Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
སཱཙྪ་དང་ཁང་བུ་བརྩེགས་པ་སོགས་ལ་རབ་གནས་མདོར་བསྡུས་སུ་བྱེད་ན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསཱཙྪ་དང་ཁང་བུ་བརྩེགས་པ་སོགས་ལ་རབ་གནས་མདོར་བསྡུས་སུ་བྱེད་ན།next

སཱཙྪ་དང་ཁང་བུ་བརྩེགས་པ་སོགས་ལ་རབ་གནས་མདོར་བསྡུས་སུ་བྱེད་ན།


TNT14_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སཱཙྪ་དང་ཁང་བུ་བརྩེགས་པ་སོགས་ལ་རབ་གནས་མདོར་བསྡུས་སུ་བྱེད་ན། ཡོ་བྱད་རྣམས་ཚོགས་པར་བྱས། སྔོན་འགྲོ་གཏོར་མ་བཏང༌། གནས་དང་ཡོ་བྱད་བྱིན་གྱིས་བརླབས། རྒྱུད་སྡེ་བཞི་དང་འབྲེལ་བའི་དཀྱིལ་འཁོར་རྒྱས་པའམ། བསྡུས་པ་དཔའ་བོ་གཅིག་པའི་བར་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། མདུན་བསྐྱེད་རས་བྲིས་ལ་སོགས་པའི་དཀྱིལ་འཁོར་དང་འབྲེལ་ན། སོ་སོའི་ལུགས་ཀྱི་དངོས་གཞི་དང་འབྲེལ་བའི་དཀྱིལ་འཁོར་སྒྲུབ་པ་དང་མཆོད་པ་ཡན་ཆད་བྱ། ནང་གཏོར་དང་བདག་འཇུག་མཐའ་གཅིག་ཏུ་དགོས་པའང་མ་ཡིན་པས། ལོང་སྐབས་དང་བསྟུན། མདུན་བསྐྱེད་དཀྱིལ་འཁོར་རྒྱས་པ་དང་མ་འབྲེལ་བར། མཎྜལ་ཙམ་ལ་བརྟེན་ནས་བསྒྲུབས་ཀྱང་ཤིན་ཏུ་གོ་ཆོད། དེའི་དབང་ལྟར་བྱས་ན། མཎྜལ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱི་རོལ་ཏུ་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁམས་དམ་པས་ཡོངས་སུ་བསྐོར་ཞིང་བསྲུང་བའི་འཁོར་ལོ་དང་བཅས་པ་ཁང་བཟང་དམ་པའི་ནང་དུ། བྷྲུཾ་ལས་བྱུང་བའི་ལྷ་རྫས་ཀྱི་གདན་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ མ་ལུས་སེམས་


TNT14_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མའམ། མ་ལུས་འགྲོ་བའི་རང་བཞིན་སོགས་ཇི་ལྟར་འོས་པ་བརྗོད། ཨ་མྲྀ་ཏའི་སྔགས་ལྟ་བུས་བསངས། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་འདི་ཞེས་བྱ་བའི་དཀྱིལ་འཁོར་གྱི་རྣམ་པས་བཞུགས་པར་གྱུར། ཞེས་བརྗོད་དཀྱིལ་འཁོར་གང་ཡིན་པ་དེའི་སྔགས་བརྒྱ་ཙམ་བཟླས། སླར་ཡང་མཆོད་པ་བྱིན་རླབས་བྱ། རབ་འབྱམས་རྒྱ་མཚོ་མ་སོགས། ཚིགས་བཅད་འོས་པའི་མཆོད་པ་དང༌། དཀྱིལ་འཁོར་དགོས་ཀྱི་བསྟོད་པ་དང༌། དེ་ཉིད་ལྔ་པ་སོགས་ཇི་ལྟར་འོས་པས་བསྟོད། སཱ་ཙའི་སྐབས་ཡིན་ལ་སྔར་སཱ་ཙ་མ་བཏབ་ན་སྐབས་འདིར་འཇིམ་པ་བྱིན་རླབས་ཀྱི་སྐོར་རྣམས་བྱ་བ་ཡིན་ཀྱང༌། ཕལ་ཆེར་སྐབས་འདིར་བྱེད་པ་ཉུང་ངོ༌། །རབ་གནས་དངོས་ནི། ཐོག་མར་བགེགས་སྦྱང་བ་དང༌། སྡིག་སྒྲིབ་སྦྱང་བ་ངེས་པར་བྱ་ཞིང༌། སྤྲོ་ན་བྱུར་བསལ་བ་ཡང་བྱེད། སྔར་དཀྱིལ་འཁོར་སོ་སོའི་ལུགས་ཀྱི་བུམ་པ་སྒྲུབས་ཡོད་ན། ལས་བུམ་གྱིས་ཁྲུས་གསོལ་བྱ་ཞིང༌། གལ་ཏེ་བུམ་པ་མ་སྒྲུབས་རུང༌། དྲི་བཟང་གི་ཆུས་གང་བའི་བུམ་པ་ལ་ཨ་བྷི་ཥེ་ཀ་ཏའི་སྔགས་ཉེར་གཅིག་ཙམ་བཟླས་ནས། ཕྱིན་དྲུག་གི་ཚིགས་བཅད་སོགས་ཁྲུས་གསོལ་ཆ་ཚང་བར་བྱ། སྤྲོ་ན། གང་ལ་སེར་སྣ་སོགས་བྱོན་ལེགས་ཀྱི་ཚིགས་བཅད་དམ། གྲྭ་ལྔ་ནས་འབྱུང་བའི་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཆེན་མོ་གང་རུང་གི་སྒོ་ནས་ཁྲུས་གསོལ་བྱ། རྟེན་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་དེ་བཞིན་གཤེགས་པའི་མཆོད་རྟེན་ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་བུམ་པའི་ནང་དུ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་


TNT14_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཤར་དུ་མི་བསྐྱོད་པ་སྔོན་པོ། གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ནུབ་ཏུ་འོད་དཔག་མེད་དམར་པོ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཐམས་ཅད་ཀྱང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུག་ཤིང༌། དར་དང་རིན་པོ་ཆེས་བརྒྱན་པ། སེང་གེ གླང་པོ། རྟ་མཆོག རྨ་བྱ། མཁའ་ལྡིང་གི་ཁྲི་རྣམས་ལ་རིམ་པར་བཞུགས་པའོ། །རྟེན་གཞན་རྣམས་རྡོ་རྗེ་སེམས་དཔར་བསྐྱེད་དེ་སྤྱི་དང་འདྲ། དེ་རྗེས་བརྟན་བཞུགས་ཀྱི་བར་རབ་གནས་དཀྱུས་བཞིན་བྱེད་པའམ། དབང་བསྐུར་གྱི་སྐབས་རྒྱས་བསྡུས་ཇི་ལྟར་འོས་པ་བྱ་སྟེ། བསྟོད་པའི་སྐབས་སུ་ཚིགས་བཅད་བཞི་པའི་བསྟོད་པ་དང༌། སྤྲོ་ན་མཆོད་རྟེན་གྱིས་བསྟོད་པ་གཞན་ཡང་འདོན། སྐབས་འདིར་ཆ་གསུམ་མམ། ཕྱི་རོལ་གཏོར་མའམ། མཁའ་འགྲོ་སྤྱི་གཏོར་སོགས་བཏང༌། དེ་རྗེས་ཤིས་བརྗོད་རྒྱས་པར་བྱའོ། །འཇིམ་པ་བྱིན་རླབས་ལོགས་སུ་བྱེད་ན། སྔོན་འགྲོ་གཏོར་མ་དང་གནས་ཡོ་བྱིན་རླབས་སྔོན་དུ་འགྲོ་བས། མངོན་རྟོགས་བསྡུས་པ་བཟླས་པ་དང་བཅས་པ་ཞིག་བྱ། དེ་ནས་འཇིམ་པ། སྐུ་ཕོར། འབྲུ་མར། ནང་བཞུགས། བརྡར་བུ། ཐོ་བ་སོགས་ཡོ་བྱད་རྣམས་ཕྱོགས་གཅིག་ཏུ་འཛོམས་པར། བསངས་སྦྱངས། སྟོང་པའི་ངང་ལས། ཨོཾ་ཨཱཿབྷྲུཾ་ཧཱུཾ་ལས་བྱུང་བའི་རིན་པོ་ཆེའི་རང་


TNT14_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ཕུང་པོ་ནམ་མཁའི་མཐས་ཀླས་པར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ སྤྱན་འདྲེན་བཞུགས་གསོལ། མཆོད་པའི་ཚིགས་བཅད་སོགས་ཇི་ལྟར་འོས་པ་སྦྱར། འགྲོ་བ་རྒྱུད་ལྔ་མ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་འཇིམ་པ་བྱིན་གྱིས་བརླབས་པ་དང༌། སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་བའི་འཕྲིན་ལས་མཛད་དུ་གསོལ། རྣམ་པར་སྣང་མཛད་འཁོར་དང་བཅས་པའི་ཐུགས་ཀ་ནས་སྔགས་ཀྱི་ཡིག་འབྲུ་དང་བཅས་པའི་འོད་ཟེར་དཔག་ཏུ་མེད་པ་བྱུང་འཇིམ་པ་ལ་ཐིམ་པར་གྱུར། རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བསྣོལ་བ་འཇིམ་པའི་སྟེང་དུ་བཞག་སྟེ་གཟུངས་ཉི་ཤུ་རྩ་གཅིག་འདོན། སྔགས་གཞན་རྣམས་ཀྱང་གསུམ་གསུམ་མམ་བདུན་བདུན་ཙམ་བཟླ། ནམ་མཁར་བཞུགས་པའི་ལྷ་ལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། རྣམ་པར་སྣང་མཛད་དག་པ་ཆེ་སོགས་ཀྱིས་བསྟོད། ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །འདི་འཇིམ་པའི་ཚོགས་ཆེན་པོ་ལ་གལ་ཆེ་དང༌། སྤྲོས་པ་ལ་དགའ་བའི་དབང་དུ་བྱས་ཀྱི། བསྡུ་ན་དངོས་གཞིའི་སྐབས་ཀྱི་སྔགས་དང་ཕྱག་རྒྱ་ཁོ་ནའི་བྱིན་རླབས་ཀྱིས་ཆོག་གོ །མན་ཐང་དང༌། རྡོ་ལྷ་ཐོར་བུ་དང༌། རིགས་གསུམ་མགོན་པོའི་མཆོད་རྟེན་སོགས་ལའང༌། རབ་


TNT14_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དངོས་གཞི་གོང་དང་འདྲ། རིགས་གསུམ་མཆོད་རྟེན་ལ་སོ་སོའི་སྔགས་ཀྱི་བྱིན་རླབས་རེ་བརྟན་བཞུགས་ཀྱི་རྗེས་ལ་བྱེད་པར་སྣང༌། རིགས་གསུམ་གྱི་སྐུ་བརྙན་ཡོད་ན་རིགས་གསུམ་རང་དུ་བསྐྱེད་པ་ལེགས་སོ། །ཞེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ། །དགེའོ། །ཞུས་དག །


previousསཱཙྪ་དང་ཁང་བུ་བརྩེགས་པ་སོགས་ལ་རབ་གནས་མདོར་བསྡུས་སུ་བྱེད་ན།next