Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
གཟུངས་གྲྭའི་ཆོ་ག་ལ་བརྟེན་ནས་བྱད་འགྲོལ་བྱེད་ཚུལ།
   
   
   
   
   
   
   


 
previousགཟུངས་གྲྭའི་ཆོ་ག་ལ་བརྟེན་ནས་བྱད་འགྲོལ་བྱེད་ཚུལ།next

གཟུངས་གྲྭའི་ཆོ་ག་ལ་བརྟེན་ནས་བྱད་འགྲོལ་བྱེད་ཚུལ།


TNT13_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་གྲྭའི་ཆོ་ག་ལ་བརྟེན་ནས་བྱད་འགྲོལ་བྱེད་ཚུལ་བཞུགས། །ཨོཾ་སྭཱ་སྟི་ན་མོ་བུདྡྷ་ཡ། འདིར་གཟུངས་གྲྭ་ལྔའི་ཆོ་ག་ལ་བརྟེན་ནས་བྱད་འགྲོལ་བྱེད་པའི་ཚུལ་ལ། སྙིང་པོ་མདོར་བསྡུས་པ་ནི་འདི་ཡིན་ཏེ། དེ་ལ་དང་པོར་ཐབ་བཅའ་བ་ནི། དཀྱིལ་འཁོར་གྱི་ཤར་རམ་ཕྱོགས་ཇི་ལྟར་བདེ་བར་འགྲུབ་ན་ཞི་བའི་ཐབ་ཁུང་དངོས་སམ། སྤྱི་དང་མཐུན་པར་བྲིས་ཐབ་ལེགས་པར་འདུ་བྱ། དེ་ལྟར་བྲི་བ་མ་ལྕོགས་ན། རྫ་གཞོང་ངམ་ལྕགས་ཟངས་ཀྱི་སྣོད་དུ། པདྨ་དཀར་པོ་འདབ་བརྒྱད་བྲིས། ལྷ་ལྔའི་ཚོམ་བུ་བཀོད་དེ། སོ་སོའི་སྐུ་མདོག་དང་མཐུན་པའི་ངེས་པའམ། ཡང་ན་ལྔ་ཆར་དཀར་པོར་བྱས་པས་ཀྱང་རུང་ངོ༌། །དེའི་མཐའ་ནས། བུད་ཤིང་ལྕི་སྐོངས་རྩིག འདིར་ཐབ་མ་འགྲུབ་ན་དེ་ཙམ་གྱིས་ཆོག །སེང་ལྡེང་དང༌། རྒྱ་ཤུགས་ལ་སོགས་པའི་བུད་ཤིང་བཤད་ཀྱང༌། ཕྱོགས་འདིར་ཇི་བཞིན་དུ་འབྱོར་པར་དཀའ་བའི་མོས་པ་ཙམ་གྱི་རུང་ངོ༌། །དེ་ལ་མཆོད་ཡོན་དང་ཉེར་སྤྱོད་ལྔ་དང་གཏོར་མ་རྣམས་


TNT13_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བདེ་བར་བཤམས། གཞན་ཡང་ཆང་བུ་ཉི་ཤུ་རྩ་གཅིག །གླུད་གཟུགས་གཅིག །ཡོས་དང་འབྲུ་དཀར་བསྲེས་པ། གཏན་གསར་པ་དཀར་པོ། ཚོན་སྐུད་སྣ་ལྔ་རིང་པོ། གྲི །སྲེག་རྫས་ལ་མར་ཁུ། ཡམ་ཤིང༌། འབྲུ་སྣ་ཚོགས་བསྲེས་པ་རྣམས་ཀྱང་བཤམས། དེ་ནས་སྒྲུབ་བྱ་དེ་སློབ་མ་ཡིན་ལ། སྐབས་འདིར་དབང་བསྐུར་བའང་བྱེད་རྒྱུ་ཡིན་ལ། དཀྱིལ་འཁོར་དུ་འཇུག་པ་ཡོངས་རྫོགས་ལྷ་ངོ་བསྟན་པ་ཡན་ཆད་བྱས་ནས། བྱད་འགྲོལ་དངོས་ཀྱི་ཆོ་ག་འདི་ལ་འཇུག་དགོས་ལ། སྔར་སློབ་མ་ཡིན་ཡང་འདིར་དབང་བསྐུར་བ་ནི་མི་ཞུ། བྱད་འགྲོལ་ནི་དགོས་ན། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་བཏབ། མིག་དར་མེ་ཏོག ཨ་མྲྀ་ཏས་བསངས། དེང་ཁྱོད་སོགས་གསང་གདམས་དང༌། ཨཱ་ཁཾ་ཝཱི་ར་ཧཱུཾ་གི་ཁྲིད། ཛཿཧཱུཾ་བཾ་ཧོཿས་གཞུག ཨོཾ་ན་མཿ སོགས་ཀྱི་ཕྱག་འཚལ། དཀོན་མཆོག་གསུམ་ལ༴ སོགས་རྒྱུན་བཤགས་བྱ། པྲ་ཏཱིཙྪ་བཛྲ་གྱིས་མེ་ཏོག་གཏོར། ཧེ་བཛྲ་ཀྱིས་མིག་དར་བསལ། དེ་ནས་ལྷ་ངོ་བསྟན། དེ་མ་ཐག་བྱད་འགྲོལ་གྱི་ཆོ་ག་རྣམས་བྱའོ། །གལ་ཏེ་སྔར་སློབ་མ་མིན་ཞིང༌། སྐབས་དེར་དབང་བསྐུར་ཞུ་བ་ཡང་མིན་ནོ། །སྒྲུབ་བྱེད་ལ་སྤོས་བདུགས། མེ་ཏོག་དཀར་པོ་གཏོར། ཨ་མྲྀ་ཏས་བསངས། ལྷ་ངོ་སྟོན་པ་ལྟར་དཀྱིལ་འཁོར་ཡོངས་རྫོགས་སམ། གཙོ་མོ་ལྔ་པོ་གསལ་འདེབས་སུ་བཅུག །འདི་ལ་དཀྱིལ་འཁོར་དུ་འཇུག་པ་མེད་པས་ཡོལ་བ་གཏོང་བ་སོགས་མི་དགོས། བཟང་སྤྱོད་ནས་འབྱུང་བ་ལྟ་བུའི་ཡན་ལག་བདུན་པ་ཚར་གསུམ་རྗེས་བཟློས་བྱར་


TNT13_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བཞུག །དེ་མ་ཐག་བྱད་འགྲོལ་བྱ་ཏེ། དེ་ལ་སྤྱིར་ནི་གསང་སྔགས་ཀྱི་དམ་ཚིག་ལ་གནས་ཐུབ་པས་ནི་བྱད་འགྲོལ་གྱི་དོན་དུ་ཡང༌། དབང་བསྐུར་ཡོངས་རྫོགས་ཞུ་བ་ཉིད་མཆོག་ཡིན་ལ། སྔགས་ཀྱི་དམ་སྡོམ་སྲུང་མི་ནུས་ཀྱང༌། སྔགས་དང་ལྷ་ལ་མོས་པའི་རིགས་ཡིན་ན། གོང་དུ་བཤད་པ་ལྟར་འཇུག་པའི་ཆོ་ག་བསྡུས་པས་དཀྱིལ་འཁོར་དུ་འཇུག་པ་ཉིད་མཆོག་ཡིན་ཞིང༌། འདི་ཡང་དཀྱིལ་འཁོར་དུ་ཞུགས་པ་ཡིན་པའི་ཕྱིར་དབང་བསྐུར་བའི་རིགས་སུ་གཏོགས་པ་ཡིན་ནོ། །ལྷ་སྔགས་ལ་དད་པའི་ངེས་པ་ཡང་མེད་པར། ནད་གདོན་ལ་ཕན་པ་དོན་གཉེར་ཙམ་ཀ་ཡིན་ན། ལུགས་ཕྱི་མ་དཀྱིལ་འཁོར་དུ་འཇུག་པ་མེད་པ་ལྟར་བྱའོ། །སྔར་དཔོན་སློབ་མིན་ནའང༌། བྱད་འགྲོལ་གྱི་ཆོ་ག་འདི་བྱས་ཕྱིན། སྔགས་ཆོས་ཀྱི་འབྲེལ་བ་ངེས་ཅན་ཡིན་པས། བྱད་འགྲོལ་བྱེད་པ་པོ་ལ་བླ་མར་བཟུང་ནས་གུས་པ་བྱེད་དགོས་ཀྱི། རྩིས་མཁན་དང་བོན་པོའི་ལྟོ་ཆོས་དང་འདྲ་བར་མ་བསམ་ཞིག །སྐབས་འདིར་དཀྱིལ་འཁོར་ཁང་པའི་ཕྱི་རོལ་ལམ། ནང་དུ་ཡང་རུང་སྟེ། སྒྲུབ་བྱ་ལ་བགེགས་སྦྱང་བ་དང༌། བྱུར་བསལ་བ་བསྡུས་པ་ཏིལ་སྦྱང་ངམ། རྒྱས་པ་དྲུག་བཞི་ལྡན་ལྟ་བུ་ཇི་ལྟར་འོས་པ་བྱ། གང་ལྟར་ནའང་སྒྲུབ་བྱ་ལ་མེ་ཏོག་དཀར་པོ་གཏོར། མ་ཎི་དྷ་རིའི་སྔགས་བརྗོད། གདན་ཇི་ལྟར་འོས་པ་ལ་འདུག་ཏུ་བཅུག་ནས། ཚོན་སྐུ་སྣ་ལྔ་ལ་གྲོལ་མདུད་ཀྱི་ལུང་མིག་འདྲ་བ། དབུས་སུ་ཆེན་པོ་གཅིག་དང༌། གཡས་གཡོན་དུ་ཆུང་བ་གཉིས་གཉིས་ཏེ།


TNT13_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བྱས་ནས། ཆེ་བ་སྒྲུབ་བྱའི་མགུལ་ལ་སྐོན། གཞན་རྣམས་སྲིན་ལག་གཉིས་དང༌། རྐང་པའི་སྲིན་མཛུབ་གཉིས་ལ་སྐོན། ཡང་ན་རྐང་པའི་དེ་རྐང་རྩེས་ནོན་ཙམ་བྱས་ཀྱང་རུང༌། སྐྱེ་བོ་མང་པོ་ལ་བྱེད་དགོས་ན་ཡང༌། འགྲུབ་ན་རེ་རེ་བཞིན་དུ་དེ་ལྟར་བྱ་ལ། དེ་ལྟར་མ་འགྲུབ་ན། ཐམས་ཅད་ཀྱི་སྲིན་མཛུབ་ནས་སྐོན་ཞིང་སྦྲེལ་བས་ཀྱང་རུང་ངོ༌། །དེ་ནས་འདི་སྐད་ཅེས། རང་ཉིད་བཅོམ་ལྡན་འདས་མ་སོ་སོར་འབྲང་མ་སྐུ་མདོག་དཀར་ལ། ཞེས་པ་ནས། རྒྱབ་ཡོལ་ཅན་ནོ། །རང་གི་ཐུགས་ཀ་ནས་འོད་ཟེར་གྱི་རྩེ་ལ་ཁྲོ་བོ་འདོད་པའི་རྒྱལ་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། སྒྲུབ་བྱ་འདི་ཉིད་ལ་གནོད་པར་བྱེད་པ། ཕྱི་རོལ་འཇིག་རྟེན་གྱི་ཁམས་དང་ནང་ལུས་ལ་གནས་པ་ཐམས་ཅད། ཞགས་པས་བཅིངས། ལྕགས་ཀྱུས་དྲངས་ཤིང༌། གཞན་ཡང་སྡིག་སྒྲིབ་ནད་གདོན་བྱུར་ཆགས་སྐལ་བ་ངན་པ་ཐམས་ཅད་བཀུགས་སྟེ་བྱང་ཐག་འདི་ལ་ཐིམ། ཁྱད་པར་དུ་ཡང་ས་ལས་བྱུང་བ་བད་ཀན་གྱི་ནད་རྣམས་ཚོན་སྐུད་སེར་པོ་ལ་ཐིམ། ཆུ་ལས་གྱུར་པ་གྲང་བའི་ནད་རྣམས་དཀར་པོ་ལ་ཐིམ། མེ་ལས་གྱུར་པ་ཁྲག་མཁྲིས་རྣམས་དམར་པོ་ལ་ཐིམ། རླུང་ལས་གྱུར་པ་རླུང་གི་ནད་རྣམས་སྔོན་པོ་ལ་ཐིམ། འབྱུང་བ་སྣ་ཚོགས་འདུས་པ་ལས་གྱུར་པ་དང་ལྡན་པ་དང༌། འདུས་


TNT13_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནད་རྣམས་ལྗང་ཁུ་ལ་ཐིམ་པར་གྱུར། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་འདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། བདེན་པར་སྨྲ་བ་རྣམས་ཀྱི་བདེན་པ་དང༌། ལྷ་རྣམས་ཀྱི་བདེན་པ་དང༌། དྲང་སྲོང་རྣམས་ཀྱི་བདེན་པ་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང་ལས་ཀྱི་རིགས་སུ་བཞུགས་པའི་ལྷ་རྣམས་ཀྱི་བདེན་པ་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། བཅོམ་ལྡན་འདས་མ་སྲུང་བ་ལྔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བཀའ་བདེན་པ་དང༌། བདེན་པའི་བྱིན་གྱིས་རླབས་ཀྱིས་རྡོ་རྗེ་སློབ་མ་འདི་དག་ལ་འཚེ་བར་བྱེད་པའི་སྡིག་པ་དང༌། སྒྲིབ་པ་དང་ནད་དང༌། གདོན་དང༌། བགེགས་དང༌། རྨི་ལམ་ངན་པ་དང༌། མཚན་མ་ངན་པ་དང༌། བྱད་མ་བྱུར་ཆགས། སྐལ་བ་ངན་པ། དུས་ཀྱི་ཞགས་པ། གཤིན་རྗེའི་ཕོ་ཉ། བགེགས་དངལོག་འདྲེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཚོན་སྐུད་སྣ་ལྔ་པ་འདི་ལ་ཐིམ་པར་གྱུར་ཅིགཊཀྐི་ཧཱུཾ་ཛཿ ཞེས་ལན་གསུམ་འདོད་པའི་རྒྱལ་པོའི་ཕྱག་རྒྱ་དང་བཅས་ཏེ་བྱ། དེ་ནས་གྲི་གུ་མེ་དང་ཆུར་རིམ་གྱིས་བཅུག་སྟེ། མ་ཎི་དྷ་རིའི་སྔགས་བཟླ་ཞིང༌།


TNT13_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས། ལས་ཀྱི་སློབ་དཔོན་སོ་སོར་འབྲང་མའི་སྐུར་གྱུར་པའི། ཕྱག་གཡས་སུ་རལ་གྲི་ཐོགས་ནས། ཁྱོད་རང་རྣམས་ཀྱི་མི་མཐུན་པའི་ཕྱོགས་མཐའ་དག་འདུས་པའི་ངོ་བོ་བྱད་ཐག་དེ་དུམ་བུར་གཏུབ་པར་མོས་མཛོད། གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང༌། །ཚངས་པ་དང་ནི་འཇིག་རྟེན་སྐྱོང༌། །གནོད་སྦྱིན་དེད་དཔོན་དབང་ཕྱུག་དང༌། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང༌། །འཕྲོག་མ་བུ་དང་བཅས་པ་དང༌། །དེ་དག་མཐུ་དང་གཟི་བརྗིད་ཀྱིས། །དེང་འདིར་སྒྲུབ་བྱ་འདི་དག་གི །བྱད་སྟེམས་ལས་རྣམས་ཆད་གྱུར་ཅིག །སརྦ་བནྡྷ་ཀ་ཁོ་ར་དྷ་ར་ཙྪེ་ད་ནཱ་ཡ་སྭཱཧཱ། ཞེས་བརྗོད་ཅིང་ཚོན་སྐུད་རྣམས་ཡན་ལག་ལྔ་ལ་སྐོན་པའི་ས་ནས་མཚོན་ཁ་ཕར་གཏད་དེ་བཅད། དེ་སྒྲུབ་བྱ་དེའི་ལུས་ལ་བསྐོར་ནས། རྡོ་རྗེ་སློབ་མའམ་སྒྲུབ་བྱ་འདི་ཞེས་བྱ་བའི། ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། ཞེས་ལན་མང་དུ་བརྗོད་དེ་སྣོད་གཅིག་ཏུ་གསོག །དེ་ནས་ཐབ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་ཁུང་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། ཞི་བའི་ཐབ་ཁུང་གི་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་པྲཾ་ཡིག་དཀར་ལ་སེར་བ༴ ནས། ཁ་རྒྱན་དང་བཅས་པ་རེ་


TNT13_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

རེའོ། །ཞེས་པའི་བར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་སྲུང་བ་ལྔའི་ལྷ་ཚོགས༴ ཞེས་པ་ནས། རྡོ་རྗེ་སེམས་དཔའི་དབུ་རྒྱན་གྱི་བར་བདག་བསྐྱེད་བཞིན་ནོ། །མདུན་བསྐྱེད་ཀྱི་ལྷ་ལ་དམིགས་ནས་ཡེ་ཤེས་སྤྱན་འདྲེན་བྱ། དཀྱིལ་འཁོར་གྱི་དྲུང་ནས་མེ་ཏོག་བོར་བ་བླངས། ཛཿ་ཧཱུཾ་སོགས་དང༌། མེ་ཏོག་ཚོམ་ཞིག་མེ་ལ་དོར། དེ་ནས་མཆོད་པ་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད༴ ཅེས་པ་ནས་བི་ཤོ་དྷ་ནི་སྭཱཧཱ། ཞེས་པའི་བར་གྱི་མཆོད་པ་བྱིན་གྱིས་རླབས། ཚོགས་ཞིང་གི་སྐབས་ལྟར་མཆོད། རང་བཞིན་དག་པ་ཉིད་ལས་བྱུང༌། ཞེས་སོགས་སམ། བསྡུ་ན། སོ་སོར་འབྲང་དང་སྟོང་ཆེན་རབ་འཇོམས་དང༌། །རྨ་བྱ་ཆེན་མོ་གསང་སྔགས་རྗེས་སུ་འབྲང༌། །བསིལ་བའི་ཚལ་ཏེ་ཡེ་ཤེས་ལྔ་ཡི་སྐུ། །གཟུངས་སྔགས་རྒྱལ་མོ་ལྔ་ལ་ཕྱག་འཚལ་བསྟོད། །ཅེས་སོ། །བཅོམ་ལྡན་འདས་མ་ལྔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་འབར། སྒྲུབ་བྱ་འདི་རྣམས་ཀྱི་ནད་གདོན་བར་ཆད་ཐམས་ཅད་བསྲེགས་པར་གྱུར། །རྡོ་རྗེས་རིན་ཆེན་ཕུག་པ་དང༌། །མེ་ཡིས་བུད་ཤིང་བསྲེག་པ་དང༌། །རླུང་གི་སྤྲིན་རྣམས་གཏོར་བ་དང༌། །ཉི་མས་ནགས་ཚལ་སྐེམས་བྱེད་དང༌། །བདེན་པའི་ཚིག་ནི་འདི་དག་གིས། །བྱད་སྟེམས་ལས་རྣམས་ཚིག་པར་ཤོག །སརྦ་བནྡྷ་ཀ་ཁོ་ར་དྷ་ཛྭ་ལ་ཡ་སྭཱཧཱ། དང་པོར་ལྷ་མོ་ལྔའི་སྙིང་པོའི་མཐར། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་བཏགས་


TNT13_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

པས་མར་ཁུ་ཕུལ། འདི་དགང་བླུགས་ཀྱིས་ཕུལ་ན་ལེགས་མོད། མ་འབྱོར་ན་སྣོད་ཅི་བདེ་བས་ཕུལ། སྔགས་ལྔ་པོ་ཉིད་ཀྱི་ཡམ་ཤིང་ཡང་ཕུལ། དེ་ནས་སློབ་དཔོན་ཀྱི་འབྲུ་སྣ་སྣ་ཚོགས་ནས་འབྲུ་ཚོམ་རེ་འབུལ་བ་དང༌། མཆོད་གཡོག་པས་སྔར་གྱི་ཚོན་སྐུད་ཀྱི་རེ་དེ་དུམ་བུ་དང་མང་པོར་སྟུབས། ཚོ་ཉི་ཤུ་རྩ་གཅིག་ཏུ་བཅོས་ནས། ཚོན་སྐུད་ཚོ་རེ་དང༌། ཆང་བུ་རེ་ལག་པ་གཡས་གཡོན་སོ་སོར་བཟུང་ནས། སྒྲུབ་བྱ་ལ་སྐོར་བའི་ཚུལ་བྱས་ཏེ་མེ་ལ་འབུལ་ཞིང༌། སྔགས་ལྔ་པོ་ལན་ཉི་ཤུ་རྩ་གཅིག་བརྗོད་པའམ། བསྡུ་ན་དང་པོར་སྔགས་ལྔ་པོར་ཚར་གཅིག་གི་མཐར། སྒྲུབ་བྱ་ཆེ་གེ་མོའི་ནད་གདོན་སྡིག་སྒྲིབ་བྱས་ཁ་རྦོད་གཏོང་མི་མཐུན་པའི་ཕྱོགས་ཐམས་ཅད་ཚིག་པར་གྱུར་ཅིག །ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བཏགས་པ་ཚར་གཅིག་དང༌། དེ་རྗེས་མ་ཎི་དྷ་རི་ཁོ་ན་ལ་ལས་སྔགས་དེ་ཉིད་བཏགས་པ་ཉི་ཤུ་འབུལ། གང་དག་སངས་རྒྱས་རང་སངས་རྒྱས། ཞེས་པ་ནས། ཀ་ཁོརྡྷ་ཛྭ་ལ་ཡ་སྭཱཧཱ། སྒྲུབ་བྱ་ཆེ་གེ་མོའི་ནད་དང༌། གདོན་དང༌། བགེགས་དང༌། སོགས་གོང་ལྟར་རོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་མེ་དང་སྒྲུབ་བྱ་ལ་བུམ་ཆུ་གཏོར། མེའི་དབལ་ཞི་བར་གྱུར་ཅིག གོང་བཞིན་མར་དང་ཡམ་ཤིང་ཕུལ། མཆོད་བསྟོད་བསྡུས་པ་ཞིག་དང༌། དེ་རྗེས་སྤྲོ་ན་འདོད་གསོལ་རྒྱས་པར་བྱ། བསྡུ་ན་སྐབས་འདིར་འདོད་གསོལ་མེད་ཀྱང་ཆོག །ཡིག་བརྒྱ་བཟོད་གསོལ་སྤྱི་དང་འདྲ། ཡེ་ཤེས་པ་མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ་ཞེས། མེ་ཏོག་གི་སྣོད་


TNT13_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལ་བསྐོར་ནས་དཀྱིལ་འཁོར་གྱི་མདུན་དུ་བཞག །དཀྱིལ་འཁོར་ལ་མེ་ཏོག་གཏོར། དམ་ཚིག་པ་རང་གི་སྙིང་གར་ཐིམ། ཛཿཧཱུཾ་བཾ་ཧོཿ དེ་ནས་བར་འདིར་ལས་བུམ་གྱིས་དཀྱིལ་འཁོར་ལ་ཁྲུས་གསོལ་བྱ་སྟེ་སྤྱི་དང་འདྲ། སྐུ་ཁྲུས་གསོལ་བའི་བུམ་ཆུ་བུམ་པར་བླུག་ནས། སློབ་དཔོན་གྱི་དེ་ཐོགས་ཏེ་ཐོག་མར་ཀུ་ཤས་བུམ་ཆུ་བླངས་ཏེ་སྒྲུབ་བྱའི་སྤྱི་བོ་ནས་གཏོར། དེ་རྗེས་ཁྲུས་བྱར་གཞུག་ཅིང༌། སྔགས་ལྔ་པོ་ཚར་གཅིག་གི་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། ནད་ཐམས་ཅད༴ གདོན་ཐམས་ཅད༴ རིམ་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ མཁོན་ཐམས་ཅད༴ གྲིབ་དང་མི་གཙང་བ་ཐམས་ཅད༴ བྱད་ཁ་ཐམས་ཅད༴ བྱུར་ཐམས་ཅད༴ སྐལ་བ་ངན་པ་ཐམས་ཅད༴ གཞན་གྱིས་མཐུ་གཏད་སྦྱོར་བ་ངན་པ་ཐམས་ཅད། རྦོད་གཏོད་ཐམས་ཅད༴ རོ་ལངས་ཀྱི་ལས་ཐམས་ཅད༴ གདོན་ཀྱི་ལས་ཐམས་ཅད༴ མནན་པ་དང་འཆང་བའི་ལས་ཐམས་ཅད་བསྲེགས་པ་དང་ཕུར་བུས་བཏབ་པ་ཐམས་ཅད༴ སེམས་གཡེངས་པ་དང་བསྒྱུར་བར་བྱེད་པ་ཐམས་ཅད༴ སྔགས་དང་རྫས་ངན་པའི་ལས་ཐམས་ཅད༴ འཁྲུལ་འཁོར་དང་འཁྱུད་བྱེད་ངན་པ་ཐམས་ཅད༴ གཟའ་ཉེས་དང་འགོམ་ཉེས་ལ་སོགས་པ་ཐམས་ཅད༴ གཞན་གྱི་ལས་ངན་པ་བྱས་པ་ཐམས་ཅད་དང༌། རྨི་ལམ་ངན་པ་དང༌། མཚན་མ་ངན་པ་ཐམས་ཅད༴ ལྟས་ངན་པ་ཐམས་ཅད༴


TNT13_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་མི་ཤིས་པ་ཐམས་ཅད༴ ལོ་སྐེག །ཞག་སྐེག །ཟླ་སྐེག །དུས་སྐེག་ཐམས་ཅད༴ ཆགས་ཆེ་ཉམས་ང་ཐམས་ཅད༴ སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་གནོད་པ་ཐམས་ཅད༴ དུས་མ་ཡིན་པར་འཆི་བ་ཐམས་ཅད༴ མཚན་མོ་ནག་མོའི་གདོན་ཐམས་ཅད༴ དུས་ཀྱི་ཞགས་པ་ཐམས་ཅད༴ གཤིན་རྗེའི་ཕོ་ཉ་ཐམས་ཅད༴ བགེགས་དང་ལོག་པར་འདྲེན་པ་ཐམས་ཅད༴ གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད༴ རྒྱལ་པོ་དང་ཐེ་རང་གི་གནོད་པ་ཐམས་ཅད༴ བཙན་དང་དམུའི་གནོད་པ་ཐམས་ཅད༴ བདུད་དང་མདངས་འཕྲོག་གིས་གནོད་པ་ཐམས་ཅད༴ ཀླུ་དང་ས་བདག་གི་གནོད་པ་ལ་སོགས་པ་མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་དུག་ཞི་བར་བྱེད་པ་ནི། སངས་རྒྱས་རྣམས་ཀྱི་གཟི་བརྗིད་དང༌། །རང་རྒྱལ་དག་གི་གཟི་བརྗིད་དང༌། །དགྲ་བཅོམ་རྣམས་ཀྱི་མཐུ་དག་དང༌། །གསང་སྔགས་འཛིན་པ་ཐམས་ཅད་དང༌། །ཤཱ་རིའི་བུ་ཡི་ཤེས་རབ་དང༌། །མཽ་འགལ་བུ་ཡི་རྫུལ་འཕྲུལ་དང༌། །མ་འགགས་པ་ཡི་མིག་དང་ནི། །འོག་བསྲུངས་སྦྱངས་པའི་ཡོན་ཏན་དང༌། །ཀོ་ཊི་ནྱ་གྱི་སྔར་ཐོབ་དང༌། །ཀུན་དགའ་བོ་ཡི་ཐོས་པ་དང༌། །ཚངས་པ་ལྷ་ཡི་བྱམས་པ་དང༌། །བརྒྱ་སྦྱིན་གྱི་ནི་དབང་རྣམས་དང༌། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང༌། །


TNT13_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཆེན་པོའི་སྟོབས་རྣམས་དང༌། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང༌། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང༌། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །སྒྲུབ་བྱའི་དུག་ཞི་དུག་མེད་ཤོག །དུག་མེད་དུག་རྣམས་འཇིག་བྱེད་ཤོག །སྱ་དྱ་ཐེ་ཐན་ཧ་རི་ཀེ་ཤི་ན་ཀི་ལེ་རི་ཧི་རི་ཨ་མ་རི་ཨནྚརེ། པནྚ་རེ། ཀེ་ཡཱུ་རེ། ཧ་སེ་ཧ་སེ་ཧ་རེ། ཁ་སེ་ཁ་སེ། མི་རུ་ག་ཏེ་ན་སྭཱཧཱ། མུ་མུ་ཀྵུ་སྭཱཧཱ། ཧི་ལེ་སྭཱཧཱ། མི་ལེ་སྭཱཧཱ། འབྲས་དང་རྨ་དང་ཤུ་བ་དང༌། །གཡན་པ་དང་ནི་འབྲུམ་བུ་དང༌། །ལྷོག་པ་དག་དང་གཡའ་བ་ནི། །བདུན་པ་ལགས་ཏེ་རབ་ཏུ་བཅོམས། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །འདི་དག་འཇིག་རྟེན་དུག་གསུམ་ཡིན། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །དེ་བཞིན།བཅོམ་ལྡན་དམ་ཆོས༴ འཕགས་པའི་དགེ་འདུན་ཞེས་འདོན་པ་སྤོའོ། །ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་ཡི་སུ། །དུག་གསུམ་ས་ཡིན་ནང་དུ་སོང༌། དེ་བཞིན་དུ། ཆུ་མེ་རླུང་རྣམས་ལ་ཡངའདོན་པ་སྤོའོ། །དེ་ནས་བྱབས་པ་ནི། སྔར་གྱི་ཁྲུས་སྡེར་དྲི་ཁུ་དང་བཅས་པའི་ནང་དུ། གླུད་གཟུགས་གཅིག་བཅུག །སྒྲུབ་བྱའི་ཁ་རུ་བུམ་ཆུ་ཅུང་ཟད་འཛིན་དུ་བཅུག་ལ། སྔགས་ཐུང་ལྔ་པོའི་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། ཞེས་སོགས་གོང་དང་འདྲ་བ་ལས་ཤཱིནྟཾ་ཀུ་རུ་ཞེས་པའི་སར། ཨ་པ་ན་ཡ་ཞེས་འདོན་པ་


TNT13_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་ལ། བྱབས་པའི་མཐར། སྒྲུབ་བྱ་འདི་ཉིད་ཀྱི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཕྲ་ཞིང་ཕྲ་བ་རུས་ལ་ཞེན་པ་ཐམས་ཅད་ནག་བུན་གྱི་སྐྱུགས་ནས་གླུད་གཟུགས་ལ་ཐིམ་པར་མོས་ཤིག་བྱས་ལ། ཁ་ནང་གི་བུམ་ཆུ་གླུད་གཟུགས་ལ་ཕོ། འདིར་བྱབས་པའི་རྫས་ནི། རྩ་ཀུ་ཤ །རྨ་བྱའི་མདོངས། བྱ་རོག་གི་དང་སྒྲོ། ཡུངས་དཀར་གྱི་ཐུམ་བུ་དང༌། མེ་ལོང་རལ་གྲི་དར་ཚོན་སྣ་ལྔ་ཏེ། རྫས་བདུན་ལྡན་ཞེས་བཤད་དོ། །དེ་ནས། སློབ་དཔོན་སྐད་ཅིག་གིས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། རལ་གྲི་དང་ཞགས་པ་འཛིན་པའི་སྐུར་གྱུར། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་ཞེས་པ་ནས། བདེན་པའི་བྱིན་གྱིས་རླབས་གྱི། རྡོ་རྗེ་སློབ་མའང་སྒྲུབ་བྱ་འདི་དག་ལ་གནོད་པར་བྱེད་པའི་འབྱུང་པོ་གདོན་བགེགས་ལོག་འདྲེན་མི་མཐུན་པར་བྱེད་པ་ཐམས་ཅད་སའི་ཕྱོགས་འདི་མ་གནས་པར་གཞན་དུ་སོང་ཞིག །ཅེས་ཡུངས་ཀར་གྱིས་བྲབས། གུ་གུལ་གྱིས་བདུག །དྲག་སྔགས་དང་རོལ་ཆེན་གྱིས་མཚམས་བཅད་དོ། །ཁྲུས་ཁུ་དང་གླུད་གཟུགས་ཆུ་བོའམ། བཞི་མདོར་སྐྱལ། དེ་ནས་རྒྱལ་བ་བརྗོད་པ་ན། སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་སོ། །དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ། །དབང་པོ་ལྷ་མིན་རྣམས་ལས་རྒྱལ། །ལྷ་མིན་ཟླ་བ་ལས་རྒྱལ་ལོ། །ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ནི་མེ་ལས་རྒྱལ་བར་གྱུར། །རླུང་ནི་སྤྲིན་


TNT13_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམ་པར་རྒྱལ། །རྡོ་རྗེ་ཡི་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པས་རྒྱལ་གྱུར་བརྫུན་མ་ལགས། །སྡིག་པ་ཐམས་ཅད་རབ་ཏུ་ཕམ། །ཕྱིར་རྒོལ་ཀུན་ལས་རྒྱལ་བར་གྱུར། སྭཱཧཱ། སྒྲུབ་བྱ་རྣམས་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ། ཨོཾ་ཛ་ཡེ་བི་ཛ་ཡེ་སྭཱཧཱ། ཛ་ཡ་ཛ་ཡ་ཞེས་བརྗོད་ཅིང་གདན་དཀར་པོ་གསར་པ་མེ་ཏོག་དཀར་པོ་གསར་པས་གཏོར་བ་ལ་བཞག །དེ་ནས་བསྲུང་བ་ནི། སློབ་དཔོན་གྱིས་སྒྲུབ་བྱའི་གནས་བདུན་དུ་རྡོ་རྗེ་རྒྱ་གྲམ་བཞག་བས། རྡོ་རྗེའི་གོ་སྐོན་པར་མོས་ཏེ། སྔགས་ཐུང་ལྔ་པོའི་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་རཀྵ་རཀྵ། ཞེས་སོགས་གོང་བཀྲུ་བྱབ་ཀྱི་སྔགས་རྣམས་ལ་རཀྵ་ཞེས་འདོན་པ་སྤོའོ། །མདོར་བསྡུས་ལ་དགའ་ན་དེ་ཙམ་གྱི་བྱད་འགྲོལ་འགྲུབ་པ་ཡིན་པས། སྐབས་འདིར་ཤིས་བརྗོད་རྣམས་བྱ་ལ། ཡང་ཅུང་ཟད་སྤྲོས་པ་ལ་མོས་ན། བར་འདིར་སྔོན་གྱི་གྲྭ་ལྔ་པ་རྣམས་རིག་གཏད་ཀྱི་ཐ་སྙད་མཛད་པའི་གསོལ་བ་འདེབས་པ་འདི་བྱ་སྟེ། སློབ་དཔོན་གྱིས། བཅོམ་ལྡན་འདས་མ་བསྲུང་བ་ལྔའི་ལྷ་ཚོགས་ལ། ཞུ་ངོའི་ཚུལ་གྱིས་སློབ་མའམ། སྒྲུབ་བྱ་འདི་ལ་བར་ཆད་མི་མཐུན་པའི་ཕྱོགས་རྣམས་ཞི་བ་དང༌། ཉེ་བར་འཚེ་བ་རྣམས་བསྲུང་བ་དང༌། ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་མཛད་དུ་གསོལ། ཞེས་ཞུས་པས་ལྷ་རྣམས་ཀྱིས་ཀྱང་ཞལ་


TNT13_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཞེས་ཤིང་དགོངས་པ་གཏད་པར་བསམས་ནས། ན་མོ་བུདྡྷ་ཡ༌། ཞེས་པ་ནས། ཨ་དྷིཥྛི་ཏེ་མུ་དྲ་བཛྲེ་སྭཱཧཱ། ཞེས་པའི་བར། སོ་སོར་འབྲང་མའི་གཟུགས་སྔགས་ཆེན་མོ་ཚར་གསུམ་སྐད་བསངས་མཐོན་པོས་ཀློག །འདི་ལ་ངེས་པར་དཔེ་ཀློགས་མཛད་པ་ལག་ལེན་ཡིན་པ་འདུག །དེ་ནས་དབང་བསྐུར་དངོས་གཞི་བྱེད་ན་མཎྜལ་འབུལ་བ་མན་ཆད་གོང་བཞིན་བྱ་ལ། དབང་བསྐུར་མི་བྱེད་ན། ལྷ་དང་སྔགས་ཀྱི་བསྲུང་བ་མི་བྱ། ཁ་ཟས་ཀྱི་བསྲུང་བ་དང༌། བདེན་སྟོབས་བརྗོད་པ་དང། ཤིས་བརྗོད་རྣམས་དཀྱིལ་ཆོག་བཞིན་བྱ་སྟེ། ཤིས་བརྗོད་ནི་ལྷག་པར་རྒྱས་པ་བྱས་ནའང་ལེགས་ལ། དབང་བསྐུར་དང་མ་འབྲེལ་ན། ཁ་ཟས་ཀྱི་བསྲུང་བའི་སྐབས། འབྲང་རྒྱས་དཀར་པོ་ལྟ་བུའི་དཔལ་ཟས་བཏད་ཀྱང་རུང་ངོ༌། །ལག་ལེན་ཕྲ་མོ་མཐོང་བ་རྒྱུད་པ་ལས་ཤེས་པར་བྱ་ཞིར། ལེགས་པར་དཔྱད་པས་ཀྱང་རྟོགས་པར་འགྱུར་རོ། །སྡོམས་ནི། ཐབ་ཁུང་བཅའ་ཞིང་ཡོ་བྱད་གསོག །སྔོན་འགྲོ་འཇུག་པའི་དབྱེ་བ་དང༌། །སློབ་མ་གསངས་དང་ཚོན་སྐུད་སྐོན། །རང་ལྷར་བསྐྱེད་དང་དགུག་གཞུག་དང༌། །བྱད་ཐག་བཅད་ནས་ལུས་ལ་བྱབ། །ཐབ་ལྷ་བསྐྱེད་ཅིང་མཆོད་བསྟོད་བྱ། །མི་མཐུན་ཕྱོགས་བསྲེག་རྗེས་ཆོག་དང༌། །ལྷ་ལ་ཁྲུས་གསོལ་སྒྲུབ་བྱ་བཀྲུ། །དུག་ཞི་བ་དང་བྱབ་པ་དང༌། །རྒྱལ་བར་བརྗོད་ནས་གཏན་ལ་བཞག །བསྲུང་བ་བྱས་ཏེ་ཤེས་པ་བརྗོད། །ཡང་ན་བསྲུང་བ་རིགས་གཏད་དང༌། །ཟས་མཆོག་བདེན་སྟོབས་བཀྲ་ཤིས་རྒྱས། །ཞེས་བྱའོ། །ཐོག་མར་བགེགས་སྦྱངས་བྱུར་གསལ་བ། བྱས་ནའང་ཤིན་ཏུ་ལེགས་པ་ཉིད། །


TNT13_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་སྟེ་གཟུངས་གྲྭ་ལྔའི་ཆོ་ག་ལ་བརྟེན་ཏེ་བྱད་འགྲོལ་བྱེད་ཚུལ་གྱི་ལག་ལེན་ཤིན་ཏུ་འཁྱེར་བདེ་བ་འདི་ཡང༌། དཀྱིལ་མཆོག་བར་ཆད་ཀུན་སེལ་གྱི་ཆ་ལག་ཏུ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བྲིས་བའོ།། །།བཀྲ་ཤིས། །དགེ་ལེགས་འཕེལ། །


previousགཟུངས་གྲྭའི་ཆོ་ག་ལ་བརྟེན་ནས་བྱད་འགྲོལ་བྱེད་ཚུལ།next