཎྜལ་དེ་བེ་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱ་ཏྱཾ་ཨཉྩ་མ་ནཾ། མེ་ཏོག་སོགས་ལ་སྔགས་ཀྱི་མགོ་འདྲ་བ་ལ། བཛྲ་པུཥྤེ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ། བཛྲ་དྷུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནྱཻ་ཝེ་ཏེ། ཤཔྟ༴ ཞེས་སྦྱོར། སངས་རྒྱས་ཆོས་དང་དགེ་འདུན་ལ། །མཆོད་པ་བླ་ན་མེད་པས་མཆོད། །འཁོར་བ་ཐོག་མ་མེད་པ་ནས། །འཚམས་མེད་ལྔ་དང་ཉེ་བ་ལྔ། །མི་དགེ་བཅུ་དང་ལྕི་བ་བརྒྱད། ཁ་ན་མ་ཐོ་ལ་སོགས་པ། །འཕགས་པའི་ཚོགས་ལ་སོ་སོར་བཤགས། །འཇིག་རྟེན་དགེ་བཅུ་ཇི་སྙེད་དང༌། །ཉན་ཐོས་རང་རྒྱལ་དགེ་འདུན་བཅས། །རྒྱལ་བ་སྲས་བཅས་འགྲོ་དོན་མཛད། །དེ་དག་ལ་ནི་ཡི་རང་ངོ༌། །ཕྱོགས་བཅུའི་སངས་རྒྱས་ཞིང་ཁམས་ན། །མངོན་པར་རྫོགས་པར་སངས་རྒྱས་ནས། །རིང་པོ་མ་ལོན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འཁོར་བ་ཇི་སྲིད་མ་སྟོངས་པར། །མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་བཅུ་ཇི་སྙེད་སྤྱོད་པ་དང༌། །བསྡུ་བའི་དངོས་པོ་བཞི་རྣམས་དང༌།ཕ་རོལ་ཕྱིན་པ་བཅུ་ལ་སོགས། །བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །བདག་གི་ལུས་འདི་ཇི་སྲིད་དུ། །ལེན་པ་རྡོ་རྗེ་སློབ་དཔོན་དང༌། །འཁོར་ལོ་ཆེན་པོའི་ལྷ་ཚོགས་དང༌། །སངས་རྒྱས་སྲས་དང་བཅས་པ་ལ། །བདག་ཡིད་དང་བས་དབུལ་བར་བགྱི། །རྐང་གཉིས་


TNT13_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་སངས་རྒྱས་དང༌། །འདོད་ཆགས་བྲལ་བའི་ཆོས་རྣམས་དང༌། །ཚོགས་ཀྱི་ཞིང་གྱུར་དགེ་འདུན་ལ། །དད་པའི་སེམས་ཀྱིས་སྐྱབས་སུ་མཆི། །བྱང་ཆུབ་མཆོག་གི་རང་བཞིན་ཅན། །སེམས་ཅན་ཀུན་ལ་ཁྱབ་པར་གནས། །མ་རྟོགས་འཁོར་བར་འཁྱམས་པ་རྣམས། །དེ་དག་དོན་དུ་སེམས་བསྐྱེད་དོ། །དུས་གསུམ་སངས་རྒྱས་སྲས་བཅས་པས། །བསླབ་དང་སློབ་པར་འགྱུར་བ་ཡི། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང༌། །སྡོམ་པའི་ཚུལ་ཁྲིམས་ལྡན་པ་དང༌། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་རྣམས། །ཡང་དག་བླངས་ཏེ་གནས་པར་བགྱི། །དུས་འདི་ཉིད་ནས་བཟུང་ནས་ནི། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་ཀུན་དང་ལྡན་པར་ནི། །དུས་ཀུན་དུ་ནི་བདེ་བར་མནོས། །སོ་སོའམ་བྲེང་ཆགས་སུ་ལན་གསུམ་མོ། །རྒྱས་པ་ལ་དགའ་ན། མཎྜལ་དང་མཆོད་པ་བཤམ། བསངས་སྦྱངས། བྱིན་རླབས་མཆོད་པའི་ཚིགས་བཅད་སོགས་ཀྱང་བརྗོད་དོ། །སེམས་ཅན་ཐམས་ཅད་བདེ་བ་དང་༴ ཞེས་པ་ནས། གནས་པར་གྱུར་ཅིག་གི་བར་ཚད་མེད་བཞི་སྤྱི་མཐུན་ལྟར་འདོན། ཨོཾ་ཤུནྱ་ཏ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། ལན་གསུམ། དེ་དག་ནི་སྔོན་འགྲོའོ། །སྟོང་པའི་ངང་ལས་རང་སེམས་ཧཱུཾ་ཡིག་མཐིང་ནག་ནམ་མཁར་གནས་པར་གྱུར། དེ་ལས་རཾ་ཆད་པ་ལ་ཉི་མའི་དཀྱིལ་འཁོར། ཧཱུཾ་ཆད་པ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར།


TNT13_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ལྗང༌། ལྟེ་བ་མཐིང་ནག་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རྡོ་རྗེའི་ས་གཞི་རྭ་བ་དྲ་བ་གུར་བླ་རེ་ཕྱི་རོལ་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ། གཞུང་ལས། རླུང་དང་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་སྲུང་འཁོར་བསྒོམ་པར་བཤད་ཀྱང་ད་ལྟ་ལག་ལེན་ལ་མི་མཛད་དོ། །ཡང་ཧཱུཾཿལས་ཨེ་ཆད་པ་ལས་ཆོས་ཀྱི་འབྱུང་གནས་ཕྱི་དཀར་ལ་ནང་དམར་བ་གདེངས་ཀ་གྱེན་དུ་བསྟན་པ། རྒྱ་ཁྱོན་དཔག་ཏུ་མེད་པར་གྱུར། ཧཱུཾ་ལས་ཡཾ་རཾ་བཾ་ལཾ་རྣམས་ཆད་ཆོས་འབྱུང་གི་ནང་དུ་རིམ་པས་འཁོད། ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་མེ་ལྕེ་གསུམ་གྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེ་ཕྱེད་པ་བཞིས་མཚན་པའོ། །འདིར་བླ་མ་སྨར་ཆེན་པོ་འབྱུང་བཞིན་ལུགས་ཟློག་ཏུ་བཞེད་དོ། །འདི་ཉིད་ཀྱི་གཞུང་ལས། ལུགས་འབྱུང་ལུགས་ཟློག་གཉིས་ཀ་མི་གསལ་མོད། གཞལ་ཡས་ཁང་གི་གདན་མ་ཡིན་པར་རྒྱུར་གཏོང་བའི་རིགས་ལ་ལུགས་འབྱུང་ལུགས་ཟློག་གང་བྱས་ཀྱང་མི་འགལ་ཞིང༌། །བླ་མའི་མན་ངག་ཉིད་ཀྱི་ཕྱིར་གཉིས་ཀར་རུང་ངོ༌། །ནམ་མཁའི་ཧཱུཾ་ལས་བྷྲུཾ་ཞིག་ཆད་དེ། འབྱུང་བ་བཞི་ལ་ཐིམ། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། རྟེན་གྱི་དཀྱིལ་འཁོར་གཞལ་མེད་ཁང་རྗེས་འབྲང་དང་བཅས་


TNT13_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲུབ་པ་ནི། སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེགས་བུ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞིའི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དུ་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། རིན་པོ་ཆེའི་ཕ་གུ་སེར་པོ་དང༌། དྲ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་ཀྱིས་བསྐོར་བ། རྩིག་པའི་ཕྱི་རོལ་གྱི་འགྲམ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་གཟུངས་མ་རྣམས་འཁོད་པ། སྒོ་ཁང་རྣམས་ཀྱི་སྟེང་དུ། ཟུར་བཞི་ནས་ཀ་བ་རྣམས་ཀྱིས་བཏེགས་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་འཁོར་ལོ་དང༌། གདུགས་དང༌། རི་དྭགས་ཀྱི་གཟུགས་བརྙན་དང་བཅས་པ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་གཙང་ཁང་ཕྱུར་བུར་གྱུར་པའི་དབུས་ཀྱི་རྩེ་མོ་རྡོ་རྗེ་རིན་པོ་ཆེ་ཏོག་གིས་བརྒྱན་པ། འོག་གཞི་ཉི་མའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཁོར་ཡུག་ནག་པོ་རིམ་པ་གཉིས་ཀེང་རུས་ཀྱི་འཕྲེང་བས་བརྒྱན་པའི་བར་སྟོངས་ཀྱི་གཞི་ལ་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། སྤྲྀན་དང༌། མེ་དང༌། ཆུ་དང༌། མཆོད་རྟེན་དང༌། ཀླུ་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། རོ་དང༌། རོ་ལངས་དང༌། ཤ་ཟ་དང༌། སྲིན་པོ་དང༌། བྱ་དང་གཅན་གཟན་སྣ་ཚོགས་


TNT13_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡོངས་སུ་གང་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའོ། །རྒྱན་གྱི་རྣམ་པ་ཐམས་ཅད་དང་ལྡན་པའི་གཞལ་མེད་ཁང་ཆེན་པོའི་ནང་གི་ལྷ་རྣམས་ཤར་དཀར། ལྷོ་སེར་ནུབ་དམར། བྱང་ལྗང༌། དབུས་སྔོ་བའི་སྟེང་དུ་འཁོར་ལོ་སྔོན་པོ་རྩིབས་བཞི་པ། མུ་ཁྱུད་ལ་གྲི་གུག་དང༌། ཐོད་སྐམ་གྱི་འཕྲེང་བས་བསྐོར་པ། འཁོར་ལོའི་ལྟེ་བར་སྣ་ཚོགས་པདྨའི་སྟེང་དུ་གཡས་སུ་ཚངས་པ་དཀར་པོ་དང༌། གཡོན་དུ་བརྒྱ་བྱིན་སེར་པོ་ཁ་བུབ་ཏུ་གནས་པ། དེ་གཉིས་ཀྱི་སོགས་ཕྲག་ཏུ་གཡས་སུ་ཟླ་བ་དང་གཡོན་དུ་ཉི་མའོ། །འཁོར་ལོའི་རྩིབས་རྣམས་ལ་ཤར་དུ་དྲི་ཟ་ཕོ་མོ། ལྷོར་གཤིན་རྗེ་ཕོ་མོ། ནུབ་ཏུ་ཆུ་བདག་ཕོ་མོ། བྱང་དུ་གནོད་སྦྱིན་ཕོ་མོ་རྣམས་ཁ་བུབ་བྱིན་བཅིངས་སུ་བསྣོལ་བའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རེ་རེའོ། །སྒོ་བཞིའི་སྒོ་ཕུགས་ཀྱི་ནང་གཡས་དང་གཡོན་དུ་ཟླ་བའི་གདན་རེ་རེའང་གྲུབ་པར་གྱུར། དབུས་ཀྱི་གདན་གྱི་སྟེང་དུ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ གཡས་སྐོར་དང་གཡོན་སྐོར་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་སྟེང་དུ་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ཝ་ལ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། གཡས་སྐོར་དང་གཡོན་སྐོར་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཉི་མའི་


TNT13_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ནམ་མཁར་གནས་པའི་རང་སེམས་ཧཱུཾ་ཡིག་སྒྲ་དང་བཅས་བཞིན་དུ་ནམ་མཁའ་ནས་བབས་ཏེ། ཟླ་ཉིའི་བར་དུ་བཞུགས། དེ་ལས་ཐོད་པ་དུམ་བུ་གཅིག་པ། དཔྲལ་བ་ལ་ཨཾ་ཡིག་གིས་མཚན་པ། དེའི་ནང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཐོད་པར་ཕྱེད་ཙམ་ནུབ་པའི་ལྟེ་བར་ཧཱུཾ་གིས་མཚན་པ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སོ། །དེ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཚུར་འདུས། རྡོ་རྗེ་ཐོད་པ་ས་བོན་དང་བཅས་པ་ལ་ཐིམ་པ་ནི། བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །ཉི་ཟླ་ས་བོན་ཕྱག་མཚན་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་ལས། སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཡང་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་ཞིང་བྱིན་གྱིས་རླབས་པ། སྐུ་མདོག་མཐིང་ནག་དུས་མཐའི་སྤྲིན་དང་མཚུངས་ཤིང༌། གློག་འཕྲེང་ལྟར་རྣོ་ཞིང་ཚ་བའི་ཁ་རླངས་འབྱིན་པ། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་མཐིང་ནག་ཤིན་ཏུ་ཁྲོས་ཤིང་རྔམ་པ། ཨ་ལ་ལའི་གད་རྒྱངས་འབྲུག་སྒྲ་ལྟར་སྒྲོག་པ། གཡས་ཞལ་དཀར་པོ་ཡིད་ཙམ་འཛུམ་ཞིང་བཞད་པ། གཡོན་ཞལ་དམར་པོ་ཡ་སོས་མ་མཆུ་མནན་ཞིང་


TNT13_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མ་རུངས་པ་རྣམས་ཞེ་ལ་མནན་པ། ཞལ་རེ་རེ་ལ་མེ་སྟག་གི་ཕུང་པོ་ལྟར་དམར་བའི་སྤྱན་གསུམ་གསུམ་དང༌། མི་བཟད་པའི་མཆེ་བ་རྣོན་པོ་བཞི་བཞི་གཙིགས་པ། ཟླ་བ་ཉ་གང་བ་ལྟར་རབ་ཏུ་རྒྱས་པའི་བཞིན་གྱི་དཀྱིལ་འཁོར་ཁྲོ་གཉེར་བསྡུས་ཤིང༌། སྨ་ར་ཨག་ཚོམ་སྨིན་མ་མེ་ལྟར་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་རྩེ་མོར་རྡོ་རྗེས་བརྒྱན་པ། ཕྱག་དྲུག་གི་གཡས་ཀྱི་དང་པོས་འབར་བའི་རྡོ་རྗེ་རྩེ་ལྔ་པ་རྭ་གདེངས་པ་འཕྱར་ཞིང་གསོར་བ། གཡོན་དང་པོ་སྡིགས་མཛུབ་ཀྱིས་གདུག་པ་ཅན་མ་ལུས་པ་སྡིགས་ཤིང་གསོད་པ། ཕྱག་བར་པ་གཉིས་ཡུམ་ལ་འཁྱུད་ཚུལ་གྱི་ཐལ་མོ་བརྡབས་པས་རི་རབ་གཞིག་ཅིང༌། བདུད་ཀྱི་འཇིག་རྟེན་མཐའ་དག་རླག་པར་མཛད་པ། ཕྱག་ཐ་མ་གཉིས་ཀྱིས་ཀླུ་རྒྱལ་གདུག་པ་སྦྲུལ་ནག་པོའི་གཟུགས་ཅན་རེ་རེ་སྐེད་པ་ནས་བཙིར་ཏེ། སྟ་ཟུར་གཡས་གཡོན་གྱི་ཐད་ཀ་ནས་འཛིན་ཞིང་མགོ་བོ་རྩ་ཞལ་དུ་གསོལ་ནས་མཇུག་མ་ཞབས་གཉིས་ཀྱིས་འོག་ཏུ་མནན་པ། སྐུ་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ། ཞབས་གཡས་བསྐུམ་པས་ཚངས་པ་དང་ཟླ་བ་མནན་ཞིང༌། གཡོན་བརྐྱང་བས་བརྒྱ་བྱིན་དང་ཉི་མ་བརྫིས་པ། སྟག་གི་པགས་པའི་སྨད་དཀྲིས་བརླའི་སྟེང་དུ་འཕྱང་ཞིང༌། དར་སྔོན་པོའི་སྟོད་གཡོགས་ཅན། ནོར་རྒྱས་དང་དུང་སྐྱོང་རྒྱལ་རིགས་སེར་པོས་དབུ་རྒྱན།


TNT13_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་དང་གཉེན་དགའ་རྗེ་རིགས་དམར་པོས་སྙན་ཆ། པདྨ་དང་ཆུ་ལྷ་བྲམ་ཟེའི་རིགས་དཀར་པོས་དཔུང་རྒྱན། སྟོབས་རྒྱུ་དང་རིགས་ལྡན་དམངས་རིགས་ནག་པོས་ཚངས་སྐུད་དང༌། སྐེ་རགས་བྱས་པ་སྟེ་གདུག་པའི་སྦྲུལ་རྣམས་ཀྱིས་སྐུ་ལ་བརྒྱན་པའོ། །ཐོད་སྐམ་གྱི་དབུ་རྒྱན། མི་མགོའི་དོ་ཤལ། རིན་པོ་ཆེའི་ཅོད་པན་ལ་སོགས་པ་ཆ་བྱད་ཐམས་ཅད་ཡོངས་སུ་རྫོགས་པ། བསྐལ་པའི་མེ་ལྟ་བུའི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེ་ལྟར་རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཀར་ཉི་མའི་གདན་ལ་སངས་རྒྱས་ཀྱི་གོས་སྔོན་ཅན་མི་བསྐྱོད་པ་སྔོན་པོ། གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པས་བཞེངས་པ་ནི་ཡེ་ཤེས་སེམས་དཔའོ། །དེའི་ཡང་ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་མེ་འབར་བ་ནི། ཏིང་ངེ་འཛིན་སེམས་དཔའོ། །གཙོ་བོ་བཅོམ་ལྡན་འདས་ཀྱི་པང་དུ་ཡུམ་ལྷ་མོ་མཛེས་ལྡན་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཁྲོ་མ་འཛུམ་གྱི་རྣམ་པ་ཅན། ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁའ་ལ་འཕྱར་ཞིང༌། གཡོན་ཐོད་པ་དམར་གྱིས་གང་བ་འཛིན་པས་གཙོ་བོའི་མགུལ་ནས་འཁྱུད་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང་སྤྱན་གསུམ་པ། རུས་པའི་རྒྱན་དྲུག་དང་ལྡན་པ། ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་


TNT13_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། ཞབས་གཡས་བརྐྱང་ཞིང༌། གཡོན་ཡབ་ཀྱི་སྐུ་ལ་འཁྲིལ་བ། བདེ་བ་ཆེན་པོའི་དགའ་བས་བརྒྱན་པའོ། །དེ་ནས་འཁོར་གྱི་ལྷ་ཚོགས་སྤྲོ་བར་བྱ་སྟེ། ཡབ་ཀྱི་གསང་གནས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་ཞིང་རྩེ་མོར་ཕཊ་ཀྱིས་བརྒྱན་པ། ཡུམ་གྱི་མཁའ་ཨཿལས་བྱུང་བའི་པདྨ་དམར་པོ་འདབ་མ་གསུམ་པ་ཨཿཡིག་གིས་མཚན་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་བསྐུལ་བས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། མཁའ་དབྱིངས་གང་བའི་སངས་རྒྱས་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲང་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། ཐུགས་ཀར་རྗེས་ཆགས་ཀྱི་མེས་ཡོངས་སུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ་བྱང་ཆུབ་ཀྱི་སེམས་དཀར་ལ་དམར་བའི་མདངས་ཅན་གྱི་ཕུང་པོར་གྱུར། དེ་ཉིད་ཆ་བཅུ་དྲུག་པ་གཉིས་སུ་གྱུར། ཆ་བརྒྱད་ཐིག་ལེ་དཀར་དམར་ཉི་ཟླ་ཁ་སྦྱོར་གྱི་རྣམ་པ་བཞིར་གྱུར། ཆ་བཞི་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང༌། བཞི་ཡོངས་སུ་གྱུར་པ་ལས་ཐོད་པར་གྱུར། ཐོད་ཁྲག་གི་ནང་དུ་རྡོ་རྗེ་ཕྱེད་ནུབ་ཙམ་ཆ་བཞི་མཁའ་ནང་ནས་ཕྱིར་སྤྲོས་ཏེ། འཁོར་ལོའི་རྩིབས་བཞི་ལ་འཁོད། ཨོཾ་བཛྲ་སྥ་ར་ཎ་ཧཱུཾ་ཕཊ། ལན་བརྒྱད། ཤར་དུ་ཁྲོ་བོ་ཆེན་པོ་བདུད་ལས་རྒྱལ་བྱེད་སྐུ་མདོག་དཀར་པོ་ཕྱག་བཞིའི་གཡས་ཀྱི་དང་པོ་རྡོ་རྗེ། གཡོན་དང་པོ་འཁོར་ལོའི་ལྟེ་བ་ནས་ཡར་བཏོན་པའི་མདུང་རྩེ་གསུམ་པ་འཛིན་པ་ལ། ཡུམ་འོད་ཟེར་ཅན་མ་དཀར་མོ་གཡས་


TNT13_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་གྲི་འཕྱར་ཞིང༌། གཡོ་ཐོད་ཁྲག་འཛིན་པས་འཁྱུད་པའོ། །ལྷོ་ཕྱོགས་སུ་ཁྲོ་བོ་གཟི་བརྗིད་མཐའ་ཡས་སྐུ་མདོག་སེར་པོ། ཕྱག་བཞིའི་གཡས་ཀྱི་དང་པོ་རྡོ་རྗེ་འཕྱར་ཞིང༌། གཡོན་རིན་པོ་ཆེས་མཚན་པའི་དབྱུག་པ་བསྣམས་པ། ཡུམ་མདངས་ལྡན་མ་སེར་མོ་གཡས་རྡོ་རྗེ་ཟངས་གྲི་དང༌། གཡོན་ཐོད་ཁྲག་འཛིན་པས་འཁྲུད་པ། གཤིན་རྗེ་ཕོ་མོ་ཞབས་ཀྱི་འོག་ཏུ་གནོན་པའོ། །ནུབ་ཏུ་ཁྲོ་བོ་རྔམ་པའི་སྒྲ་སྒྲོག་སྐུ་མདོག་དམར་པོ། ཕྱག་བཞིའི་གཡས་དང་པོས་རྡོ་རྗེ་འཕྱར་ཞིང༌། གཡོན་དང་པོས་པདྨ་དམར་པོ་དང་སྦྲུལ་ཞགས་འཛིན་པ། འདིར་པདྨ་དམར་པོས་མཚན་པའོ། །སྦྲུལ་ཞགས་ཞེས་ཕལ་ཆེར་འཆད་ཀྱང༌། སྦྲུལ་ཞགས་ལ་པདྨས་མཚན་པ་མི་བདེ་བས་དཀྱུས་ལྟར་བྱའོ། །ཡུམ་སྒྲ་དབྱངས་ཅན་མ་ལི་ཁྲིའི་མདོག་ཅན་གཡས་དགྲ་སྟ་དང༌། གཡོན་ཐོད་ཁྲག་འཛིན་པས་འཁྱུད་པ། ཆུ་ལྷ་ཕོ་མོ་ཞབས་ཀྱིས་གནོན་པ། བྱང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ཁུ། ཕྱག་བཞིའི་གཡས་དང་པོ་རྡོ་རྗེ་རྩེ་ལྔ་འཕྱར་ཞིང༌། གཡོན་དང་པོ་སྣ་ཚོགས་རྡོ་རྗེས་མཚན་པའི་བེ་ཅོན་འཛིན་པ། ཡུམ་རླུང་འབྱིན་མ་སྣ་ཚོགས་མདོག་ཅན་ནམ་ལྗང་ཁུ་ཕྱག་གཡས་འཁོར་ལོ་དང༌། གཡོན་ཐོད་ཁྲག་འཛིན་པས་འཁྱུད་པ། དེ་ལྟར་ཁྲོ་བོ་བཞི་པོ་ཐམས་ཅད་ཕྱག་འོག་མ་གཉིས་ཐུགས་ཀར་སྡིགས་མཛུབ་བསྣོལ་བའི་ཕྱག་རྒྱས་རང་རང་གི་ཡུམ་ལ་འཁྱུད་པ། སྟག་ལྤགས་ཀྱི་སྨད་དཀྲིས་དང། དར་སྔོན་པོའི་སྟོད་གཡོགས་དང༌། སྦྲུལ་


TNT13_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱན་དང༌། མི་མགོ་སྐམ་རློན་གྱི་དོ་ཤལ་ལ་སོགས་པ་རྒྱན་དང་ཆ་བྱས་བཅོམ་ལྡན་འདས་གསང་བའི་བདག་པོ་ཉིད་དང་མཚུངས་ཤིང༌། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །ཁྲོ་མོ་བཞི་པོ་རྣམས་ཀྱང་གཅེར་བུ་རུས་པའི་རྒྱན་ཅན་ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་འཕྱང་བ། གཡས་བརྐྱང་གི་སྟབས་ཀྱིས་རང་རང་གི་ཐབས་དང་སྦྱོར་བ་སོགས་ཆ་བྱད་ཐམས་ཅད་བཅོམ་ལྡན་འདས་མ་དང་མཚུངས་པའོ། །ཨོཾ་སྥ་ར་ཎ་ཧཱུཾ་ཕཊ། ལན་བརྒྱད་བརྗོད། མཁའ་ནང་དུ་གནས་པའི་ཐིག་ལེ་ཆ་ལྷག་མ་བརྒྱད་ཕྱིར་སྤྲོས་ཏེ། སྒོ་བཞིའི་ཟླ་བའི་གདན་རྣམས་སུ་འཁོད་པ་སྒོ་སྐྱོང་རྣམས་སུ་གྱུར་པ་ནི། ཤར་གྱི་སྒོ་ཁྱུད་ཀྱི་ནང་གི་གཡས་སུ་རྡོ་རྗེ་ལྕགས་ཀྱུ་དང༌། གཡོན་དུ་ལྕགས་ཀྱུ་མ་སྟེ་གཉིས་ཀར་ཡང་སྐུ་མདོག་དཀར་བ། ཕྱག་གཉིས་ལྕགས་ཀྱུ་བསྣམས་པའོ། །ལྷོའི་སྒོ་ཁྱུད་ཀྱི་ནང་གི་གཡས་སུ་རྡོ་རྗེ་ཞགས་པ་དང༌། གཡོན་དུ་ཞགས་པ་མ་སྟེ་གཉིས་ཀར་ཡང་སྐུ་མདོག་སེར་པོ་ཕྱག་གཉིས་ཞགས་པ་འཛིན་པའོ། །ནུབ་གྱི་སྒོ་ཁྱུད་ཀྱི་ནང་གི་གཡས་སུ་རྡོ་རྗེ་ལྕགས་སྒྲོག་དང༌། གཡོན་དུ་ལྕགས་སྒྲོག་མ་སྟེ་གཉིས་ཀར་ཡང་སྐུ་མདོག་དམར་བ་ཕྱག་གཉིས་ལྕགས་སྒྲོག་འཛིན་པའོ། །བྱང་གི་སྒོ་ཁྱུད་ཀྱི་ནང་གི་གཡས་སུ་རྡོ་རྗེ་དྲིལ་བུ་དང༌། གཡོན་དུ་དྲིལ་བུ་མ་སྟེ་གཉིས་ཀར་ཡང་སྐུ་མདོག་ལྗང་ཁུ། ཕྱག་གཉིས་དྲིལ་བུ་འཛིན་པ་དང༌། སྡིགས་མཛུབ་མཛད་པའོ། །དེ་


TNT13_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་སྟག་སྤགས་དང༌། སྦྲུལ་རྒྱན་ཅན་ཡབ་རྣམས་གཡོན་བསྐུམ་གཡས་བརྐྱང་དང༌། ཡུམ་རྣམས་གཡས་བསྐུམ་གཡོན་བརྐྱང་བས་གནས་པའོ། །སྒོ་སྐྱོང་འདི་རྣམས་ཁ་སྦྱོར་གྱི་སྐུ་ཅན་མ་ཡིན། ཡབ་ཡུམ་སོ་སོར་ཞལ་སྤྲོད་དུ་བཞུགས་པ་ཡིན། འདི་དག་ལ་ཐིག་ལེ་ལས་སོ་སོའི་ཕྱག་མཚན་དུ་གྱུར་ནས་བསྐྱེད་པའི་ལུགས་ཡོད་པ་ལྟར་བྱས་ཀྱང་འགལ་བ་མེད་དོ། །དེ་ལྟར་འཁོར་བཅོ་བརྒྱད་པོ་ཐམས་ཅད་ཀྱང་སྤྱན་གསུམ་པ་མཆེ་བ་གཙིགས་པ་ཁྲོ་གཉེར་བསྡུས་པ་སྐྲ་སེར་གྱེན་དུ་བརྫེས་པ། གར་གྱི་ཉམས་དགུ་དང་ལྡན་ཞིང༌། གདུལ་དཀའ་མ་ལུས་པ་འདུལ་བར་མཛད་པ། ཁྲོ་བོ་དང་ཁྲོ་མོའི་ཆ་བྱད་ཡོངས་སུ་རྫོགས་ཤིང་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་མཛད་པའོ། །དེ་དག་ནི་དམ་ཚིག་གི་དཀྱིལ་འཁོར་རོ། །དེ་ནས་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་གསང་བའི་བདག་པོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བྱོན་པ་དང༌། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་གཅིག་ཏུ་འདུས་པ་རྣམས་རོ་མཉམ་དུ་འདྲེས་ཏེ། དཔལ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་དུ་གྱུར་པ་བཛྲ་ས་མ་ཛཿ མ་ལུས་སེམས་ཅན༴ ནས། བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་༴ ཞེས་པ་ནས། མཆོད་པ་བླ་ན་མེད་པས་མཆོད་ཀྱི་བར། གོང་ཚོགས་ཞིང་གི་སྐབས་ལྟར་ཕྱག་མཆོད་བྱ། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཛཿཧཱུཾ་བཾ་ཧོཿ གཉིས་


TNT13_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པར་ཐིམ། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུཾ་མཐིང་ནག་གོ །དེ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་བསྡུས་ཏེ། གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལ་ཐིམ། ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་སངས་རྒྱས་ཐམས་ཅད་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པས་རྣམ་པར་ཨོཾ་བཛྲ་ས་མ་ཛཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ༴ སོགས་ཉེར་སྤྱོད་ལྔས་མཆོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ལ་རིགས་ཤེས་པར་བྱ་བའི་ཕྱིར་དབང་བསྐུར་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་མཚན་མ་དང་ལྷན་གཅིག་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཕྱག་ཏུ་བསྣམས་པའི་དབང་གི་ལྷ་རྣམས་ཀྱིས་ཨོཾ་ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ལྷ་རྣམས་ཀྱྀས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲེ་ཡེ་ཧཱུཾ། ཞེས་གསུངས་ཤིང༌། དབང་བསྐུར་བས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་སྐུ་ལུས་གང༌། སྒོ་གསུམ་གྱི་དྲི་མ་ཐམས་ཅད་སྦྱངས།


TNT13_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་ཐམས་ཅད་ལ་དབང་རྟགས་སུ་རྒྱལ་བ་མི་བསྐྱོད་པ་རེ་རེས་དབུ་རྒྱན་པར་གྱུར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། གསལ་ཞིང་དྭངས་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། ཞེས་བརྗོད་ལ། དཀྱིལ་འཁོར་གྱི་ལྷ་རྣམས་སྣང་སྟོང་གཉིས་སུ་མེད་པར་ཐོས། ཡང་ཚོགས་ཞིང་གི་སྐབས་བཞིན། ཨརྒྷཾ྄༴ ནས་ཤབྷའི་བར་གྱི་མཆོད་པ་ཕུལ། ཧཱུཾ་དེ་ནས་གསང་བའི་དཀྱིལ་འཁོར་འདིར། །རྡོ་རྗེ་མེ་དཔུང་འོད་དང་ལྡན། །དེ་ཉིད་མཁའ་དང་འབྱུང་བ་ལས། །དུར་ཁྲོད་བརྒྱད་དང་ལྡན་པའི་གནས། །ཧཱུཾ་ཐབས་དང་ཤེས་རབ་སྦྱོར་བ་ཡི། ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པའི། །འཁོར་ལོའི་བདག་པོར་ཕྱག་འཚལ་བསྟོད། ཐབས་དང་སོགས་ཚིགས་རྐང་གོང་མ་གཉིས་འདྲ་བ་ལས། དྲི་ཟ་གདུག་པ་འདུལ་མཛད་པའི། །བདུད་ལས་རྒྱལ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གདུག་པ་འདུལ་མཛད་པའི། །རྡོ་རྗེ་གཟི་བརྗིད་ཕྱག་འཚལ་བསྟོད། །ཆུ་ལྷ་གདུག་པ་འདུལ་མཛད་པའི། །རྔམ་པ་སྒྲ་སྒྲོག་ཕྱག་འཚལ་བསྟོད། །གནོད་སྦྱིན་གདུག་པ་འདུལ་མཛད་པའི། །རྡོ་རྗེ་ལས་ལ་ཕྱག་འཚལ་བསྟོད། །ཧཱུཾ་འབྱུང་བ་ལྔའི་བདག་ཉིད་ཆེ། །མཛེས་ལྡན་འོད་ཟེར་ཅན་མ་དང༌། །མདངས་ལྡན་སྒྲ་དབྱངས་རླུང་འབྱིན་ཏེ། །སྐྱེད་བྱེད་ལས་ཀུན་


TNT13_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལ་བསྟོད། །བཀའ་ཉན་ཕོ་ཉ་ལས་མཛད་པ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །འགུགས་ཤིང་སྡུད་དང་སྡོམས་དང་འཛིན། །མཐའ་འདུལ་ལས་ཀུན་སྒྲུབ་ལ་བསྟོད། ནང་མཆོད་དམིགས་ནས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུ་ཊ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་སྦྱངས། སྟོང་པའི་ངང་ལས་འོག་ཏུ་ཡཾ་ལས་རླུང་དེའི་སྟེང་དུ་རཾ་ལས་མེ། དེའི་སྟེང་དུ་ཀཾ་ལས་ཐོད་སྐམ་གྱི་སྒྱེད་པུ་གསུམ། དེའི་སྟེང་དུ་ཨཱཿལས་ཐོད་པ་དུམ་བུ་གཅིག་པ། ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤར་དུ་གོ་ལས་བ་གླང་གི་ཤ ལྷོར་ཀུ་ལས་ཁྱིའི་ཤ ནུབ་ཏུ་ད་ལས་གླང་པོ་ཆེའི་ཤ བྱང་དུ་ཧ་ལས་རྟའི་ཤ དེ་རྣམས་ཀྱི་སྟེང་ན། ཤར་དུ་བེ་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱངདུ་མ་ལས་ཀླད་པ་རྣམས་ཡེ་ཤེས་ལྔའི་ངོ་བོ། དེ་རྣམས་ཀྱི་སྟེང་དུ་ཨོཾ་མགོ་བོ་ཐུར་དུ་བསྟན་པ། དེའི་སྟེང་དུ་ཨ་ལས་བྱུང་བའི་ཟླ་བ་ལ་གནས་པའི་རྡོ་རྗེ་ཧཱུཾ་གིས་མཚན་པ། ཧཱུཾ་དེ་ལས་འོད་ཟེར་འོག་ཏུ་འཕྲོས། རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བ་ཁ་དོག་དམར་པོར་གྱུར། ཡང་ཧཱུཾ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། རྡོ་རྗེ་ཧཱུཾ་ལྡན་ལ་ཐིམ། དེ་ཟླ་བ་ལ་ཐིམ། དེ་ཨོཾ་ལ་ཐིམ། ཨོཾ་ཡིག་དམ་རྫས་ལ་ཐིམ་པས་ཁ་དོག་དྲི་


TNT13_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ནུས་མཐུ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ལན་མང་དུ་བརྗོད། སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་ཞལ་དུ་ཨི་དམ་ཨ་མྲྀ་ཏ་མཧཱ་སྭ་ད་ཧཱུཾ། ཕྱག་ན་རྡོ་རྗེ་མཁའ་འགྲོ་སེང་གདོང་མ། །གྲུབ་ཐོབ་ས་བ་རི་དང་ཛ་བ་རི། །དེ་བ་པུརྞ་གར་ལོ་ཆོས་ཀྱི་བཟང༌། །རིན་ཆེན་དངོས་གྲུབ་སྨར་སྟོན་ཆོས་རྒྱལ་དང༌། །སྒང་སྟོན་ཤེར་བླ་ཇོ་སྲས་ཤེར་འབུམ་དང༌། །ཤུག་སྦུག་སྔགས་འཆང་[ཁྲུ་སྟོན་ཤེས་རབ་གྲུབ་ཟེར]གྲུ་སྟོན་རྡོ་རྗེ་སེང༌། །བཅོམ་ལྡན་རིག་རལ་ཞང་སྒོམ་ཞིག་[རིན་རྒྱལ]པོ་དང༌། སངས་རྒྱས་[འཇམ་དབྱངས]དཔལ་དང་ཀུན་མཁྱེན་དགེ་འདུན་བཟང༌། རྒྱུད་འཛིན་སངས་རྒྱས་བྲག་དཀར་སེམས་དཔའ་དང༌། བསོད་ནམས་རྒྱལ་མཚན་རྗེ་བཙུན་རྡོ་རིངས་དབོན། །རྩ་བའི་བླ་མ་དཀྱིལ་འཁོར་འཁོར་ལོའི་མགོན། །འཁྲིད་ལུང་བཤད་རྒྱུད་བླ་མ་རྣམས་ལ་མཆོད། ཨི་དམ༴ སོགས་སྦྱར། ཡང་ཆོས་ཀྱི་བཟང་༴ ཞེས་པའི་རྗེས་ལ། གཤེན་རིགས་སྟོན་པ་རིན་ཆེན་དངོས་གྲུབ་དང༌། །ཆོས་ཀྱི་རྒྱལ་མཚན་ཤེས་རབ་རྡོ་རྗེ་དང༌། །ཐུབ་པ་ཤེས་རབ་བརྩོན་འགྲུས་སེང་གེ་དང༌། །ཆོས་རྒྱལ་ཤེས་རབ་གྲུབ་སྟེ་སྨར་སྟོན་དྲུག །རིན་ཆེན་སེང་གེ་མཁས་མཆོག་རིན་ཆེན་གྲུབ། །རྒྱལ་བ་ཆོས་གྲུབ་བཀའ་བཞི་རིན་རྒྱལ་བ། །དཀོན་མཆོག་དཔལ་བཟངདོན་གྲུབ་རྒྱལ་མཚན་དང༌། །བཀྲ་ཤིས་རྒྱལ་མཚན་དཔལ་ལྡན་ཆོས་བཟང་སོགས། དབང་རྒྱུད་བླ་མ་རྣམས་ལ་མཆོད་པ་


TNT13_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། ཡང་བརྩོན་འགྲུས་སེང་གེའི་རྗེས་ལ། ཆོས་ཀྱི་རྒྱལ་པོ་ཞེས་ཏེ་སྨར་སྟོན་ལྔ། །གན་ཆག་དབང་རྒྱལ་མཇིམས་ཆེན་རྒྱལ་མཚན་དཔལ། །ཀུན་མཁྱེན་ཆེན་པོ་ས་བཟང་པཎ་ཆེན་སོགས། །བྱིན་རླབས་བརྒྱུད་པ་རྣམས་ལ་མཆོད་པ་འབུལ། བརྒྱུད་པ་འདིའི་འཕྲོས་འཁྲིད་དང་ཚིག་བརྒྱུད་ནི་འཕགས་པ་ཀུན་བཟང། བྲག་དཀར་བྱང་སེམས། སེམས་དཔའ་བསོད་ནམས་རྒྱལ་མཚན། མཁན་ཆེན་བཀྲ་ཤིས་རྣམས། རྗེ་བཙུན་གྲོལ་མཆོག རྗེ་ལྷ་དབང་གྲགས་པ་རྣམས་སོ། །ཨོཾ་ནཱི་ལམྦར་དྷ་ར་བཛྲ་པཱ་ཎི་ཧྲི་ད་ཡ་མཧཱ་ཀྲོ་དྷཱ་སཏྭ་ཧཱུཾ་ཧཱུཾ་ཕཊ། ཨི་དམ༴ སོགས་སོ། འདི་ཉིད་ཀྱི་རྫོགས་རིམ་དངོས་རྣམས་སྒོམ་པར་འདོད་ན་སྐབས་འདིར་བསྒོམ། བཟླས་པ་ནི།ཏདྱ་ཐཱ། བྷོ་བྷོ་པ་ན་ནཱ་ག་པ་དྷི་པ་ཏ་ཡེ་ཨི་དམ་ནཱི་ལཱ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཏ་ཡཾ་ཡ། ས་མ་ཏི། ཀྲ་མ་ཏི། ཨུཏ་པ་དཱ་ནཾ། བྷ་ཝི་ཥྱ་ཏི་ཧཱུཾ་ཧཱུཾ། ཞེས་པ་འདི་གཙོ་བོའི་རྒྱུན་སྔགས་སོ། །ཨོཾ་པ་ར་ཀྲ་མཱ་ཡ་ཕཊ། ཀྲི་ཏཱན་ཏ་ཡ་ཕཊ། ཀྲི་ཏཱན་ཏ་རུ་པཱ་ཡ་ཕཊ། རོ་ཥ་ཎ་ཡ་ཕཊ། །བི་དྷ་ར་ཎཱ་ཡ་ཕཊ། ཀྲོ་དྷ་སཏྭ་ནཱ་ཡ་ཕཊ། ནཱི་ལ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་ཡ་ཕཊ། དེ་དག་ནི་ཁྲོ་བོ་ཡབ་བཞི་ཡུམ་བཞིའོ། །ཨོཾ་ཧ་ར་ཧ་ར། དྷ་ར་དྷ་ར། པྲ་ཧ་ར་པྲ་ཧ་ར། མཱ་ར་ཡ་མཱ་ར་ཡ། ཧཱུཾ་ཕཊ། སྒོ་བ་བཞིའི་འོ། །ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷཱ། །ཧ་ས་ཧ་ས། ནཱ་ཤ་ཡ་ན་ཤ་ཡ་ཧཱུཾ་ཕཊ། སྒོ་མ་བཞིའི་སྔགས་ཏེ། བསྙེན་པའི་སྐབས་གཙོ་བོ་ལ་བཞི་འབུམ། འཁོར་ལ་བཞི་ཁྲི། ཞེས་འཆད་པ་དང༌། ཡང་དཀྱིལ་འཁོར་འབྲི་བ་སོགས་ཀྱི་དོན་ལ། གཙོ་བོ་ལ་བཞི་ཁྲི།


TNT13_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་བཞི་སྟོང་གིས་ཀྱང་ཆོག་པར་འདོད་པའང་ཡོད་མོད་ཀྱང༌། སྔར་དཀྱིལ་འཁོར་གཞན་གྱི་བསྙེན་པ་མ་སོང་ན་བཞི་འབུམ་ཉིད་བཟླ་བ་ལེགས། ཡང་བསྙེན་པའི་དུས་གཙོ་བོའི་རྒྱུན་བཟླས་ཁོ་ན་བྱེད་ཅིང༌། བསྙེན་སྒྲུབ་སྒྲེལ་བའི་དུས་གཙོ་འཁོར་སྒྲགས་ཏེ་བཟླའོ་ཞེས་འདོད་པའང་ཡོད་མོད་ཀྱི། ལག་ལེན་དུ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མཧཱ་ཀྲོ་དྷ་སཏྭ་ཧཱུཾ་ཕཊ། ཅེས་པའི་ཉེ་སྙིང་བཞི་ཁྲི་སོགས་ཇི་ལྟར་འོས་པ་སྔོན་དུ་འགྲོ་བའི་སྒོ་ནས། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧྲྀ་ད་ཡ་མཧཱ་ཀྲོ་དྷ་སཏྭ་ཧཱུཾ་ཕཊ། ཅེས་པ་ལ་འབྲུ་འབུམ་སོང་ན་རབ། མ་ཐ་ཡང་བཞི་འབུམ་བཟླའོ། །དེ་ནས་གཙོ་བོའི་རྒྱུན་སྔགས་ཀྱང་བཞི་འབུམ་མམ་བཞི་ཁྲི་སོགས་བཟླས་ཀྱང་ལེགས་མོད་ཀྱི། དེ་བས་ཀྱང་རྩ་སྔགས་ཡོངས་རྫོགས་ཉིད་བཟླ་བ་བཟང་སྟེ། བཟླས་པའི་གཙོ་བོ་སྙིང་པོ་དང་རྩ་སྔགས་གང་རིགས་ཤིག་ལ་བྱེད་རྒྱུ་ཡིན་པས་སོ། །དེ་ལ་རྩ་སྔགས་ནི། ཏདྱ་ཐཱ། བྷོ་བྷོ་པ་ན་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དམ་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲི་ད་ཡཾ་ཡ། ས་མ་ཏི་ཀྲ་མ་ཏི། མ་ཀུ་ལ། ཨུཏ་པ་ཏ་ནཾ། བྷ་ཝི་ཥྱ་ཏི། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཏི་ཀྲ་མ་ཐཱ། ཧ་ར་ཧ་ར་ནཱ་ག་ནཱཾ། པྲ་ཧ་ར་པྲ་ཧ་ར་ནཱ་ག་ནཱཾ། ཚིནྡྷ་ཚིནྡྷ་ནཱ་ག་ཧྲི་ད་ཡ་ནི། བྷིན་དྷ་བྷིན་དྷ་ནཱ་ག་མརྨ་ཎི་བི་ཤིརྻཱནྟུ། ནཱ་ག་ཤ་རཱི་ར་ཎི། བི་སྥོ་ཊ་ཡ་ནཱ་ག་ནཱ་ཡ་ནི། ཏདྱ་ཐཱ་ཧཱུཾ་ཕཊ། ནཱ་ག་བི་ར་ཆ་ཡ་ཧཱུཾ་ཕཊ། ནཱ་ག་ཨུད་ས་ད་ན་ཡ་ཧཱུཾ་ཕཊ། ནཱི་ལ་བ་ས་ན་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རི་ཀྲ་མ་ཡ་ཧཱུཾ་ཕཊ། ཀྲི་ཏན་ཏཱ་ཡ་ཧཱུཾ་ཕཊ། ཀྲི་ཏན་ཏ་རཱུ་པ་ཡ་ཧཱུཾ་ཕཊ། རོ་ཥ་ཎ་ཡ་ཧཱུཾ་ཕཊ། ཏྲཱ་ས་ནཱ་ཡ་ཧཱུཾ་ཕཊ།


TNT13_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཀུམྦྷཎྜ་ཨུཏ་ས་ཏ་ན་ཡ་ཧཱུཾ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། ཡཀྵ༷་ཨ་པ་སྨ་ར་བི་ནཱ་ཤ་ཀ་ར་ཡ་ཧཱུཾ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ། མཱ་ར་ཡ། ནཱ་ཤ་ཡ། ནཱ་ཤ་ཡ། སརྦ་བི་གྷྣཱན། བི་ནཱ་ཤ་ཀ་ར་ཡ་ཧཱུཾ་ཕཊ། སརྦ་ཤ་ཏྲུན་སང་གྷ་བི་ནཱ་ཤ་ཀ་ར་ཡ་ཧཱུཾ་ཕཊ། ཨོཾ་ནཱི་ལཱཾ་བ་ར་དྷ་ར། བཛྲ་པཱ་ཎི་དྷ་ར་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ལྟར་ཅི་ནུས་སུ་བཟླས་པའི་མཐར་ཡང་གོང་བཞིན་མཆོད་བསྟོད་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་དཔལ་ཕྱག་ན་རྡོ་རྗེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་གྱུར། དེ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དགྱེས་པ་ཆེན་པོས་འོད་དུ་ཞུ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཐིམ། སྲུང་འཁོར་གཞལ་ཡས་ཁང་དང་བཅས་པ་ཡང་ལྷ་བཅོ་བརྒྱད་ལ་ཐིམ། སྒོ་མ་བཞི་དང་ཁྲོ་མོ་བཞི་གཙོ་མོ་ལ་ཐིམ། སྒོ་སྐྱོང་བཞི་དང་ཁྲོ་མོ་བཞི་འཁོར་ལོའི་དབང་ཕྱུག་གི་ཐུགས་ཀར་ཐིམ། བཅོམ་ལྡན་འདས་མ་ཡང་གཙོ་བོའི་ཐུགས་ཀར་ཞུགས། དཔལ་གསང་བའི་བདག་པོའི་སྐུ་སྣང་སྟོང་བདེ་བའི་རང་བཞིན་ཅན་དེ་ཡང་འོད་གསལ་བའི་དབྱིངས་སུ་ཐིམ། ཞེས་ཅུང་ཟད་མཉམ་པར་བཞག སླར་ཡང་རང་ཉིད་གསང་བའི་བདག་པོ་ཕྱག་གཉིས་པའི་སྐུར་གྱུར། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དགེ་བ་འདི་ཡིས་མྱུར་དུ་བདག ཅེས་སོགས་དང༌། གཞན་ཡང་བྱང་ཆུབ་ཏུ་བསྔོ་བ་སོགས་ཇི་ལྟར་འོས་པ་བྱས་ཏེ། ཐུན་མཚམས་ལ་འཇུག་གོ །ཐུན་


TNT13_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་གཏོར་མ་གཏོང་བར་འདོད་ན། གཏོར་མ་བཅུ་གསུམ་མམ། ལྔའམ། གསུམ་མམ། བསྡུ་ན་གཅིག་བཤམ་ཞེས་གོང་མ་རྣམས་གསུང་པ་ལྟར་ཡིན་ལ། ཀླུ་ལ་དཀར་གཏོར་ཅིག་བཤམ་ན་ལེགས། གཞན་དམར་གཏོར་བྱ། མཆོད་པའང་བཤམས། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུཾ་ཞུ་བ་ལས་འབྱུང་བའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་འགྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ། པཱ་དྱི་ཨཉྩ་མ་ནཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་དེ་བཞིན་དུ་ཤབྷའི་བར་དུ་སྦྱར། ཨོཾ་བཛྲ་གྷཎྜ་ར་ཎི་ཏ༴ སོགས། གཏོར་མ་བྱིན་རླབས་གོང་དུ་བཤད་པའི་ནང་མཆོད་བྱིན་རླབས་དང་འདྲ། གཏོར་མགྲོན་བསྐྱེད་ཚུལ་ལ་ཕྱི་རོལ་མཎྜལ་མཆོད་པ་མཆོད་པ་དང་འབྲེལ་བའི་དབང་དུ་བྱས་ནས། དབུས་སུ་པདྨ་འདབ་བརྒྱད་ལ་ལྷ་བཅོ་བརྒྱད། དེའི་ཕྱི་རོལ་དམའ་བར་པདྨ་དམར་པོ་འདབ་བརྒྱད་ལ་ཀླུ་བརྒྱད། དེའི་ཕྱི་རོལ་སྣ་ཚོགས་འདབ་མ་བཅུ་དྲུག་ལ། གནོད་སྦྱིན་བརྒྱད་དང་བདུད་བརྒྱད་དེ་དམ་ཅན་ཉེར་བཞི་དེ་ལྟར་བསྐྱེད་པར་འཆད་མོད། དེ་ལྟར་བྱས་ཀྱངལེགས་མོད་ཀྱི། དཀྱུས་ཀྱི་ཉམས་ལེན་ལ་དཀྱིལ་འཁོར་ཡོངས་རྫོགས་སྐད་ཅིག་གིས་བསྒོམས་ནས། ཀླུ་དང་གནོད་སྦྱིན་བདུད་སོགས་དུར་ཁྲོད་དུ་གནས་པར་བསྒོམས་ཏེ། གཏོར་མ་ཕུལ་བའི་ཆོག་གོ །དེ་ནས་མཎྜལ་མཆོད་པའི་གཏོར་མ་དང། ཕྱི་རོལ་གཏོར་མ་དང༌། རྒྱུན་འཁྱེར་གཏོར་ཆོག་སྟེ་གསུམ་པོ་དབྱེ་བ་ཕྱེད་དགོས་ཤིང༌། དཀྱིལ་འཁོར་ཆེན་པོའི་


TNT13_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གཏོར་རྒྱུན་འཁྱེར་དང་འདྲའོ། །འདིར་དེ་ལྟ་བུའི་དབང་བྱས་ནས། བསངས་སྦྱངས། སྟོང་པའི་ངང་ལས། མདུན་གྱི་ནམ་མཁར་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ་རྡོ་རྗེའི་ས་གཞིའི་སྟེང་དབུས་སུ་གཞལ་མེད་ཁང་གདན་དང་བཅས་པ། མཐའ་སྐོར་དུར་ཁྲོད་ཆེན་པོ་བརྒྱད། ཕྱི་རོལ་བསྲུངས་བའི་འཁོར་ལོས་བསྐོར་བ་དང་བཅས་པ་གྲུབ་པར་གྱུར། ཏདྱ་ཐཱ། བྷོ་བྷོ༴ ནས། ཥྱ་ཏི་ཧཱུཾ་ཧཱུཾ། དབུས་སུ་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ཡབ་ཡུམ་བཞུགས་པར་གྱུར། ཨོཾ་པ་ར་ཀྲ་མ༴ ནས། བ་ལ་ཡ་ཕཊ། ཤར་དུ་ཁྲོ་བོ་བདུད་ལས་རྒྱལ་བ་དང་འོད་ཟེར་ཅན་མ། ལྷོར་གཟི་བརྗིད་མཐའ་ཡས་དང་མདངས་ལྡན་མ། ནུབ་ཏུ་རྔམ་པ་སྒྲ་སྒྲོག་དང་སྒྲ་དབྱངས་མ། བྱང་དུ་བདུད་རྩི་འཁྱིལ་བ་དང༌། རླུང་འབྱིན་མ་རྣམས་བཞུགས་པར་གྱུར། ཨོཾ་ཧ་ར་ཧ་ར༴ ནས། ནཱ་ཤ་ཡ་ཧཱུཾ་ཕཊ། སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཡབ་ཡུམ་རྣམས་བཞུགས་པར་གྱུར། དུར་ཁྲོད་ཀྱི་ས་གཞི་ལ་ཀླུ་དང༌། གནོད་སྦྱིན་བདུད་དེ་དྲག་པོ་སྡེ་གསུམ་རྣམས་འཁོད་པ་ནི། ཕུཿཡིག་ལས་བྱུང་བའི་ཀླུ་བརྒྱད་དང༌། ཀྵཿཡིག་ལས་བྱུང་བའི་གནོད་སྦྱིན་བརྒྱད་དང༌། ཧཱུཾ་ཡིག་ལས་བྱུང་པའི་བདུད་རྒྱལ་བརྒྱད་ཀྱང་འཁོད་པར་གྱུར། སྟེང་གི་ནམ་མཁའ་ལ་རྩ་རྒྱུད་ཀྱི་བླ་མ་རྣམས་དང༌། །སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་ཐམས་ཅད་བཞུགས་པར་གྱུར། རང་གི་སྙིང་ག་


TNT13_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོད་ཟེར་འཕྲོས། དཔལ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་ཀྱི་ལྷ་ཚོགས་ལ། བླ་མ་དཀོན་མཆོག་དམ་ཅན་སྲུང་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྤྲོས་པ་ལ་མོས་ན་དབང་བསྐུར་རྒྱས་བཏབ་ཀྱང་བྱེད་དེ། དམ་ཅན་རྣམས་ལ་གསང་བདག་ཕྱག་གཉིས་པ་རེས་དབུ་བརྒྱན། བསྡུ་ན་མི་དགོས། ཨོཾ་ཨཱཿ ཏྭ་རཏྣ་ཀུ་རུ་ཧཱུཾ། ཏེ་ཛོ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁ་ཧི། ལན་བདུན། ཨོཾ་ཨཱཿབུདྡྷ་དྷརྨ་སདྒྷ་ཧཱུཾ། བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ། ཨརྒྷ྄ཾ༴ ནས། ཤཔྟའི་བར་གྱི་མཆོད། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། སོགས་ཤོ་ལོ་ཀ་གཅིག་དང༌། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། སོགས་གསུམ་གྱིས་བསྟོད། བླ་མ་དམ་པ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་བདག་ལ་བྱིན་གྱིས་རློབ་ཅིང་ཐུགས་རྗེས་བཟུང་སྟེ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། གཏོར་མ་དང་པོའོ། །ཏདྱ་ཐཱ་བྷོ་བྷོ༴ ནས། ཥྱ་ཏི་ཧཱུཾ་ཧཱུཾ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན། ཨོཾ་པ་ར་ཀྲ་མ༴ ནས། ནཱ་ཤ་ཡ་ཧཱུཾ་ཧཱཾ་ཕཊ། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དཀྱིལ་འཁོར་བ་རྣམས་ལ་འབུལ། ཨརྒྷཾ༴ ནས། ཤབྷའི་བར་གྱིས་མཆོད། ཕྱག་ན་རྡོ་རྗེ་དྲག་པོ་ཆེ། །རྡོ་རྗེ་ཁྲོ་བོ་དྲག་ཆེན་འཇོམས། །རྡོ་རྗེ་མི་ཐུབ་འཇིགས་བྱེད་ཆེ། །རྡོ་རྗེ་གཟི་བརྗིད་སྔགས་ཀྱི་གཙོ། །རྡོ་རྗེ་


TNT13_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་དོན་ཀུན་མཛད། །ཐབས་འདུལ་འཁོར་ལོ་ཆེ་ལ་འདུད། ཅེས་དང༌། དེ་ནས་འབྱུང་བ་ལྔ་ཡིས༴ ནས། ལས་ཀུན་སྒྲུབ་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག གཏོར་མ་གཉིས་པའོ། །ནོར་རྒྱས་དུང་སྐྱོང་སེར་པོ་ཤར། །དགའ་བོ་ཉེ་དགའ་དམར་པོ་ལྷོ། །པདྨ་ཆུ་ལྷ་དཀར་པོ་ནུབ། །སྟོབས་རྒྱུ་རིགས་ལྡན་ནག་པོ་བྱང༌། །ཐམས་ཅད་གདེངས་ཀ་བདུན་དང་ལྡན། །ཐལ་མོ་སྦྱར་བའི་ཚུལ་གྱི་གནས། །དགའ་རབ་དབང་ཕྱུག་ཐལ་ཀ་འཁོར་ལོ་འཛིན། །མེ་ཏོག་མ་ནི་སྨུག་ནག་ལྕགས་ཀྱུ་བསྣམས། །ཐོད་འཕྲེང་ཅན་ནི་ནག་པོ་རལ་གྲི་འཛིན། །མཛེས་ལྡན་མ་ནི་སྔཽན་མོ་གྲི་གུག་བསྣམས། །བུམ་པའི་རྣ་བ་སྔོན་པོ་དགྲ་སྟ་འཛིན། །འོད་ཟེར་འཕྲོག་མ་དམར་ནག་མི་མགོ་བསྣམས། །སེན་མོ་དགུ་པ་ནག་པོ་རྡོ་རྗེ་འཛིན། །མདངས་འཕྲོག་མ་ནི་ལྗང་ནག་རྒྱུ་ཞགས་བསྣམས། དེ་ལྟར་བདུད་རྒྱལ་ཡབ་ཡུམ་ཐམས་ཅད་ནི། །གཡོན་པ་སྡིགས་མཛུབ་བརྐྱང་བསྐུམ་ཚུལ་གྱིས་བཞེངས། །བོང་བུའི་རྣ་བ་ཐལ་ཀ་རལ་གྲི་འཛིན། །ཤ་ཟ་མོ་ནི་སྔོན་པོ་འཁོར་ལོ་ཐོགས། །རྣ་བ་འཕྱང་བ་དུད་ཁ་དབྱུག་ཐོ་འཕྱར། །རལ་པ་ཅན་མ་དམར་མོ་མདའ་གཞུ་འཛིན། རལ་པ་གྱེན་བསྒྲེང་དམར་ནག་མདུང་ཐུང་བསྣམས། །གདོང་སེར་སེར་མོ་གྲི་གུག་བརྡེག་པའི་སྟངས། །རལ་གྲིའི་སོ་ཅན་ནག་པོ་དགྲ་སྟ་འཕྱར། །སེང་གེའི་


TNT13_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་མ་དུད་ཁ་རྩེ་གསུམ་འཛིན། །གནོད་སྦྱིན་དེ་བརྒྱད་ཕྱག་གཡོན་ཐོད་ཁྲག་བསྣམས། །ཀུན་ཀྱང་འཁོར་ཚོགས་དཔག་ཏུ་མེད་པས་བསྐོར། ཨོཾ་ནཱི་ལཱཾ་༴ ནས། ཀྲོ་དྷ་སཏྭ་ཧཱུཾ་ཕཊ། ཨོཾ་ནཱ་ག་ས་པཱ་རི་ཝ་ར་བཱ་ལཱིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨོཾ་ནཱི་ལཱཾ༴ ནས། སཏྭ་ཧཱུཾ་ཕཊ། ཨོཾ་མ་ཧཱ་པྲེ་ཏ་ས་པཱ་རི་ཝ་ར་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨོཾ་ནཱི་ལཱཾ༴ ནས། ས་ཏྭ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཡཀྵ་ས་པཱ་རི་ཝ་ར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཐུན་མོང་དུ། ཨ་ཀཱ་རོའི༴ སྔགས་ལན་བདུན་སོགས་ཀྱི་ཕུལ། སླར་ཡང་ཨརྒྷཾ༴ ནས། ཤཔྟའི་བར་གྱིས་མཆོད། བརྒྱ་ཁྲིར་ཞབས་བཞག་འཇིགས་པའི་མེ། །གད་རྒྱངས་བཞད་མཛད་ཞལ་གསུམ་པ། །དང་པོའི་ཞལ་དུ་གདུག་པ་འཛིན། །སྟོབས་ཆེན་རབ་ཏུ་གནོན་པ་པོ། །ཀླུ་ཆེན་མ་རུང་གདུག་པ་ཅན། །ནོར་རྒྱས་དང་ནི་དུང་སྐྱོང་དང༌། །དགའ་བོ་དང་ནི་འཇོག་པོ་དང༌། །པདྨ་ཆེན་པོ་པདྨ་དང༌། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང༌། །རྒྱ་མཚོ་དག་ལ་གནས་པ་ཡི། །ཀླུ་དང་ས་བདག་གཉན་རྣམས་ནི། །སྤྲུལ་པ་ལས་ལ་གྲུབ་པ་ཡི། །གླེན་པ་ང་རྒྱལ་རྫུ་འཕྲུལ་ཅན། །སྤྲུལ་པ་འབུམ་སྡེ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ཤིག །བཅོམ་ལྡན་མགོན་པོ་ཞལ་གསུམ་པ། །ཕྱག་དྲུག་རྡོ་རྗེ་སྡིག་པ་གཡོན། །དྲག་པོའི་ཐལ་མོས་སྐྲག་པར་བྱེད། །ཐ་མས་སྦྲུལ་གདུག་རི་རབ་མནན། །


TNT13_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་རྫུ་འཕྲུལ་ལྡན་པའི་བདུད། །དགའ་རབ་དབང་ཕྱུག་ཐོད་འཕྲེང་ཅན། །བུམ་རྣ་སེན་དགུ་ཤ་ཟའི་བདུད། །གཙུག་ན་མེ་ཏོག་མཛེས་མ་དང༌། །འོད་ཟེར་འཕྲོག་དང་མདངས་འཕྲོག་མ། །གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་འཁོར། །མ་ལུས་འཁོར་བཅས་ཐམས་ཅད་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ཤིག །བཅོམ་ལྡན་མགོན་པོ༴ ནས། རི་རབ་མནན་གྱི་བར་གོང་བཞིན། འཁོར་དུ་གནོད་སྦྱིན་ཆེན་པོ་ནི། །ཤ་ཟ་རབ་འཇིགས་རལ་པ་ཅན། །གདོང་སེར་སེང་གེ་གནོད་སྦྱིན་མོ། །བོང་བུའི་རྣ་བ་རྣ་བ་འཕྱང༌། །རལ་པ་གྱེན་བསྒྲེང་རལ་གྲིའི་སོ། །གནོད་སྦྱིན་འཁོར་ཏེ་ལྔ་བརྒྱར་བཅས། །དམ་རྫས་གཏོར་མ་འདི་ལོང་ཞིག ཅེས་དང༌། མཆོད་སྦྱིན་གཏོར་མ༴ ནས། ཀུན་འགྲུབ་ཤོག གི་བར་བརྗོད། ཨོཾ་ཕུན་སུམ་ཚོགས་པ་མངའ་བ༴ སོགས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་དང༌། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་༴ སོགས། ཁྱོད་ཀྱི་སེམས་ཅན༴ ནས། བཛྲ་མུཿགདུག་པའི་ཚོགས་རྣམས་མ་ལུས་འདུལ་བ་དང༌། །སེམས་ཅན་འཁོར་བ་མ་ལུས་བསྒྲལ་བའི་ཕྱིར། །གསང་བའི་བདག་པོ་འཕགས་པ་གོས་སྔོན་ཅན། །འཁོར་དང་བཅས་པ་བདག་གིས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སོགས། གཞན་ཡང་སྨོན་ལམ་དང་བཀྲ་ཤིས་ཇི་ལྟར་འཚམ་པར་བྱའོ། །འདིའི་སྒོས་ཀྱི་གཏོར་ཆོག་ནི་དེ་ཙམ་ཡིན་ལ། ཆོས་སྐྱོང་ཡེ་ཤེས་པའི་གཏོར་བསྔོ་གཞན་བྱེད་ན། དཀྱིལ་འཁོར་བའི་རྗེས་དྲག་པོ་གསུམ་གྱི་སྔོན་ལ་འབུལ་ཞིང༌། འཇིག་རྟེན་པ་གཞན་


TNT13_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཏོར་བསྔོ་བྱེད་ན། དྲག་པོ་གསུམ་གྱི་རྗེས་སུ་མ་གཏོགས། །སྔོན་ལ་བྱར་མི་བཏུབ། ལར་ཡང་འདྲེ་ཕལ་པ་ནང་གཏོར་ལ་འཇུག་པ་ནི་ལེགས་རྒྱུ་མེད་ལགས། དྲག་པོ་གསུམ་གྱི་རྗེས་ལ། འཁོར་ལོ་བདེ་མཆོག་ནས་འབྱུང་བའི་མཁའ་འགྲོ་སྤྱི་གཏོར་འདི་མཛད་པ་གོང་མ་རྣམས་ཀྱི་ཕྱག་ལེན་དུ་ཡང་འདུག་ཅིང༌། ཤིན་ཏུ་གལ་ཆེ་ཞིང་ལེགས་པའང་ཡིན་ནོ། །རྣལ་འབྱོར་གྱི་ཡན་ལག་གཞན་རྣམས་ནི། གསང་སྔགས་བླ་མེད་སྤྱི་དངའདྲ་བའི་ཕྱིར། དེ་དག་གི་རིགས་འགྲེ་སྦྱར་བས་རུང་བའི་ཕྱིར་འདིར་མ་སྨོས་སོ། །བོད་ཡུལ་འདིར་གསང་སྔགས་གསར་མ་ལ་ཡང་ཕྱག་ན་རྡོ་རྗེའི་ཆོས་སྐོར་ཤིན་ཏུ་མང་སྟེ། འབྲོ་མར་ལུགས་ཀྱི་སྐོར་གོས་སྔོན་ཅན་དུ་གྲགས་པ་དང༌། འབྱུང་པོ་འདུལ་བྱེད་ཀྱི་སྐོར་དང༌། གཏུམ་པོ་ཁྱུང་ཤམ་ཅན་གྱི་སྐོར་དང༌། ཨུ་ཙའི་ཆོས་སྐོར་དང༌། འཁོར་ལོ་ཆེན་པོའི་སྐོར་དང༌། མདོ་ལུགས་སུ་གྲགས་པའི་སྐོར་དང༌། རྡོ་རྗེ་བེ་ཅོན་གྱི་སྐོར་དང༌། རྡོ་རྗེ་བདེ་ཁྲོས་ཀྱི་སྐོར་དང༌། རྡོ་རྗེ་མེ་ལྕེའི་སྐོར་རྣམས་ལ་ཆེ་བ་དགུར་གྲགས། དེ་དག་ཏུ་མི་གཏོགས་པ་སངས་རྒྱས་གསང་བས་མཛད་པ་སོགས་སྔ་དར་དང༌། སྟོང་ཉིད་ཏིང་འཛིན་གྱིས་མཛད་པ་སོགས་ཕྱི་དར་ལ་འགྱུར་བའི་གཞུང་ཕྲ་མོ་ཡང་རྣམ་གྲངས་ཤིན་ཏུ་མང་བ་ཡོད་དོ། །ཆེ་བ་དགུ་པོ་རྣམས་ཅི་རིགས་པ་ལ་མཁས་པ་མང་པོས་དཔྱད་གཞིར་མཛད་པ། སྤྱིར་རྒྱ་གཞུང་ཡིན་མིན་ཐེ་ཚོམ་ཅན་ཡང་འགའ་རེ་སྣང་མོད་ཀྱི། ཆོས་སྐོར་འདི་རྣམས་བོད་ཡུལ་དུ་ཤིན་ཏུ་གྲགས་ཆེ་ཞིང༌། ཐམས་ཅད་ལ་ནུས་མཐུ་མངོན་གྱུར་དུ་ཐོབ་པའི་གསང་སྔགས་པ་མང་དུ་བྱུང་བ་ཁོ་ན་ཡིན་པས། བྱིན་རླབས་ཀྱི་གཟི་བྱིན་ཆེས་འབར་བ་ཤ་སྟག་ཏུ་འདུག་པས། སྐུར་བ་ནམ་དུ་ཡང་མི་བཏབ་ཅིང༌། གུས་པ་བསྐྱེད་པར་བྱའོ། །དེར་མ་ཟད་ཆེ་བ་དགུ་པོ་རྣམས་ལའང་འགའ་ཞིག་ལ་རྒྱུད་གཞུང་གཉིས་ཀ་དང༌། ཁ་ཅིག་ལ་སྒྲུབ་ཐབས་ལ་སོགས་


TNT13_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞུང་འགའ་ཟུང་དཻ་རྒྱ་དཔེ་ལས་བསྒྱུར་བ་རྩོད་མེད་དུ་ཡོད་པ་ཁོ་ན་ཡིན་པས། ཆ་ལག་གི་གཞུང་ཕྲན་ཐོར་བུ་པ་རྣམས་ལ་བོད་རྩོམ་ཡོད་དུ་ཆུག་ཀྱང་ཞལ་གདམས་ཡིན་པའི་ཕྱིར་འགལ་བ་མེད་དེ། ཆོས་སྐྱོང་མགོན་པོ་སོ་སོའི་གདམས་ངག་གི་དཔེ་བུམ་བཞིན་ནོ། །ཡངབྱིན་རླབས་མེད་པའི་རྒྱ་གཞུང་ལས་བྱིན་རླབས་ཡོད་པའི་བོད་གཞུང་ངོ་མཚར་ཆུང་ངུ་མེད་པའང་མཁྱེན་པར་མཛོད། །ཁྱད་པར་དུ་འཁོར་ལོ་ཆེན་པོའི་ཆོས་སྐོར་འདི་རྣམས་མཆོག་ཏུ་བྱིན་རླབས་ཆེ་ཞིང༌། རྒྱུད་གཞུང་རྩ་བ་རྣམས་རྩོད་མེད་ཡིད་ཆེས་ཅན་ཡིན་པས། སྔོན་གྱི་མཁས་པ་འགའ་ཞིག་གིས་ཟུར་ཟ་ཙམ་གསུངས་ཟེར་ཡང་སྙིང་པོ་མེད། བཅོམ་ལྡན་རིག་རལ་དང༌། ཀུན་མཁྱེན་ཆེན་པོ་ཇོ་ནང་པ་དང༌། བུ་སྟོན་རིན་པོ་ཆེ་དང༌། ཆོས་རྗེ་བླ་མ་བསོད་ནམས་རྒྱལ་མཚན་དང༌། རྗེ་བཙུན་ཙོང་ཁ་བ་ཆེན་པོ་དང༌། བོ་དོང་བ་ཆེན་པོ་སོགས་བོད་ཡུལ་རང་གི་ཤིང་རྟ་ཆེན་པོ་ཕྱོགས་རེ་ཙམ་ཡིན་པ་གཞུང་ལུགས་ཐམས་ཅད་ལ་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་ཆོས་འདི་ལ་རྩིས་སུ་མཛད་པས་རྩོད་པ་དང་བྲལ་བར་གྱུར་ཏོ། །འཁོར་ལོ་ཆེན་པོའི་སྒྲུབས་ཐབས་སྦྱར་བ་ལས། །བྱུང་བའི་དགེ་བ་དྲི་མེད་གང་བསགས་དེས། །ནམ་མཁའི་ཁོངས་ན་གནས་པའི་སེམས་ཅན་རྣམས། །ཐུགས་ཀྱི་རྡོ་རྗེའི་གོ་འཕང་ཐོབ་པར་ཤོག། ། །དཔལ་འཁོར་ལོ་ཆེན་པོའི་སྒྲུབས་ཐབས་སྲིད་གསུམ་འདུལ་བྱེད་ཅེས་བྱ་བ་འདི་ཡང༌། །བླ་མ་གོང་མ་རྣམས་ཀྱི་མན་ངག་དང་མཐུན་པར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རྣམ་འབྱུང་གི་ལོའི་དང་པོ་ལ་སྦྱར་བའོ། །ཞུས་དག། མངྒལཾ། །


previousདཔལ་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་སྲིད་གསུམ་འདུལ་བྱེད།next