Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མངོན་པར་དགའ་བའི་ཞིང་གི་སྨོན་ལམ་མདོ་སྡེའི་དགོངས་དོན།


 
previousམངོན་པར་དགའ་བའི་ཞིང་གི་སྨོན་ལམ་མདོ་སྡེའི་དགོངས་དོན།no next

མངོན་པར་དགའ་བའི་ཞིང་གི་སྨོན་ལམ་མདོ་སྡེའི་དགོངས་དོན།


TNT13_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་དགའ་བའི་ཞིང་གི་སྨོན་ལམ་མདོ་སྡེའི་དགོངས་དོན་ཞེས་བྱ་བ་བཞུགས་སོ། །


TNT13_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ལྷ་ཡི་ལྷ་མཆོག་རྒྱལ་བ་ཤཱཀྱ་ཐུབ། །རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོར་བཞུགས། །དགྲ་བཅོམ་དགེ་འདུན་བྱང་ཆུབ་སེམས་དཔའི་ཚོགས། །སྲིད་གསུམ་ཆེ་དགུའི་ཚོགས་ཀྱིས་ཞབས་ལ་གཏུགས། །དེ་ཚེ་ཤཱ་རིའི་བུ་ཡིས་གསོལ་བཏབ་ནས། །འགྲོ་ལ་ཕན་ཕྱིར་ཆོས་ཀྱི་སྒྲོན་མེ་སྤར། །བདག་ཀྱང་དང་བའི་ཡིད་ཀྱིས་སྐྱབས་སུ་མཆི། །ཡང་དག་སྨོན་ལམ་འདི་དག་འགྲུབ་པར་ཤོག །འདི་ནས་ཤར་ཕྱོགས་ལོགས་སུ་སྟོང་གསུམ་སྟོང༌། །འདས་པའི་ཕ་རོལ་མངོན་པར་དགའ་བ་ཞེས། །ཡོན་ཏན་གཞལ་དུ་མེད་པའི་ཞིང་ཁམས་ཡོད། །བདག་ཅག་ཞིང་དེར་ཆོས་ལ་སྤྱོད་པ་དང༌། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་པ་དང༌། །སྤྱོད་པ་མཆོག་དང་སྤྲོ་བ་ཆེན་པོ་དང༌། །སེམས་མཆོག་བསྐྱེད་དང་གོ་ཆ་བགོ་བ་དང༌། །


TNT13_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་བརྗོད་པའི་ཚུལ་ལ་འཇུག་པར་ཤོག །སྔོན་ཚེ་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོས། །ཕར་ཕྱིན་དྲུག་ལས་བརྩམས་ཏེ་ཆོས་འཁོར་བསྐོར། །དེ་ཚེ་མཆོག་ཏུ་གྱུར་བའི་དགེ་སློང་ཞིག །བྱང་ཆུབ་སྤྱོད་པ་མཆོག་ལ་དམ་བཅའ་མཛད། །གནོད་སེམས་མི་སྐྱེ་རྐྱེན་གྱིས་མི་འཁྲུགས་པས། །དེ་ནས་བརྩམས་ཏེ་རྒྱལ་སྲས་གནས་སྐབས་དང༌། །ད་ལྟ་རྒྱལ་བར་གྱུར་ཀྱང་མི་འཁྲུགས་ཞེས། །བླ་ན་མེད་པའི་མཚན་མཆོག་དོན་ལྡན་གྱུར། །བྱང་ཆུབ་སེམས་དཔའི་གནས་སྐབས་དེ་ཉིད་ལའང༌། །སྙིང་ནས་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ལྟར་དམ་བཅའ་སྨོན་ལམ་འདེབས། ཁྱེད་ཀྱི་མཛད་སྤྱོད་རྗེས་སུ་བདག་སློབ་ཤོག །གཡོ་སྒྱུ་མེད་ཅིང་བདེན་པས་སེམས་བསྐྱེད་ལ། ཁྲོ་དང་གནོད་སེམས་འཁྲུག་པ་ཐམས་ཅད་སྤངས། །ནམ་ཡང་ཐམས་ཅད་མཁྱེན་པའི་སེམས་མི་འབྲལ། །འདོད་པའི་


TNT13_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ལ་སོགས་ཉོན་མོངས་སྤངས། །སྲོག་གཅོད་ལ་སོགས་མི་དགེའི་སེམས་དང་བྲལ། །རྟག་ཏུ་བླ་མེད་བྱང་ཆུབ་ཡོངས་སུ་བསྔོ། །ཇི་སྐད་སྨྲས་པ་དེ་བཞིན་བགྱིད་པ་དང༌། །སངས་རྒྱས་ཡིད་བྱེད་འབྲལ་མེད་སྒོམ་པར་ཤོག །ཚེ་རབས་ཀུན་ཏུ་རབ་ཏུ་བྱུང་ནས་ཀྱང༌། །འདོད་ཆུང་ཆོག་ཤེས་སྦྱངས་པའི་ཡོན་ཏན་ལྡན། །ཆགས་པ་མེད་པའི་སྤོབས་པས་དམ་ཆོས་སྟོན། །བག་མེད་ལེ་ལོས་ཉལ་བ་ནམ་ཡང་མེད། །རྩ་ལྟུང་སྤངས་ཤིང་ཁྱིམ་གྱི་ལས་མི་བསྐྱེད། །བུད་མེད་བརྫུན་དང་གཞན་སྐྱོན་བརྗོད་པ་དང༌། །གཞན་གནོད་དཔའ་སྐོང་ལ་སོགས་མི་བགྱིད་ཅིང༌། །བདེན་དོན་སྤྱོད་ཚེ་ངན་སྤྱོད་སྤོང་བར་ཤོག །ཐ་ན་ངུར་སྨྲིག་ཚུན་ལའང་མཆོད་རྟེན་དང༌། །བློ་ལྡན་ཀུན་ལ་སྟོན་པའི་འདུ་ཤེས་བསྐྱེད། །དམ་ཆོས་ཉན་པར་བརྩོན་ཞིང་ལྷ་གཞན་སྤངས། །ཆོས་དང་ཟང་ཟིང་རྟག་ཏུ་སྙོམས་པར་གཏོང༌། །སྲོག་ལའང་མི་ལྟ་གཞན་གྱི་སྡུག་བསྔལ་སེམས། །རྨི་ལམ་དུའང་ཚུལ་ཁྲིམས་འཆལ་བ་སྤངས། །གང་ན་ཉེས་ལྟུང་སྒྲ་ཡང་མི་གྲགས་པའི། །ཞིང་མཆོག་ཡོངས་སུ་དག་པ་སྒྲུབ་པར་ཤོག །མི་འཁྲུགས་རྒྱལ་བའི་མྱུ་གུར་གྱུར་པ་ན། །རྣམ་པ་དེ་འདྲའི་སྨོན་ལམ་གོ་ཆ་མཛད། །དམ་བཅའ་འདི་འདྲ་ལྡན་པའི་རྒྱལ་སྲས་རྣམས། །བླ་མེད་བྱང་ཆུབ་ཉེ་ཞེས་རྒྱལ་བས་བསྔགས། །བདེན་པའི་མཐུ་ལས་འཇིག་རྟེན་ཁམས་ཀྱང་


TNT13_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས། །ཀྱེ་མ་སྔོན་མེད་སེང་གེའི་སྒྲ་ཆེན་ཞེས། །འཇིག་རྟེན་ཀུན་ཏུ་བསྔགས་པ་ལན་བརྒྱར་བརྗོད། །བདག་ཅག་རྣམས་ཀྱང་དེ་བཞིན་སྤྱོད་པར་ཤོག །རྒྱལ་གཞན་སངས་རྒྱས་མཛད་པ་མཛད་པ་ན། །འོད་ཀྱི་སྣང་བས་འཇིག་རྟེན་ཀུན་ཁྱབ་སྟེ། །སྡུག་བསྔལ་ཀུན་ཞི་ངོ་མཚར་དཔག་མེད་འབྱུང༌། ཁྱེད་ནི་ཐུགས་བསྐྱེད་ཙམ་ནའང་དེ་དང་མཚུངས། །བསྐལ་པ་བཟང་པོའི་སེམས་དཔའ་སྟོང་ལ་སོགས། །འཕགས་མཆོག་བགྲང་ཡས་ལས་ཀྱང་ཆེས་ལྷག་ཅེས། །སློབ་པའི་དུས་ནའང་སངས་རྒྱས་ཀུན་གྱིས་བསྔགས། །བདག་ཀྱང་མགོན་པོ་ཁྱེད་དང་མཚུངས་པར་ཤོག །བཅོམ་ལྡན་མི་འཁྲུགས་རྒྱལ་པོའི་བྱང་ཆུབ་ཤིང༌། །གནམ་འཕང་དུ་ནི་དཔག་ཚད་འབུམ་ཡོད་ལ། །རིན་ཆེན་སྣ་བདུན་ལས་གྲུབ་དེ་ལས་ནི། རབ་ཏུ་སྙན་པའི་ཆོས་སྒྲ་མཐའ་ཡས་འབྱུང༌། །བསྐལ་པ་ཆེན་པོ་འབུམ་ཕྲག་བཅུ་ཡི་བར། །བཅོམ་ལྡན་འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན། །ཕྱི་རྗེས་བསྟན་པའང་ཡུན་ཚད་དེ་ཙམ་གནས། །དེ་འདྲའི་རྒྱལ་བ་རྟག་ཏུ་མཐོང་བར་ཤོག །བྱང་ཆུབ་བརྙེས་པར་འགྱུར་བའི་ཞག་བདུན་སྔོན། །འགྲོ་ཀུན་དགའ་བདེས་ཁྱབ་ཅིང་ཉོན་མོངས་བྲལ། །བླ་མེད་ཡེ་ཤེས་བརྙེས་ཚེ་ཁམས་གསུམ་གཡོ། །ཀུན་གྱི་ཕྱག་འཚལ་མཆོད་པ་དཔག་ཡས་ཕུལ། །དཔག་ཚད་བརྒྱ་ཡི་ཚད་ཅན་ནོར་བུའི་གདུགས། །རྟག་


TNT13_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དབུ་གཙུག་སྟེང་གི་ནམ་མཁར་གནས། །སྟོང་གསུམ་ཆེན་པོའི་འཇིག་རྟེན་ཁམས་དེ་ནི། །སྐུ་ཡི་འོད་ཟེར་ཁོ་ནས་རྟག་ཏུ་ཁྱབ། །ཞིང་ཁམས་དེ་ན་ངན་འགྲོ་བདུད་ལས་དང༌། །མུ་སྟེགས་ཅན་དང་འཐབ་རྩོད་འཆིང་བ་མེད། །རྒས་དང་ནད་དང་རྒུད་པ་ཡོངས་མེད་ཅིང༌། །བུད་མེད་སྐྱོན་དང་མི་གཙང་དངོས་པོ་མེད། །ཉན་ཐོས་རྣམས་ཀྱང་ཐེག་ཆེན་ཚུལ་ལ་བསྟེན། །བདེན་པ་མཐོང་བའི་མོད་ལ་དགྲ་བཅོམ་ཐོབ། །དགེ་སློང་དགེ་འདུན་བཀོད་པ་མཐའ་མེད་ཅིང༌། །བྱང་ཆུབ་སེམས་དཔའི་འདུས་པ་ཚད་མེད་དེ། །དེ་དག་རེ་རེའི་ཡོན་ཏན་བགྲང་ལས་འདས། །བདག་དང་མཐའ་ཡས་འགྲོ་བ་འདི་དག་ཀུན། །ཚོགས་མཆོག་དམ་པ་དེ་འདྲའི་ནང་ཆུད་ནས། །ཆོས་ཀྱི་སྒོ་ཡི་ཏིང་འཛིན་ཐོབ་པར་ཤོག། མདོག་བཟང་ས་གཞི་འཇམ་ལ་རེག་ན་བདེ། །མཐོ་དམན་མེད་ཅིང་ལྷ་ཡི་ནོར་བུས་སྤྲས། །གསེར་གྱི་པདྨ་མང་པོས་རབ་ཏུ་ཁེབས། །སྡོང་དུམ་ཚེར་མ་ངམ་གྲོག་ལ་སོགས་སྤངས། །གོས་དང་རྒྱན་རྣམས་དཔག་བསམ་ཤིང་ལས་འབྱུང༌། །འབད་རྩོལ་མེད་པར་རིན་ཆེན་སྣོད་རྣམས་སུ། །རོ་བརྒྱ་ལྡན་པའི་ཁ་ཟས་འདོད་བཞིན་འབྱུང༌། ཁྱིམ་རྣམས་ཐམས་ཅད་གཞལ་མེད་ཁང་པ་སྟེ། ཁྲི་དང་མལ་གདན་ཡོ་བྱད་དུ་མས་ཁྱབ། །རྫིང་བུ་གསེར་གྱི་བྱེ་མ་བརྡལ་བ་ལས། །མྱ་ངན་མེད་པའི་ལྗོན་པས་ཡོངས་སུ་བསྐོར། །


TNT13_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་སྐྱེས་བུའི་འདོད་ལ་རྗེས་སུ་འབྱུང༌། །འཇམ་པོའི་རླུང་ལྡང་ཚ་གྲང་སྡུག་བསྔལ་མེད། །རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་པོ་ལས། །གཙོ་འཁོར་གཞན་མེད་ཐམས་ཅད་སྙོམས་པར་བདེ། །ཉོ་ཚོང་ཞིང་སོགས་ལས་ལ་མི་འཇུག་སྟེ། །ཇི་ལྟར་ཡིད་ལ་བསམ་པ་དེ་ལྟར་འབྱུང༌། །གསེར་གྱི་ཏ་ལའི་ནགས་ཀྱིས་ཕྱོགས་ཀུན་ཁྱབ། །ཡིད་འོང་སྒྲ་དང་དྲི་ཞིམ་ཀུན་ཏུ་འཐུལ། །གླུ་གར་རོལ་མོས་བརྩེ་ཡང་བག་ཡོད་ལྡན། །མགོན་ཁྱོད་སྤྱོད་ཡུལ་གཤེགས་ན་ཞབས་ཀྱི་རྗེས། །རིན་ཆེན་ཆུ་སྐྱེས་འདབ་སྟོང་ལྡན་པ་འབྱུང༌། །པདྨ་དེ་ཡང་མཆོད་ཡུལ་ཆེན་པོར་འགྱུར། །འཛམ་བུ་གླིང་ནས་སུམ་ཅུ་རྩ་གསུམ་བར། །གསེར་དངུལ་བཻཌཱུརྱ་ཡི་ཐེམ་སྐས་ཅན། །དེ་ལ་ལྷ་དང་མི་རྣམས་བདེ་བར་རྒྱུ། །ཇི་ལྟར་ལྷ་བཞིན་དེ་ལྟར་མི་ཡང་བདེ། །ལྷ་རྣམས་འཛམ་བུ་གླིང་པ་རྣམས་ལ་སྨོན། །དབང་སྒྱུར་བདུད་ཀྱི་འཇིག་རྟེན་ཞེས་གྲགས་ནའང༌། །ཡང་དག་ལམ་ལ་ཞུགས་པ་ཁོ་ན་ཡིན། །འགྲོ་བ་ཐམས་ཅད་བཅོམ་ལྡན་མི་འཁྲུགས་པ། །རྟག་པར་མཆོད་ལ་བརྩོན་ཞིང་ཆོས་ཀྱང་ཉན། །ཐམས་ཅད་ཀུན་ནས་ཉོན་མོངས་ཤས་ཆུང་ཞིང༌། །སྡིག་པའི་ལས་དང་ཉེས་ལྟུང་དྲི་མས་དབེན། །འདོད་པའི་དགའ་བ་ལས་ཀྱང་ཆགས་བྲལ་ཐོབ། །མངལ་གནས་ཁང་བཟང་ལྟ་བུར་ཞག་བདུན་བདེ། །ཉན་ཐོས་རྣམས་ཀྱང་རྣམ་


TNT13_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཟད་མི་མངའ། །སེམས་པ་རྣམས་ཀྱི་རྣམ་ཐར་བསམ་མི་ཁྱབ། །ཞིང་ཁམས་མཆོག་དེའི་ཆོས་ཀྱི་འབྱོར་བས་ནི། །ཞིང་གཞན་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར། །ཐུགས་རྗེ་ལྡན་པ་སྤོས་ཀྱི་གླང་པོ་ནི། །ད་ལྟ་སྐྱོབ་པ་མཆོག་གི་རྒྱལ་ཚབ་ལགས། །མི་འཁྲུགས་རྒྱལ་བའི་བསྟན་པའི་ཕྱི་རྗེས་སུ། །ཞག་བདུན་ལོན་ནས་ཆོས་ཀྱི་རྒྱལ་པོར་འགྱུར། །ལྷ་མིའི་སྟོན་པ་གསེར་གྱི་པདྨ་ཞེས། །སྟོབས་བཅུ་ལྡན་པ་མི་འཁྲུགས་ཇི་ལྟ་བ། །ཐུགས་རྗེའི་འཕྲིན་ལས་བསམ་མི་ཁྱབ་པར་འགྱུར། །མགོན་པོ་དེ་ནི་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་ཁྱོད་ཀྱི་མཛད་སྤྱོད་ཇི་ལྟ་བར། །བྱང་ཆུབ་སྤྱོད་པ་སྒྲུབ་པར་དམ་འཆའ་ཞིང༌། །མི་འཁྲུགས་ཉིད་དང་ལྷན་ཅིག་འགྲོགས་པའི་ཕྱིར། །ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པ་དང༌། ཁྱོད་སྐུ་དམ་ཆོས་གསུང་བའི་རྣམ་པ་དང༌། །དགེ་སློང་དགེ་འདུན་དྲན་དང་རྒྱལ་སྲས་ཀྱི། །དགེ་འདུན་རྗེས་སུ་དྲན་ནས་ཡོངས་སུ་བསྔོ། །དེ་དག་མངོན་དགའི་ཞིང་དུ་སྐྱེས་བར་གསུངས། །རྒྱལ་ཚབ་དམ་པའི་མཚན་ཐོས་སྨོན་ལམ་འདེབས། །ཕྱོགས་བཅུའི་ཞིང་ཁམས་དག་པར་སྒྲུབ་པ་དང༌། །གཞན་དག་ཞིང་དེར་སྨོན་ལམ་འདེབས་སུ་འཇུག །མི་འཁྲུགས་ཞིང་གི་མདོ་སྡེར་སྤྱོད་པ་དང༌། །གླང་པོའི་ཁྲི་དང་པདྨ་ལ་བཞུགས་པའི། །སྐུ་གཟུགས་སྟོང་ཕྲག་སྒྲུབ་པར་བྱེད་པ་སོགས། ཁྱེད་


TNT13_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བགྲང་ཡས་དགེ་འདུན་ཚོགས་ཀྱིས་བསྐོར། །མངོན་སུམ་མཐོང་ནས་ཞིང་དེར་འགྲོ་བར་གྱུར། །སངས་རྒྱས་བདེན་པའི་ཚིག་གིས་དེ་སྐད་གསུངས། །འགྲོ་བ་ཀུན་ཀྱང་རྣམ་པ་དེ་ལྟ་བུས། །བསོད་ནམས་དགེ་བའི་ཚོགས་ལ་རབ་ཞུགས་ནས། །མངོན་པར་དགའ་བའི་ཞིང་ལ་སྤྱོད་པར་ཤོག །བདག་ཅག་དེང་ནས་སྐྱེ་བ་ཐམས་ཅད་དུ། །ཕ་རོལ་ཕྱིན་བཅུའི་དཔལ་ལ་ལོངས་སྤྱོད་ཅིང༌། །རྣམ་གསུམ་སྒྲིབ་པའི་ཚོགས་རྣམས་དྲུངས་ཕྱུང་ནས། །མི་འཁྲུགས་མགོན་པོའི་གོ་འཕང་ཐོབ་པར་ཤོག །ཇི་སྲིད་དེ་མ་ཐོབ་ཀྱི་བར་དུ་ཡང༌། །མི་མཐུན་ཕྱོགས་ཀྱི་བར་ཆད་ཀུན་ཞི་ཞིང༌། །དམ་པའི་ཆོས་ཀྱི་དགའ་སྟོན་མཆོག་རོལ་བས། །འགྲོ་ཀུན་བླ་མེད་བདེ་ལ་འགོད་པར་ཤོག །ཅེས་པ་མངོན་པར་དགའ་བའི་ཞིང་གི་སྨོན་ལམ་མདོ་སྡེའི་དགོངས་དོན་ཞེས་བྱ་བ་འདི་ཡང་དོན་གཉེར་མང་པོས་བསྐུལ་པའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ།། །།མངྒ་ལཾ། །


previousམངོན་པར་དགའ་བའི་ཞིང་གི་སྨོན་ལམ་མདོ་སྡེའི་དགོངས་དོན།no next