Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousརྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ།next

རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ།


TNT14_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ་བཞུགས།


TNT14_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་གུ་རུ་བུདྡྷཱ་བོ་དྷི་སཏྭེ་བྷྱཿ སྲིད་གསུམ་ལས་རྒྱལ་སྒྲུབ་པའི་དགའ་སྟོན་ཅན། །རབ་འབར་འོད་ཟེར་སྟོང་གི་གཟི་བརྗིད་ཀྱིས། །བདུད་བཞིའི་དཔུང་འཇོམས་གང་དེར་ཕྱག་གི་གནས། །སྔགས་ཀྱི་འཕྲིན་ལས་ཅུང་ཟད་ཙམ་ཞིག་སྤེལ། །འདིར་རྡོ་རྗེ་རྣམ་འཇོམས་ལྗང་ཁུ་དཔའ་བོ་གཅིག་པའི་བུམ་ཆོག་ཉེར་མཁོ་ནི། སྟེགས་བུའམ་གཞི་གཙང་མ་ལ། རྡུལ་ཚོན་ནམ་རས་བྲིས་པདྨ་འདབ་བརྒྱད་ཀྱི་ལྟེ་བར། བུམ་པ་མགུལ་བཅིངས་ཁ་རྒྱན་དང་བཅས་པ། སྟེང་དུ་དུང་ཆོས་མཆོད་ཡོན་དང་བཅས་པ་དང༌། གཟུངས་ཐག་རྡོ་རྗེ་ཡང་བཤམས། མཐའ་བསྐོར་དུ་མཆོད་པ་དང༌། འཇིག་རྟེན་འདས་གཏོར་གཅིག །ཆ་གསུམ་དང་བཅས་པ་རྣམས་ཀྱང་ལག་ལེན་བཞིན་བཤམས། ཁྲུས་སྔོན་དུ་འགྲོ་བས། གཙང་སྦྲའི་སྤྱོད་པ་ལ་གནས་བཞིན་དུ། སྤྲོ་ན་རྣམ་རྒྱལ་ལྷ་དགུའི་བུམ་ཆོག་ཏུ་བཤད་པ་ལྟར། ཕྱག་འཚལ་དང་ཡན་ལག་


TNT14_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་བྱ། ཁྱིམ་པ་ཞིག་ཡིན་ན་བསྙེན་གནས་ཀྱི་སྡོམ་པ་ཡང་བཟུང་ངོ༌། །མདོར་བསྡུས་པའི་ཚེ་དེ་དག་མི་དགོས་ལ། མཆོད་པ་བྱིན་བརླབ་ནི། ཨོཾ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ། དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐས་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱདྱཾ་སྭཱཧཱ།


TNT14_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་པུཥྤཾ་སྭཱཧཱ། ཨོཾ་བཛྲ་་དྷཱུ་པཾ་སྭཱཧཱ། ཨོཾ་བཛྲ་དཱི་པཾ་སྭཱཧཱ། ཨོཾ་བཛྲ་གནྡྷེ་སྭཱཧཱ། ཨོཾ་བཛྲ་ནཻ་ཝི་ཏྱ་སྭཱཧཱ། ཨོཾ་བཛྲ་ཤཔྟ་སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་དང༌། སོ་སོའི་ཕྱག་རྒྱ་བྱ། མཐར་རོལ་མོ་ཇི་སྙེད་པ་འབུད་དཀྲོལ་བྱས་སྟེ་བྱིན་དབབ། དེ་དག་ནི་སྔོན་འགྲོ་ཡིན་ནོ། །བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་གསུམ་ནས་ཉི་ཤུ་རྩ་གཅིག་གི་བར་ཅི་རིགས་ཀྱི་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་རྣམ་པར་འཇོམས་པའི་བསྒོམ་བཟླས་ལ་འཇུག་པར་བྱའོ། །ལན་གསུམ་བརྗོད། རང་གི་སྙིང་ཁར་པད་ཉི་ལ་ཧཱུཾ་ལྗང་སྔོན། དེ་ལས་འོད་འཕྲོས། ལུས་གང་སྡིག་སྒྲིབ་སྦྱངས། སྣ་བུག་ནས་ཕྱིར་སྤྲོས། རང་


TNT14_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསྐོར་བ་བཛྲ་ས་མཱ་ཛཿ གྲུབ་པ་རིགས་སྔགས་ཀུན་གྱི་གཙོ། །རྡོ་རྗེ་རྣམ་འཇོམས་དཀྱིལ་འཁོར་ནི། །སངས་རྒྱས་བྱང་ཆུབ་སེམས་ཚོགས་དང༌། །བླ་མར་བཅས་པའི་ཞབས་ལ་འདུད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི། ར་བ་དྲ་བ། གུར་བླ་རེ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་


TNT14_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན། ཞལ་གཅིག་ཕྱག་གཉིས་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞལ་ཁྲོ་མ་འཛུམ་གྱི་རྣམ་པ་ཅན། མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། སྤྱན་གསུམ་དང་ལྡན་ཞིང༌། དབུ་སྐྲ་རལ་པའི་ཐོར་ཙུགས་ཅན། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཟི་བརྗིད་མཐའ་ཡས་པ་མངའ་ཞིང༌། མ་ལུས་པའི་སྤྲུལ་པ་འཆང་བའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྤོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨ། སླར་ཡང་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་ཞེས་པ་སྦྱར་ཏེ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར། སྐུ་གང་


TNT14_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན། སླར་ཡང༌། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི། །རྡོ་རྗེ་རིན་ཆེན་ཀུན་ནས་འབར་བའི་མཐུས། །བདུད་བཞིའི་སྟོབས་རྣམས་རྣམ་པར་འཇོམས་མཛད་པའི། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །རང་གི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་ལྟེ་བའི་ནང་དུ། ཧཱུཾ་གི་ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་དམིགས་ནས། འདི་སྐད་བདག་གིས་ཐོས་པ༴ ནས།རབ་ཏུ་སྨྲས་སོའི་བར་ཚར་གཅིག །དངོས་གཞི་སྔགས་གསུམ་པོ་ཅི་ནུས་སུ་བཟླ་བ་ལས། གསུམ་ཀར་སྦྲགས་ཏེ་ཚར་གཅིག་ངེས་པར་འདོན་ལ། དེ་ནས་རང་གི་མོས་པ་དང་སྦྱར་ཏེ། གསུམ་ཀར་སྦྲགས་པ་ཁོ་ན་བཟླ་བའམ། གསུམ་པོ་གང་རུང་གཅིག་བཟླ་བར་བྱའོ། །དེ་ལ་ན་མོ་རཏྣ་ཏྲ་ཡཱ་ཡ། དང་པོ་ནས། ཛྭ་ལ་སྭཱཧཱའི་བར་རྩ་སྔགས། ན་མོ་རཏྣ་དྲ་ཡཱ་ཡ། འོག་མ་ནས། བྷིནྡྷ་བྷིནྡྷ་བཛྲ་ཧཱུཾ་ཕཊ་ཀྱི་བར་སྙིང་པོའོ། །ན་མ་ཥྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་མན་ཆད་ཉེ་སྙིང་ངོ༌། །རྩ་སྔགས་ཀྱི་ཨ་མུ་ཀཾ་མ་ར་ཡ༴ ཞེས་པ་ནི། གནོད་བྱེད་འབྱུང་པོ་མ་ར་ཡ༴ ཞེས་འདོན་པ་སྤོ། བཟླས་པའི་མཐར། སྡིག་པ་ཐམས་ཅད་བྱང་བྱས་ནས། ཞེས་པ་མན་ཆད་ཕན་ཡོན་ཚར་གཅིག་འདོན། བདག་བསྐྱེད་ཁོ་ན་བྱེད་ན། སྐབས་འདིར་ལྷ་འོད་གསལ་དུ་བསྡུ་བའམ། མཆོད་ཅིང་བསྟོད་ནས་གཤེགས་སུ་གསོལ་བ་གང་རུང་བྱེད་པ་ཡིན་ནའང༌། མདུན་བསྐྱེད་དང་སྦྲཻལ་ནས་བྱེད་པ་ལ། སྐབས་འདིར་དེ་གཉིས་ཀ་མི་བྱའོ། །དེ་དག་ནི་བདག་བསྐྱེད་བཟླས་པ་དང་བཅས་པའོ། །དེ་ནས་བུམ་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་


TNT14_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་བ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་བུམ་པའི་ནང་དུ། པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཧཱུཾ་ལས། ཞེས་པ་ནས། རྡོ་རྗེ་རྣམ་པར་འཇོམས་པ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿའི་བར་བདག་བསྐྱེད་བཞིན། མ་ལུས་སེམས་ཅན་ཀུན་གྱི་སོགས་ཤོ་ལོ་ཀ་གསུམ་གྱིས་སྤྱན་དྲངས། ཡང་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པ་སོགས། རྡོ་རྗེ་སེམས་དཔའི་དབུ་རྒྱན་གྱི་བར་ཡང་བདག་བསྐྱེད་བཞིན་བྱ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །རྒྱལ་བ་སྲས་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་ཞབས་བསིལ་ལ་སོགས་ཤཔྟའི་བར་དུ་སྦྱོར། རྡོ་རྗེ་དྲིལ་བུ་འཛིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་གྱུར་པ་ནི། །


TNT14_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །མི་ཕྱེད་བསྲུང་བའི་འཁོར་ལོ་ནི། །ཀུན་ནས་འབར་བའི་མེ་དཔུང་གི། བསྐོར་བའི་གནས་ལ་ཕྱག་འཚལ་ལོ། །རྣམ་པར་རྒྱས་པ་པདྨ་ཡི། །སྙིང་པོ་ཉི་མའི་དཀྱིལ་འཁོར་ལ། །འགྱིངས་པའི་ཚུལ་གྱིས་ལེགས་བཞུགས་པ། །རྡོ་རྗེ་རྣམ་པར་འཇོམས་ལ་འདུད། །སྣ་ཚོགས་འཕྲིན་ལས་བསྒྲུབ་པའི་ཕྱིར། །སྐུ་མདོག་མར་གད་ལྟར་གསལ་བ། །རྒྱུན་རྣམས་ཀུན་གྱིས་རྣམ་པར་སྤྲས། །སྤྲུལ་པའི་འོད་ཟེར་འཕྲོ་ལ་འདུད། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཞི་དང་ཁྲོ་དང་འཛུམ་པ་དང༌། །དཔལ་དང་བརྩེ་བའི་ཉམས་དང་ལྡན། །དབང་ཕྱུག་དམ་པ་ཁྱོད་ལ་འདུད། །སྣ་ཚོགས་རྡོ་རྗེ་ཕྱག་གཡས་ཀྱིས། །ཉིད་ཀྱི་ཐུགས་ཀར་འགྱིངས་ནས་བསྣམས། །གཡོན་པ་དྲིལ་བུ་དཀུར་འཛིན་པ། །རྣམ་རོལ་ཁྱོད་ལ་ཕྱག་འཚལ་ལོ། །གསུང་གི་རིགས་སྔགས་ང་རོའི་དབྱངས། །འབྲུག་སྒྲ་སྟོང་བཞིན་རབ་བསྒྲགས་པས། །བདུད་དཔུང་མ་ལུས་རྣམ་གནོན་ཞིང༌། །འདོད་དགུ་སྦྱིན་པར་མཛད་ལ་འདུད། ཁྱོད་ཐུགས་ཟབ་པས་ཉེར་ཞི་ཡང༌། །རྒྱ་ཆེ་རོལ་བས་ཀུན་ཁྱབ་མཛད། །མི་གཡོ་ཀུན་ཁྱབ་རྟག་བརྟན་


TNT14_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཡེ་ཤེས་དབང་ཕྱུག་ཁྱོད་ཕྱག་འཚལ། །ཡོན་ཏན་འཕྲིན་ལས་རིན་ཆེན་གྱི། །མི་མཛད་གཏེར་གྱུར་མགོན་ཁྱོད་ལ། །རྟག་ཏུ་གུས་པས་གསོལ་འདེབས་ཀྱི། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། ཞེས་བསྟོད། བུམ་བསྐྱེད་ཀྱི་ཐུགས་ཀའི་སྣ་ཚོགས་རྡོ་རྗེ་སྦུབ་སྟོང་དུ་ཡོད་པའི་ནང་དུ། བསྒྲུབ་བྱ་གང་ཡིན་དེ་གསལ་བཏབ་ལ། ཐུགས་ཁའི་ས་བོན་སྔགས་འཕྲེང་དང་བཅས་པ་ལས་སྤྲོས་པའི་འོད་ཟེར་བསྒྲུབ་བྱའི་ལུས་ལ་ཕོག་པས། ནད་གདོན་སྡིག་སྒྲིབ་མཐའ་དག་ཞི་བ་དང༌། ཚེ་དང་བསོད་ནམས་རྒྱས་པར་བསམ། རང་གི་སྙིང་ཁ་ནས་སྔགས་ཀྱི་འཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བས། བུམ་ནང་གི་ལྷའི་ཐུགས་ཀར་རྒྱུད་བསྐུལ། ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་བུམ་པ་གང་བར་གྱུར། གཟུངས་མདོ་འདོན་ཞིང༌། སྔགས་བཟླ་ཚུལ་ནི་བདག་བསྐྱེད་དང་འདྲ་བས། རྩ་སྔགས། སྙིང་པོ། ཉེ་སྙིང་རྣམས་རིམ་པས་ཕྱི་མ་མང་བར་བཟླའོ། །མཐར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གང་ཐུགས་སོགས་ཀྱིས་བསྟོད། གཟུངས་ཐག་བསྡུ། གཏོར་མ་དང་པོ་རྡོ་རྗེ་གནོད་སྦྱིན་གྱིས་ཕྱག་རྒྱ་དང༌། ཨོཾ་བཛྲ་ཡཀྵ་ཧཱུཾ་གིས་བགེགས་སྦྱངས། རྡོ་རྗེ་མེའི་ཕྱག་རྒྱ་དང༌། ཧཱུཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐཱ་བྷཉྩ་ར་ཎ་ཧཱུཾ་ཕཊ་ཀྱིས་མ་དག་པ་བསྲེགས་ཤིང༌། གཟི་བརྗིད་རྒྱས་པར་བྱས། རྡོ་རྗེ་བསྡམས་པ་འདེབས་ཚུལ་བྱ་ཞིང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་


TNT14_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་དྱ་ནུཏྤནྣ་ཏྭད། ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་པས་བདུད་རྩིའི་རྒྱ་མཚོ་བྱིན་གྱིས་བརླབས། ཉེ་སྙིང་གི་མཐར། ཨ་ཀཱ་རོ་སྦྱར་བ་ལན་བདུན་གྱིས་ཕུལ། ཡང་གོང་བཞིན་མཆོད་བསྟོད་བསྡུས་པ་བྱས་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ༴ ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་གྱིས་གསོལ་བ་འདེབས་ཏེ། མདུན་བསྐྱེད་འཁོར་དང་བཅས་པའི་ཆོ་གའོ། །དེ་ནས་ཆ་གསུམ་གྱི་ཆོ་གས་འཇིག་རྟེན་པའི་གཏོར་མ་བཏང༌། མཆོད་པ་ཁ་གསོ། བྱིན་གྱིས་བརླབས། བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་པར་འདོད་ན། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཞེས་བརྗོད་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པ་བྱེད་དགོས་པ་ལས། སྤྲོ་ན། རབ་འབྱམས་རྒྱ་མཚོ་དཔག་མེད་ན། ཞེས་སོགས་ཀྱང་བརྗོད། བསྟོད་པ་བསྡུས་པས་བསྟོད། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་མཛོད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་མཛད་དུ་གསོལ། སྡིག་སྒྲིབ་དང་ནད་གདོན་དང་འཁོན་གྲིབ་དང༌། མི་གཙང་བ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་


TNT14_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་དུ་གསོལ། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་ཡི་གེ་བརྒྱ་པ་མང་དུ་བཟླས། མ་འབྱོར་པ་དང་ཉམས་པ་དང༌། གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཡང་མགོན་པོས་བཟོད་པར་མཛོད། །ལན་གསུམ། ཨོཾ་ཨཱཿཧཱུཾ། ཞེས་པས་དུང་ཆོས་ཀྱི་ཆུ་བུམ་པར་བླུག །བུམ་ནང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་བུམ་པའི་ཆུ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ཞེས་གཏོར་མགྲོན་རྣམས་གཤེགས་ཤིང༌། བདག་བསྐྱེད་ཀྱི་ཡེ་ཤེས་པ་ཡང་གཤེགས་པར་འདོད་ན། དེ་རྣམས་དང་ལྷན་ཅིག་ཏུའོ། །སྨོན་ལམ་དང་བཀྲ་ཤིས་རྒྱས་བསྡུས་ཇི་ལྟར་འཚམས་པ་བྱ་སྟེ། འཇིག་རྟེན་པའི་གཏོར་མ་མན་ཆད་དེ་རྣམས་རྗེས་ཀྱི་བྱ་བའོ། །འདིར་ཡང་རྒྱས་པ་ལ་མོས་ན། ལེགས་གྲུབ་ལས་འབྱུང་བའི་རྒྱུན་བཤགས་དང༌། རྒྱལ་ཆེན་བཞིའི་གཏོར་བསྔོ་ཡང་བྱ་སྟེ། རྣམ་རྒྱལ་ལྷ་དགུའི་བུམ་ཆོག་ཏུ་བཀོད་ཟིན་ཏོ། །འདི་དག་ཏུ་རྟེན་སྐུ་གཞན་ཡོད་ན། བུམ་པའི་ལྷ་འོད་དུ་ཞུ་ཟིན་པའི་སྐབས་དེར། རྟེན་ལ་བརྟན་བཞུགས་བྱ་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་


TNT14_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྟག་ཏུ་རྒྱལ་བ་རྣམས་མྱང་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་འམ། སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་འདི་རྣམས་ཐམས་ཅད། ཇི་སྲིད་འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་གི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་མེ་ཏོག་གཏོར། ཨོཾ་ཁྱོད་ཀྱིས་སེམས་ཅན༴ཞེས་སོགས་བྱའོ། །དེ་ནས་བསྒྲུབ་བྱ་འགའ་ཞིག་ལ། བཀྲུ་བྱབ་བསྲུང་གསུམ་བྱ་དགོས་ན། མཐེབ་རྒྱུ་ཏིང་ལོ་དང་ཆངས་བུ་གསུམ་གསུམ་ལ། ལག་ལེན་བཞིན་ཆབ་བཏང༌། བཛྲ་ཡཀྵ་སོགས་སྔགས་ཚན་གསུམ་གྱི་བྱིན་གྱིས་བརླབས། ལས་ཀྱི་རྡོ་རྗེས་གཏོར་མ་བསྐོར་ཞིང༌། ཨོཾ་སརྦ་བིགྷྣཱན་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིང་ཏ་ཡེ་སྭཱཧཱ། སེ་གོལ་གྱི་སྒྲ་དང་བཅས་པ་ལན་གསུམ་གྱི་ཞི་བའི་སྦྱང་བ་དང༌། ཏིང་ལོ་དང༌། འཆང་བུ་སྦྱར་ལ་བསྐོར་ཞིང་རྡོ་རྗེ་གསོར་བཞིན་པས། །


TNT14_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱི་མཐར། ཚེ་དང་ལྡན་པའམ། དགེ་བའི་བཤེས་གཉེན་ནམ། རྡོ་རྗེ་སློབ་མའམ། སྦྱིན་པའི་བདག་པོའམ། བསྒྲུབ་བྱ་འདི་ཞེས་བགྱི་བ་ལ་བར་དུ་གཅོད་པར་བརྩོན་པའི་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་གཏོར་མ་འདི་ལམ་བརྔན། ཏིང་ལོ་འདི་ལམ་སྒྲོན། འཆང་བུ་འདི་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག །ཅེས་བརྗོད་དེ་ཞི་དྲག་ཕྱེད་མས་སྦྱང་བ་དང༌། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཁྲོ་བོའི་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུཾ་ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། ཅེས་པ་ནས། འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་པའི་བར་བརྗོད། ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་སྤྱན་དྲངས། པདྨ་ཀ་མ་ལ་ཡ། སྟྭཾ་གྱིས་གདན་ཕུལ། ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས། ནཻ་ཝེ་ཏྱའི་བར་ཕུལ། སྤྲོས་པ་ལ་དགའ་ན། ཆོས་ཉིད་སྟོང་པ་སོགས་ཀྱི་ཡང་བསྟོད། བསྡུ་ན། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་པའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྱས་ཏེ། ན་མོ་


TNT14_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི༴ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི༴ བདེན་པ་ཆེན་པོས་བྱིན་གྱིས་བརླབས་གྱིས། བསྒྲུབ་བྱ་འདི་ཞེས་བགྱི་བ་ལ། བར་དུ་གཅོད་པར་རྩོམ་པའི་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཡེ་ཤེས་ཆེན་པོའི་རང་བཞིན་རྡོ་རྗེ་ཁྲོ་བོའི་བཀའ་ཐོས་པས་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག །གང་དག་མི་འགྲོ་བ་དེ་དག་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་རོ། །ཞེས་ལྷའི་ང་རྒྱལ་ཤུགས་དྲག་པོས་རྡོ་རྗེ་གསོར་ཞིང་ཡུངས་ཀར་གྱིས་བྲབ། གུ་གུལ་སོགས་ཀྱིས་བདུག་ཅིང༌། བདུད་རྩི་འཁྱིལ་བའི་སྔགས་རིང་ཐུང་རྣམས་དྲག་ཏུ་བཟླ་ལ། སྤྲོས་པ་ལ་དགའ་ན་རོལ་མོའི་སྒྲ་བྱེད་ཅིང༌། རྣམ་འཇོམས་ཀྱི་སྙིང་པོ་དང༌། ཉེ་སྙིང་བཟླ་བའི་སྲོལ་སྣང་བ་ཡང་འགལ་བ་མེད་པར་སེམས། རྒྱས་པ་ལ་དགའ་བས་ཁྲོ་བོ་ལ་མཆོད་བསྟོད་བདེན་བརྡར་བགེགས་བསྐྲད་རྣམས་ལན་གསུམ་བྱེད་པའི་སྲོལ་ཡང་སྣང་ངོ༌། །དེ་ནས་ཏིལ་ལམ་ཡུངས་ཀར་གྱི་སྦྱང་བ་ནི། བསྒྲུབ་བྱ་རང་ཉིད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་


TNT14_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་སྡིག་སྒྲིབ་ཐམས་ཅད། སྙིང་གར་ཡི་གེ་ཀཾ་ཡིག་ནག་པོའི་རྣམ་པར་གནས་པ། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས། མདུན་གྱི་ཏིལ་ལམ་ཡུངས་ཀར་ལ་ཐིམས། དེ་ཉིད་གཡས་སུ་ཡེ་ཤེས་ཀྱི་མེས་བསྲེགས། གཡོན་དུ་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་འགྱུར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་ཡེ་སྭཱཧཱ། ལན་གསུམ་བཟླས། ཏིལ་ལམ་ཡུངས་ཀར་བསྐོར་ཞིང་མེ་དང་ཆུར་དོར། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་དང་བཅས་པ། མདུན་གྱི་ནམ་མཁར་བཛྲ་སཱ་མ་ཛཿ མཆོད་བསྟོད་བསྡུས་པ་ཞིག་བྱ། འདི་སྐད་བདག་གིས་ཐོས་པ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ་ཀྱི་བར་ཚར་ཅིག་བརྗོད་ལ། སརྦ་པཱ་པཾ་བྷྱཿ ཤནྟིཾ་ཀུ་རུ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། སརྦ་བིགྷྣཱན་བྷྱ༴ སརྦ་དུཥྟན༴ སརྦ་གྲ་ཧེ༴ སརྦ་ཛྭ་རེ༴ སརྦ་བྱཱ་ཏི༴ སརྦ་ཨུ་པ་དྲཱ་བེ༴ སརྦ་ཨ་ཀ་ལ་མྲིཏྻ༴ སརྦ་དུུ་ར་སོ་བ་ནི༴ སརྦ་དུུ་ར་མི་ཏེ༴ སརྦ་ཙིཏྟ་ཀུ་ལེ་བྷྱཿཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་ཁྲུས་བྱར་གཞུག །ནད་པའི་རིགས་འགའ་ཞིག་སོགས་དངོས་སུ་ཁྲུས་བྱ་མི་འདོད་ན། མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་བཀྲུའོ། །བྱབས་པ་ནི། རྨ་བྱའི་སྒྲོ་མདོངས་ཀྱི་དབུས་སུ་ཟླ་བ་ལ་སྔགས་ཀྱི་འཕྲེང་བ་འཁོད། དེ་ལས་འོད་ཟེར་འཕྲོས། བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྡོ་ཁབ་ལེན་གྱི་ལྕགས་ཕྱེ་ལེན་པ་


TNT14_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བླངས་ཏེ་ཕྱིར་དོར་བར་མོས་ལ། གཟུངས་ཡོངས་རྫོགས་སམ་ཉེ་སྙིང་གི་མཐར། སརྦ་པཱ་པཾ་བྷྱཿ སོགས་ལ། ཤནྟིཾ་ཀུ་རུའི་ཚབ་ཏུ། ཨ་པ་ན་ཡ་སྭཱཧཱ། ཞེས་པ་བཏགས་ལ་བྱབ། མི་མཐུན་པའི་ཕྱོགས་དེ་རྣམས་སླར་མི་ལྡོག་པར་བྱ་བའི་ཆེད་དུ་བསྲུང་བ་བྱ་བ་ནི། བསྒྲུབ་བྱའི་སྤྱི་བོ་དང༌། མདུན་རྒྱབ་དང༌། དཔུང་པ་གཡས་གཡོན་དང༌། དཔྱི་གཡས་གཡོན་ཏེ། གནས་བདུན་དུ་རྡོ་རྗེ་རྒྱ་གྲམ་རེ་རེ། དེ་ལས་དེ་འདྲ་བའི་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས་ནས། ལུས་ལ་རྡོ་རྗེའི་གོ་བསྐོན་པར་གྱུར། གཟུངས་ཡོངས་རྫོགས་སམ་ཉེ་སྙིང་གི་མཐར། སརྦ་པཱ་པཾ་བྷྱཿ སོགས་ལ། རཀྵཿརཀྵཿ ཞེས་བཏགས་ལ་བསྒྲུབ་བྱའི་གནས་བདུན་དང༌། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །མཐར། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །རྡོ་རྗེ་རྣམ་པར་འཇོམས་པའི་ནུས་མཐུ་ཡིས། །འགྲོ་བ་འདི་ནི་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །དེ་ནས། སྡིག་པ་ཐམས་ཅད་བྱང་བྱས་ཏེ། །ཞེས་མན་ཆད་ཚར་ཅིག་སྟོན་ལ། ནམ་མཁར་བཞུགས་པའི་ལྷ་རྣམས་ལ་དམིགས་ནས་མཆོད་བསྟོད་ཅིག་བྱས་ཏེ། ཨོཾ་ཁྱོད་ཀྱི་སེམས་ཅན་སོགས། གཤེགས་སུ་གསོལ། བསྒྲུབ་བྱ་ལ་རོལ་མོའི་སྒྲ་དང་བཅས་ཏེ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དོ། །ཡང་བསྒྲུབ་བྱ་དབང་བསྐུར་ཐོབ་པ་སོགས་འགའ་ཞིག་ལ། ལས་ཀྱི་རྗེས་མ་བསྡུས་པར། བུམ་པའི་ལྷ་ཞུ་ཟིན་མ་


TNT14_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཏུ། བསྒྲུབ་བྱའི་བྱ་བ་རྣམས་བྱས་ལ། མགྲོན་དང་ཁྲུས་ཀྱི་ལྷ་ལྷན་ཅིག་ཏུ་གཤེགས། དེ་ནས་ལས་རྗེས་བསྡུས་ཏེ། སྨོན་ལམ་དང་བཀྲ་ཤིས་རྒྱས་པ་བརྗོད་པའི་ལུགས་ཀྱང་ཡོད་དོ། །ཀུན་ལ་གྲགས་ཤིང་ཡིག་གེ་མང་ཡོད་ཀྱང༌། །གཞན་གྱི་བསྐུལ་ཕྱིར་མདོ་ཙམ་བྲིས་པ་ཡིན། །གང་དེས་དགེ་བས་མཐའ་ཡས་འགྲོ་བ་ཀུན། །རྡོ་རྗེ་རིགས་ཀྱི་གཙོ་བོ་ཐོབ་པར་ཤོག །ཅེས་པ་འདི་ཡང་དོན་གཉེར་བ་མང་པོའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བ་སྟེ། དཔལ་ཇོ་མོ་ནང་གི་རི་ཁྲོད་དུའོ། །དགེ་ལེགས་འཕེལ། བཀྲ་ཤིས།


no previousརྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ།next