previousའཆི་མེད་འཕགས་མ་སྒྲོལ་མའི་སྒྲུབ་ཐབས།next

འཆི་མེད་འཕགས་མ་སྒྲོལ་མའི་སྒྲུབ་ཐབས།


TNT14_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་བཞུགས་སོ། །


TNT14_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མཿཨཱརྱ་ཏཱ་རེ་ཡེ། རྣམ་བཀྲའི་ཡེ་ཤེས་འོད་བརྒྱ་ཡི། །དྲ་བ་འགྱེད་ལས་གདུང་སེལ་ཞིང༌། །ཀཻ་ལ་ཤ་ཡི་དཔལ་མངའ་བའི། །འཕགས་མའི་སྐུ་ལ་མགོས་ཕྱག་འཚལ། །ཡེ་ཤེས་རྒྱ་མཚོ་འགྲོ་ལ་ཡིད་བཞིན་གྱི། །འཆི་མེད་ནོར་བུའི་དགའ་སྟོན་སྦྱིན་མཛད་པ། །གང་དེའི་ཞབས་སེན་ཟླ་རིས་བདག་ཅག་གི །རལ་བའི་ཁྲི་ལ་ནམ་ཡང་བསྟི་བར་གྱུར། །འཕགས་པ་དེའི་བཞེད་སྲོལ་ལས་བྱུང་བའི། །འཆི་མེད་ཨཱརྱ་ཏཱ་རེ་སྒྲུབ་པར་འདོད་པས། བསྟི་གནས་མཆོག་ཏུ། ཁ་ཤར་དུ་ཕྱོགས་ལུས་བསྲངས་ཏེ། རྡོ་རྗེ་སྙིང་གར་བཟུང་ནས། ཨོཾ་ཨ་ན་དྱ་དཱི་ཙིཏྟ་བཛྲ་སཏྭཱ་ཧཾ། ཞེས་བརྗོད། ཨོཾ་བཛྲོ་ད་ཀེ་ཧཱུཾ། དུང་ཕོར་དུ་ཆུ་བླུག ཨོཾ་ཏཔྟེ་ཏཔྟེ་མཧཱ་ཏཔྟེ་སྭཱཧཱ། ཡེ་ཤེས་པ་དགུག་པའོ། །ཨོཾ་ཧྲཱི་སྭཱཧཱས་ཁ། ཨོཾ་ཁཿསྭཱཧཱས་གདོང༌། ཨོཾ་པཉྩཱཾ་ག་ཧཱུཾ། ཡན་ལག་ལྔ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་སོགས་ཀྱིས་ལུས་ཀུན་བཀྲུའོ། །ཨོཾ་


TNT14_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་པཱ་པཾ་ས་ར་ཡ་ཧཱུཾ་ཕཊ། ཁྲུས་ཁུ་དོར། ཨོཾ་བཛྲ་སཏྭ་བཱ་ཡུ། རླུང་གཡས་ནས་དགང་ཞིང༌། གཡོན་ནས་དབྱུང༌། ཨོཾ་བཛྲ་སཱ་ན་ཧཱུཾ་གིས་གདན། ཨོཾ་ཨཱཿཧཱུཾ་གིས་སྒོ་གསུམ། ཨོཾ་ཨཱཿསྭཱཧཱ་གྷཎྜཾ། དྲིལ་བུ། ཨོཾ་ཧཱུཾ་སྭཱཧཱ་བཛྲཾ། རྡོ་རྗེ། ཨོཾ་ཨོཾ་སྭཱཧཱ། མུ་ཏྲཾ་གིས་ལུས་བྱིན་རླབས། དེ་ནས་རང་ཉིད་ལྷར་གསལ་བའི་སྙིང་གའི་འོད་ཀྱིས་ལུས་པ་མེད་པའི་སྐྱབས་ཡུལ་སྤྱན་དྲངས། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བོ་དྷི་སཏྭཻ་ཨེ་ཧྱ་ཧི། མཆོད་ཅིང་བསྟོད་ནས། གང་གིས་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །དཔལ་ལྡན་བླ་མ་རྡོ་རྗེ་ཅན། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ཡན་ལག་བདུན་པ་བྱ། ཨོཾ་ཤཱུ་ནྱ་ཏ། རྡོ་རྗེ་གསོར་ཞིང༌། དྲིལ་བུ་དཀྲོལ་ལ། ཧཱུཾ་ལན་གསུམ། རྡོར་དྲིལ་འཛིན་བཞིན་དུ་ཧཱུཾ་ཀ་རའི་རྒྱས་ཕྱོགས་


TNT14_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་ཏེ། ཨོཾ་ཨིནྡྲ་ཡ་བཛྲ་རཀྵ་ཧཱུཾ། ཨགྣ་ཡ༴ ཡ་མ༴ ནཻ་རི་ཏྱ༴ བ་རུ་ཎ༴ བ་ཡ་བྱ༴ ཡཀྵ༴ ཨི་ཤ་ན༴ པྲཧྨ༴ པྲྀ་ཐྭཱི༴ ཞེས་བསྒྱུར། རྡོ་རྗེ་ཁུ་ཚུར་གྱི་རྒྱས། ཨོཾ་སྠཱ་ན་མེ་རཀྵ་ཧཱུཾ། ཡོ་ག༴ ཨཏྨ༴ སླར་ཡང་རྡོར་དྲིལ་འཛིན། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྐོར་ཞིང་བསྟན་ལ། ཨོཾ་སརྦ་རཀྵ་ཎཾ་བཛྲ་ཧཾ། ཨོཾ་སྭ་བྷཱ་བ༴ ཀུན་རྫོབ་ཀྱི་སྣང་བ་རྡུལ་ཙམ་ཡང་མི་དམིགས་པ་གདོད་མའི་རིང་ནས། ཞིང་ཁམས་རྒྱ་མཚོ་རྣམ་པར་སྣང་བར་བྱེད་པའི་པད་ཟླ་དྲི་མ་མེད་པའི་སྟེང་དུ། རང་སེམས་ཀྱི་ངོ་བོ་ཏཱཾ་གི་ནཱ་དས། སྲིད་ཞི་མ་ལུས་པའི་རང་བཞིན་གྱི་མི་ཤིགས་པ་འཆི་མེད་བདུད་རྩིའི་བཅུད་ཐམས་ཅད་སྤྱན་དྲངས། རོ་མཉམ་དུ་གྱུར་པ། རང་ཉིད་འཕགས་མ་ཀཻ་ལ་ཤ་ལྟར་དཀར་ཞིང་དྲི་མ་མེད་པ་ཟླ་བ་ཆུ་ཤེལ་ལྟ་བུ། ཕྱག་དང་པོ་གཉིས་ཐུགས་ཀར་ཏྲཻ་ལོ་ཀྱ་བི་ཛ་ཡ་མུ་དྲ་འཆིང་བ། འོག་མ་ཟུང་གིས་མཆོག་སྦྱིན་དང་བཅས་པའི་ཙིནྟ་མ་ནི་དང༌། ཨུཏྤལ་དཀར་པོའི་སྡོང་བུ་དང་བཅས་པ་འཛིན་པ། སྟོན་ཟླ་གང་བ་ལྟ་བུའི་བཞིན་རས་འཛུམ་ཞིང་སྡུག་པ། དབུ་སྐྲ་མཐོན་མཐིང་ལི་བ་མེ་ཏོག་འཕྲེང་བས་ཅུང་ཟད་བཅིངས་ཤིང་གཡས་ངོས་སུ་གྲོལ་བ། ནུ་འབུར་འཕྲང་ཞིང་རྒྱས་པ། སྒེག་ཅིང་ལང་ཚོ་གསར་དུ་རྒྱས་པའི་སྐུ་འཁྲིལ་བག་ཆགས་ཤིང༌། རྡོ་རྗེའི་གདན་གྱིས་བཞུགས་པ། ཀ་ཤིའི་རས་ཕྲན་གྱིས་སྟོད་གཡོགས་དང༌། དབང་པོའི་གཞུ་ལྟར་


TNT14_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་བའི་དར་གྱི་ཤམས་ཐབས་ཅན། སྐུ་ལ་ཚེ་སྤེལ་བའི་ནོར་བུ་དུ་མས་སྤྲས་པ་ལས་བྱུང་བའི་སིལ་ཁྲོལ་རྣ་བའི་བཅུད་ལེན་ནོ། །གཡས་སུ་པད་ཟླ་ལ་མཾ་ལས་མ་རི་ཙྱཻ་གསེར་མདོག་སྒེག་མོ། རྡོ་རྗེ་དང༌། ཨ་ཤོ་ཀའི་ཡལ་ག་འཛིན་པ། རྒྱན་དང་ཆ་ལུགས་གཙོ་མོ་ལྟ་བུ། གཡོན་དུ་པད་ཉི་ལ་ཧཱུཾ་ལས་ཨེ་ཀ་ཛ་ཊི་སྔོན་མོ་གྲི་གུག་དང་ཐོད་པ་ཁྲག་ཅན་འཛིན་པ། སྟག་ལྤགས་ཀྱི་ཤམས་ཐབས་དང༌། གླང་ལྤགས་ཀྱི་སྟོད་གཡོགས་ཅན། དྲག་མོ་རལ་པ་དམར་སེར་ལན་བུ་གཅིག་པ་གཡོན་དུ་འཕྱང་བ། གཉིས་ཀའང་རོལ་པས་བཞུགས་པ། གཙོ་འཁོར་གསུམ་ཀའང་ཞིང་རབ་འབྱམས་སྣང་བར་བྱེད་པའོ། །གནས་གསུམ་དུ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཏུགས་ཏེ། རིག་པ་ལན་གསུམ་བརྗོད། རིགས་གསུམ་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ་ཧོཿ གནས་བཞི་བྱིན་གྱིས་བརླབས་ནས། ཛཿཧཱུཾ་བཾ་ཧོཿ དེ་བཞིན་གཤེགས་པ་རྣམས་སྐུ་ལ་ཞུགས་པས། ཡེ་ཤེས་འཁོར་ལོ་སད། ས་བོན་ལས་འོད་འཕྲོས། ལྷ་སྤྱན་དྲངས། གསོལ་བཏབ་དབང་བསྐུར་ཆུ་རྒྱུན་དང༌། །སྡིག་བྲལ་མི་གཡོ་ཅོད་པན་དང༌། །བརྟན་པར་བརྗོད་པ་རྣམ་པ་བཅུ། ཞེས་པ་དབང་སྟེ། སྤྱི་དང་མཐུན་ལ། རིགས་བདག་ནི་སྣང་བ་མཐའ་ཡས་སོ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་ནས་རང་གི་ལུས་ནང་དུ་སྣོད་བཅུད་རབ་འབྱམས་སྣང་བ་ལ་སེམས་འཆིང་བ་ཞིང་གི་རྣལ་འབྱོར་དང༌། དེ་དག་ལས་བདུད་རྩིའི་རྒྱུན་བྱུང་བས་ལུས་ཐམས་ཅད་བརྟན་པར་


TNT14_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གང་བས། ནམ་མཁའ་ཇི་སྲིད་བར་རྐྱེན་གང་གིས་མི་ཤིགས་པའི་རྟག་བརྟན་གཡུང་དྲུང་གི་དཔལ་ཐོབ་པར་བསམ་པ་འཆི་མེད་ཀྱི་རྣལ་འབྱོར་སྟེ། དེ་ནས་རྩོད་བྲལ་ཀྱི་ཡིད་རྩེ་གཅིག་པས། ཨོཾ་ན་མཿཏཱ་རེ་ན་མོ་ཧ་རེ་ཧཱུཾ་ཧ་རེ་སྭཱཧཱ། ཞེས་ཛ་པ་ཅི་ནུས་བྱའོ། །དེ་ནས་མཆོད་ཅིང་བསྟོད་ལ། ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླས་ནས། བཛྲ་མུཿཡིས་ཡེ་ཤེས་འཁོར་ལོ་གདོད་མ་ལ་ཞུགས། དམ་ཚིག་པའི་ང་རྒྱལ་གྱི་རིག་པ་ལན་གསུམ་བརྗོད། ཨོཾ་བཛྲེ་བཛྲེ་མ་ཧེ་བཛྲེ་པྲ་མ་ཐ་བཛྲེ་ཨཱཏྨ་ཀོ྅ཧཾ། ལྷ་སྐུ་སྣ་ཚོགས་རྡོ་རྗེར་བསམས། བླ་ན་མེད་པའི་བྱང་ཆུབ་ལ་མི་དམིགས་པ་ཉིད་ཀྱིས་དམིགས་ཏེ། དགེ་བའི་རྩ་བ་ལྷག་པར་བསྔོའོ། །འགྲོ་འདི་གཡུང་དྲུང་གནས་ལ་སྔོན་ཉིད་ནས། །ངང་གིས་འདུག་མོད་ཚུལ་དེ་མ་རྟོགས་རྣམས། །མཐར་བྱེད་སྒྱུ་མའི་རྣམ་འཕྲུལ་གྱིས་ངལ་བ། །གསལ་བའི་ཐབས་འདི་ཡི་གེར་གྱིས་ཤིག་ཅེས། །དེ་སྐད་ས་སྐྱོང་བཀའ་ཡི་ཆུ་ཁུར་གྱིས། །ཀུན་དགའ་སྙིང་པོའི་བློ་གྲོས་དབྱར་སྐྱེས་སྤྲིན། །རྣམ་པར་ལྕི་ལས་འཆི་མེད་བདུད་རྩིའི་ཆར། །འགྲོ་ལ་ཞིང་པའི་བསོད་ནམས་བཞིན་དུ་བབས། །འདིར་གཏོར་མ་དང་ཟས་ཀྱི་རྣལ་འབྱོར། ཉལ་བ་དང་ཐུན་མཚམས་ཀྱི་སྤྱོད་པ་རྣམས་ནི་བྱ་བ་ཁྱད་པར་ཅན་སྤྱི་ལས་འབྱུང་བ་ལྟར་ཡིན་ལ། གདམས་པའི་གནད་རྣམས་ནི་རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ལས་རྟོགས་པར་བྱ་དགོས་པས། དོན་ལ་སྟོན་པའི་སྔགས་པ་དག་གིས་ནན་ཏན་བགྱི་བའི་འོས་སོ། །ཞེས་པ་འདི་ནི་མཁྱེན་ཡངས་མིའི་དབང་པོས་བཀའ་ཡིས་བསྐུལ་བ་ལས། ཤཱཀྱའི་དགེ་


TNT14_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཀུན་དགའ་སྙིང་པོས་གཡར་ཁྲལ་དུ་འཚལ་བའོ།། །།ཤུ་བྷ་མ་སྟུ། ༈ བསྟོད་པ་ནི། ཨོཾ་ནམ་མཁའ་དང་མཉམ་མཉམ་ཉིད་རོ་མཉམ་སྐུ་མངའ་བ། །དངོས་རྣམས་འགྲོ་ཡང་ནམ་མཁའ་རྟག་ཏུ་འགྲོ་མེད་བཞིན། །འཇིག་དང་ཞིག་མེད་འོང་བ་མེད་ཕྱིར་ངོ་མཚར་ཅི། །ཡ་མཚན་སྐུ་མངའ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །སྲིད་དང་སྲིད་པ་རྟག་ཏུ་མེད་པར་གཟིགས་མོད་ཀྱང༌། །སྙིང་རྗེ་ལས་བྱུང་སྨོན་ལམ་དབང་གིས་འགྲོ་ལ་རྟག་རྗེས་གཟིགས། །རྣམ་པར་འཕྲུལ་པ་རྟག་ཏུ་འཆད་པ་མེད་མངའ་བས། ཁམས་གསུམ་ཀུན་ལ་བདེ་བ་ཆེན་པོ་སྦྱིན་ཕྱག་འཚལ། ཁྱོད་ཀྱི་འོད་འཕྲེང་ཐུན་མཚམས་བབས་པའི་འོད་དམར་བཞིན། །ཡིད་འཕྲོག་ལྷ་དབང་གིས་བཏུད་གཙུག་གི་ནོར་བུའི་འོད། །འདྲེ་ལ་རྣམས་འདུད་ཛཱ་ཌ་དེ་ཡང་འགྲོ་ཀུན་གྱིས། །ཉིན་དང་མཚན་ལ་ལན་བརྒྱར་ཕྱག་བྱའི་འོས་སུ་འགྱུར། །ཞེས་སོ། ༈ །རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་རྣམ་པར་འབྱེད་པ་གསང་བའི་སྒྲོན་མ་བཞུགས་སོ། །ཨོཾ་སིདྡྷ་རསྟུ། སངྒུ་རུ་ཤྲཱི་མན་བཛྲཱ་ཙཱརྱ་ཙ་རཱ་ཎ་ཀ་མ་ལ་ན་མསྟུ་ཏེ། གང་ཞིག་གསུང་དང་སྐུ་ལ་ཕ་མཐའ་མཁའ་ལྟར་ལས། །མཁའ་དབྱིངས་རབ་མཉམ་ཐུགས་ནི་ཡེ་ཤེས་གཅིག་པུ་སྟེ། །རྡོ་རྗེའི་རང་བཞིན་ཉིད་ནའང་བརྟན་དང་གཡོ་ཀུན་ལ། །གོ་སྐབས་སྦྱིན་མཛད་འཕགས་མ་འཇིག་རྟེན་ཡུམ་ལ་འདུད། །སྲིད་


TNT14_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲོག་དགོན་ཆེན་པོར་དུབ་གྱུར་གང༌། །རྣམ་པར་བཅས་དང་མཚན་མེད་ཏིང་འཛིན་གྱི། །དེ་ཉིད་རྣམ་བཞིའི་ཐེམ་སྐས་ལ་འཛེགས་ན། །བླ་མེད་བྱང་ཆུབ་ཁང་བཟང་ཅིས་མི་བགྲོད། །དེ་ལྟ་བས་ན་ཐར་པ་གཉེར་གང་ལ། །ཅི་ནས་ལམ་བཟང་དགའ་སྟོན་བྱོས་ཤིག་ཅེས། །དེ་སྐད་ས་སྐྱོང་བཀའ་ཡི་ཁུར་བླངས་ཏེ། །རྨོངས་པ་བདག་ཀྱང་ཅུང་ཟད་སྤོབས་པར་འདོད། །དེ་ལ་སྐལ་བ་དང་ལྡན་པ་འགའ་ཞིག་འབྲས་བུའི་ཐེག་པ་ལས་བརྩམས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་བགྲོད་པའི་ལམ་ནི་འདི་ཡང་སྟེ། དེ་ལ་འདི་བྱ་བའི་རྒྱུད་རིགས་དྲུག་ལས་པདྨའི་རིགས་སུ་གཏོགས་པ་ཡིན་ལ། དེ་ཡང་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ཡིད་བཞིན་ནོར་བུ་སྦྱིན་པའི་ཞབས་ཀྱིས་རྣམ་པར་བཀྲལ་བའི་ལུགས་འདི་ལ། སྐྱེས་བུ་ཕྱི་རོལ་ལ་མངོན་པར་དགའ་བ་ལ་བྱ་རྒྱུད་ཁྱད་པར་ཅན་ཁོ་ནའི་ལུགས་དང༌། ནང་རྣལ་འབྱོར་ལ་མངོན་པར་དགའ་བ་ལ་རྣལ་འབྱོར་གྱི་རྒྱུད་གོ་མཚུངས་ཀྱི་ལུགས་གཉིས་ལས། སྐབས་ཀྱི་དོན་ཕྱི་མ་ཡིན་ཡང༌། རེ་ཤིག་དང་པོ་བརྗོད་པར་བྱ་སྟེ། ལམ་འདི་ཡི་ཚུལ་ལ་བསླབ་པའི་དོན་དུའོ། །དེ་ཡང་སྤྱིར་བྱ་བའི་རྒྱུད་ལས་ཇི་ལྟར་འབྱུང་ཚུལ་མདོར་བསྡུས་ན། འཇུག་པའི་དང༌། སྦྱོར་བའི་དང༌། སྒྲུབ་པའི་དང༌། །གྲུབ་པའི་སྤྱོད་པ་བཞིའི། དང་པོ་ནི། འཇིག་རྟེན་ལས་འདས་པའི་རིགས་གསུམ་གྱི་དཀྱིལ་འཁོར་གང་རུང་དུ་དབང་བསྐུར་བ་ཐོབ་པའམ། གནས་འདི་ཙམ་ལ་ནི་འདས་པའི་


TNT14_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་སེན་སོགས་ཀྱིས་སྔོན་གསང་སྔགས་སྤྱད་པར་ཤེས་ཏེ། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་ཆོ་ག་ལས་འབྱུང་བ་ལ་སོགས་པས་སྡིག་པ་བྱང་བའི་མཚན་མ་མཐོང་ནས་བྱིན་གྱིས་བརླབས་པ་དག་ཀྱང་རུང་སྟེ། ཇི་ལྟར་ལེགས་པར་གྲུབ་པས་ཞུས་པའི་རྒྱུད་ལས། དངོས་གྲུབ་མྱུར་དུ་ཐོབ་གྱུར་པ། །སྔགས་བཟླས་པ་ཡི་འདུལ་བ་བཤད། །སྒྲུབ་པ་གསང་སྔགས་ཐམས་ཅད་དང༌། །ལྷ་རྣམས་དག་ནི་ཐམས་ཅད་དང༌། །ཟློས་པ་བདག་ཉིད་ཆེན་པོ་ལ། །མཁས་པས་ཞེ་སྡང་མི་བྱའོ། །ཞེས་པ་ནས། གསང་སྔགས་གཞན་དུ་སྤྱད་མི་བྱ། །འགྲན་པ་དང་ནི་སད་ཕྱིར་སྤངས། ཞེས་པའི་བར་ལྟུང་བ་སུམ་ཅུ་སྤང་བར་གསུངས་པ་སོགས་བརྟུལ་ཞུགས་རྣམས་བླང་བ་སྟེ། མདོར་ན་གང་ཟག་སྒྲུབ་པ་དང་མི་སྒྲུབ་པ་གཉིས་ཀའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་དང་དབང་བླང་བ་ཡིན་ནོ། །གཉིས་པ་སྦྱོར་བའི་སྤྱོད་པ་ལ། བདག་དང༌། ལྷ་དང༌། སྔགས་དང༌། བསམ་གཏན་གྱི་དེ་ཉིད་བཞིའི་དང་པོ་ནི་བདག་སྟེ། རང་གི་སེམས་རང་བཞིན་འོད་གསལ་རང་རིག་པ། སྟོང་པ་རྣམ་པ་ཐམས་ཅད་པའོ། །གཉིས་པ་ལྷ་དྲུག་པོ་རྣམས་དང༌། གསུམ་པ་ནི་སྔགས་ཀྱི་བསམ་གཏན་ཏེ་བཟླས་བརྗོད་ཀྱི་དེ་ཉིད་ཅེས་ཀྱང་བྱ་ལ། བཞི་པ་ནི་མཚན་མེད་ཀྱི་ཏིང་ངེ་འཛིན་རྣམས་ཏེ། དེ་རྣམས་ཀྱང་བསྡུ་ན། ལྷ་དྲུག་ཏིང་ངེ་འཛིན་རྣམ་བཅས་དང༌། དོན་དམ་ཏིང་ངེ་འཛིན་གཉིས་སུ་མེད་པ་ལ་སྦྱོར་བ་


TNT14_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉིས་སུ་འདུ་བ་ལས། དེའི་དོན་ཅུང་ཟད་བཤད་ན། དང་པོ་ནི། དགོས་པའི་ཡན་ལག་དང་བཅས་པ་དཔུང་བཟང་ལས་དངོས་གྲུབ་ཐོབ་ཕྱིར་ནི་རྣམ་པ་བཅུ་གསུངས་ཏེ། སྔགས་པ་དང་ནི་རང་སྔགས་གཡོག་དང་རྫས། །བརྩོན་འགྲུས་ཕྱོགས་དང་ས་གཞི་དུས་དང་ནི། །ཡན་ལག་རྫོགས་པའི་ལྷ་དང་སེམས་སྟོབས་སོ། །གཞན་དག་ཁ་ཅིག་རིག་འཛིན་གྲོགས་ཞེས་ཟེར། །གཞན་དག་ཕྱོགས་དང་བརྩོན་འགྲུས་དུས་རྣམས་ཉིད། །གཞན་ནི་རྫས་དང་ས་གཞི་ལྷ་དང་སྔགས། ཁ་ཅིག་སེམས་སྟོབས་ཡིན་ཞེས་རྣམ་པར་སྨྲ། །སྒྲུབ་ཕྱིར་དེ་དག་བཅུ་དང་བརྒྱད་དང་ལྔ། །དེ་བཞིན་བཞི་དང་གསུམ་དང་གཅིག་ཉིད་ཅེས། །སྔགས་རིག་རང་རང་བློ་ཡིས་རྣམ་པར་འཆད། །སངས་རྒྱས་རྒྱུད་ལ་ཆོ་ག་གཉིས་ཀྱིས་འགྲུབ། །སྒྲུབ་པོ་གང་ཞིག་རང་གི་ཡོན་ཏན་རྫོགས། །བརྩོན་འགྲུས་མཆོག་དང་ཡང་དག་ལྡན་པ་དང༌། །གཞན་གྱི་རྙེད་པ་ལ་ཡང་ཕྲག་དོག་མེད། །འདོད་ལ་མ་ཆགས་ལས་ཀྱི་ཉོན་མོངས་བཟོད། །གུག་སྐྱེད་ཀླད་ཀོར་ཚང་བ་ཟུར་ཕྱིན་ལ། །གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས། །སངས་རྒྱས་བྱང་ཆུབ་སེམས་དཔའ་བསྟེན་པ་ཡིས། །གནས་སུ་གནས་ན་ཡིད་འོང་དངོས་གྲུབ་ཐོབ། །སྔགས་པ་སྒྲུབ་པོ། རང་སྔགས་ལྷ། སྒྲུབ་གྲོགས་གཡོག །ལྡོང་རོས་སོགས་རྫས། སྦྱོར་བའི་བརྩོན་འགྲུས། གནྡྷ་ར་དང་ཡུལ་དབུས་སོགས་ཕྱོགས། རི་རྩེ་སོགས་ས་གཞི། དཔྱིད་ཟླ་དང༌། སྔ་དྲོ་སོགས་དུས།


TNT14_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་སྐུ་སོགས་ཡན་ལག་རྫོགས་པའི་ལྷ། བརྟུལ་ཕོད་པའི་སེམས་སྟོབས་ཏེ་བཅུ་དང༌། ཕྱི་མ་གཉིས་མ་གཏོགས་བརྒྱད། སྔགས་པ། གྲོགས། ཕྱོགས། བརྩོན་འགྲུས། དུས་ཏེ་ལྔ། སྔ་མ་གཉིས་བོར་བ་གསུམ། རྫས། ས་གཞི། ལྷ། སྔགས་ཏེ་བཞི། སེམས་སྟོབས་གཅིག་ཉིད་དེ། དེ་རྣམས་འཇིག་རྟེན་པའི་ལྷ་རྣམས་ཀྱི་གཙོ་ཕལ་མ་ཕྱེད་པར་དངོས་གྲུབ་སྒྲུབ་པའི་ཡུན་རིང་པོར་འགྱུར་ལ། གང་ཡང་དག་པར་རྫོགས་པའི་སངས་རྒྱས་བྱོན་ནས་བསྟན་པ་ལ་ནི་སྒྲུབ་པ་པོ་མཚན་ཉིད་དང་ལྡན་པ་དང༌། གསང་སྔགས་དག་ཅིང་ཆོ་ག་མ་ཉམས་པ་གཉིས་གཙོ་བོར་བཟུང༌། གཞན་རྣམས་ཕལ་པའི་ཚུལ་དུ་གསུངས། དང་པོ་གོ་སླ་ལ། ཟུར་ཕྱིན་པ་སོགས་སྔགས་དང༌། ཆོ་ག་མ་ཉམས་པ་ལྷའི་རྣལ་འབྱོར་དང༌། སྔགས་ཀྱི་བསམ་གཏན་གྱི་ཆོ་ག་གཉིས་ལས། དང་པོ་ནི། ཇི་སྐད་དུ། དང་པོ་ཁྲུས་བྱས་རྣལ་འབྱོར་པས། །རྡོ་རྗེའི་གདན་ལ་འདུག་ནས་ནི། །མཆོད་དང་གསོལ་བ་ལྷ་དྲུག་བསྒོམ། །སྟོང་དང་ཡི་གེ་སྒྲ་གཟུགས་དང༌། །ཕྱག་རྒྱ་མཚན་མ་དྲུག་ཏུ་འདོད། །དེ་ཡང༌། ཐོག་མར་གཙང་སྦྲ་ཁྲུས་ཀྱི་རྣལ་འབྱོར་ནི། དཔུང་བཟང་ལས། ལུས་ལ་ས་ཡི་དྲིལ་ཕྱིས་བྱས་ནས་སུ། །ཆུ་ཆེན་རྙོག་པ་མེད་པར་ཞུགས་ནས་ཀྱང༌། །ཇི་ཙམ་འདོད་པའི་བར་དུ་ཁྲུས་བྱས་ཏེ། །བྱང་ནས་ཤར་རམ་བྱང་དུ་ཁ་བལྟས་ཏེ། །ཆུ་ཡིས་ལག་པ་རྐང་པ་བཀྲུས་ནས་ནི། །པུས་མོ་ཕྱི་རོལ་དུ་


TNT14_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྟན་བྱས་ཏེ། །བར་དུ་ལག་བཞག་ཙོག་ཙོག་པོར་འདུག་སྟེ། །སྒྲ་མེད་དབུ་བ་མེད་པར་ཉེ་རེག་བྱ། །ཉེ་རེག་གི་དམིགས་བསལ་ནི། སོ་ལ་ཆགས་པ་ལྕེ་ཡིས་རེག་པ་དང༌། །སྦྲིད་པ་བྱུང་ནས་ཁ་ཡང་བཀྲུ་བར་བྱ། །རབ་བྱུང་སྐྱེས་པ་བུད་མེད་གཞོན་ནུ་དང༌། །གཞོན་ནུ་མ་དང་བྲམ་ཟེ་རྒན་མོ་དང༌། །དེ་ལ་སྔགས་པས་ནམ་ཡང་རེག་མི་བྱ། །སྔགས་པས་དེ་དག་རྣམས་ལ་མི་བསམ་མོ། །སྒྲུབ་པོས་དེ་དག་རྣམས་ལ་རེག་གྱུར་ཏམ། །རྒྱ་ལ་དེ་དག་རྣམས་ཀྱིས་རེག་གྱུར་ན། །སླར་ཡང་ཁྲུས་བྱས་མཐོར་འཐུང་བྱས་ནས་སུ། །དེ་ནས་ཕྱིར་ཡང་བཟླས་ལ་འཇུག་པར་བྱ། །ཞེས་དང༌། ས་ཕུད་བཤང་སྒོར་ལྔ་སྟེ་མཚན་ལ་གསུམ། །གཡས་གཡོན་གསུམ་སྟེ་ལག་པ་གཉིས་ལ་བདུན། །ཡང་ན་ཆུ་དང་ས་ཡིས་ཇི་སྲིད་དུ། །དྲི་མ་བྲལ་བ་དེ་སྲིད་བར་དུ་བྱ། །ཞེས་གསུངས་སོ། །རྡོ་རྗེའི་གདན་ནི་བདག་དང་གནས་བསྲུང་བ་དང༌། དེ་ནས་བྲིས་སྐུ་མཚན་ཉིད་དང་ལྡན་པའི་དྲུང་དུ་རང་རིགས་ཀྱི་སྐྱིལ་ཀྲུང་བཅས་ཏེ་འདུག་ནས། ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་པ་བྱས་ནས། དང་པོར་བདག་གི་དེ་ཁོ་ན་ཉིད་རང་བཞིན་འོད་གསལ་བ་གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་བདག་མེད་རྣམ་པ་ཐམས་ཅད་པ་ལ་རིང་དུ་མཉམ་པར་བཞག །དེ་ནས་བདག་གི་དེ་ཁོ་ན་ཉིད་ལས་ལངས་ཏེ་ལྷ་དྲུག་མངོན་དུ་བྱེད་པ་ཡིན་ཏེ། བསམ་གཏན་ཕྱི་མ་ལས། ལྷ་ཡི་སྐུ་ཡི་གནས་དེ་ལ། །དང་པོར་ཁོ་ནར་


TNT14_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ནས་ནི། །རྣལ་འབྱོར་གནས་བཅས་ཤེས་རབ་ཅན། །བདེ་གཤེགས་མདུན་དུ་བསམ་ནས་ནི། །ཕྱི་ནས་ཡན་ལག་རྣམ་གྲོལ་བའི། །མིག་འབྱེད་འབྱེད་པ་རྣམ་པར་སྤངས། །ཕྲ་བ་མི་གཡོ་གསལ་བ་སྟེ། །བློ་ཡི་སྤྱོད་ཡུལ་མདུན་ན་གནས། །བདག་ཉིད་དེ་འདྲ་བཞག་ནས་ནི། །ཞེས་གསུངས་པའི་ངེས་པ་ལས་སོ། །དེ་ལ་ཐོག་མར་བསྟོད་པའི་ལྷ། བདག་གི་དེ་ཉིད་དང་དབྱེར་མི་ཕྱེད་པར་རང་རིག་སྟོང་པ་ཉིད་རྣམ་མེད་དུ་མཉམ་པར་འཇོག་པ་སྟེ། མངོན་སུམ་དུ་གྱུར་གྱི་བར་བསྒོམ་པར་བྱའོ། །ཞེས་འབྱུང་ངོ༌། །དེ་ལས་ལངས་ནས་ནཱ་ད་སྟེ་སྒྲའི་ལྷ། གསང་སྔགས་ཀྱི་སྒྲར་གྲགས་པ་དང༌། དེ་ལས་སྔགས་ཀྱི་ཡི་གེ་ནམ་མཁར་གནས་པ་ཡི་གེའི་ལྷ། དེ་ཟླ་བའི་དཀྱིལ་འཁོར་དང་རོ་མཉམ་དུ་གྱུར་པ་འོད་ཟེར་སྤྲོ་བསྡུ་བྱས་ནས་ལྷག་པའི་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྐྱེད་པ་གཟུགས་ཀྱི་ལྷ། དེ་ནས་གཙུག་ཏོར་ལ་སོགས་པའི་ཕྱག་རྒྱས་བྱིན་གྱིས་བརླབ་པ་ཕྱག་རྒྱའི་ལྷ། དེ་ནས་མཉམ་བཞག་ཏུ་ཡན་ལག་ཅན་དང་བཅས་པའི་ལྷའི་སྐུ་དམ་པར་གསལ་བ་ལས་སེམས་གཞན་དུ་མི་འཕྲོ་བ་ཅི་ནུས་པར་སྲོག་རྩོལ་བསྡམས་ལ་བཟླས་པའི་རྣལ་འབྱོར་བྱ་བ་ཡིན་ཏེ། བསམ་གཏན་ཕྱི་མ་ལས། སྔགས་ཀྱི་རྣམ་པར་ཤེས་པ་བསྒོམས། །བསྡམས་ནས་ཏིང་ངེ་འཛིན་ལ་གནས། །སྲོག་དང་རྩོལ་བ་རབ་ཏུ་བསྡམས། །ཞེས་སོ། །རྗེས་ཐོབ་ཏུ་ཡང་ལྷའི་སྣང་བ་དང་མ་བྲལ་བར་


TNT14_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་ནི་མཚན་མའི་ལྷ་སྟེ་དེ་ལྟར་དྲུག་གོ །གཉིས་པ་སྔགས་ཀྱི་བསམ་གཏན་ནི། ལྷར་བསྒོམ་ན་སྔགས་བཟླ་བ་པོས། རུས་སྦལ་གྱི་ཡན་ལག་བསྐུམ་པ་ལྟ་བུར་དབུགས་རྒྱུ་བ་དང་སེམས་དབང་པོའི་གྲོང་ནང་དུ་བསྡུས། ནང་ན་གནས་པ་ཕྱིར་ལྟ་བའི་ཚུལ་གྱིས་མིག་ཟིམ་བྱས་ནས་གདོང་ཅུང་ཟད་སྟོད་དེ། བྱང་རྒོད་ཆགས་སྡང་དབུགས་འབྱུང་རྔུབ་ཀྱི་རྟོག་པ་སོགས་སྤངས་པའི་དོན་ཡིན་ལ། དེ་ནས་སྔགས་ཀྱི་བསམ་གཏན་དངོས་ལ། མདུན་གྱི་ཐུགས་ཀའི་ཡི་གེ་ལ་དམིགས་ལ། རང་གི་དེ་ལ་དམིགས་པ། སྒྲ་ལ་དམིགས་པ་གསུམ་གྱི་དང་པོ་ནི། སྒྲ་སྔགས་འཕྲེང༌། སེམས་ཟླ་བའི་དཀྱིལ་འཁོར། གཞི་སངས་རྒྱས་ཀྱི་སྐུ་རྣམས་དུས་གཅིག་ཁོ་ནར་དམིགས་ཏེ། ཡིད་བཟླས་སམ་ཤུབ་བུའི་བཟླས་པ་བྱ་ཞིང༌། བར་སྐབས་སུ་རླུང་རང་སོར་བཞག་ནས། དེ་ནས་དབུགས་འབྱུང་བ་ན་གསང་སྔགས་མི་འགྱུར་པའི་གཞི་རང་ལྷར་གསལ་བ་ལ་བལྟས་ནས་དབུགས་རྔུབ་སྟེ་མདུན་གྱི་སྒྲ་སེམས་གཞི་གསུམ་ལ་དམིགས་ནས་དབུགས་འབྱུང་བའི་མཐར་ཐུག་པ་སྲོག་རྩོལ་བསྡམས་ལ་བཟླས་པ་བྱ། ངལ་ཞིང་དུབ་ན་སྒྲ་སེམས་ལ། སེམས་གཞི་ལ། རང་གི་ལྷའི་དེ་ཉིད་ཀྱང་གཞི་ལ་བསྡུས་ནས། རིང་དུ་བདག་གི་དེ་ཉིད་ལ་མཉམ་པར་བཞག་ནས་ཐ་མལ་བའི་གཟུགས་ཀྱིས་ལྡང་ངོ༌། །གཉིས་པ་ནི། རང་ལྷའི་དེ་ཉིད་དང་ལྡན་པའི་རླུང་འབྱུང་རྔུབ་བཀག མིག་ཅུང་ཟད་བཙུམ་ཀྱང་ཡིད་སྣང་བ་དང་བཅས་པས་མདུན་དུ་


TNT14_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གཏད། ཧ་ཅང་མི་རིང་པ། རང་ལས་ཅུང་ཟད་མཐོ་བར་སངས་རྒྱས་ཀྱི་སྐུའི་ཐུགས་ཀར་ཟླ་བ་སྔགས་འཕྲེང་དང་བཅས་པ་བསམས་ལ། རླུང་རྔུབ་པ་དང་ལྷན་ཅིག་ཏུ་མདུན་གྱིས་ཐུགས་ཀའི་ཟླ་བ་སྔགས་བཅས་རང་གི་སྙིང་གར་བསྡུ། རླུང་ཕྱིར་འབྱུང་བ་ན་མདུན་གྱིས་ཐུགས་ཀར་བཀོད་དེ། མདོར་ན་ཟླ་བའི་སྟེང་གི་སྔགས་ཕྲེང་ལ་དམིགས་ཤིང་ཟླ་སྟེ། ཇི་སྲིད་བཟླས་བརྗོད་ཀྱི་བར་དུ་སྤྲོ་ཞིང་སྒོམ་ལ། མཐར་སྒྲ་སེམས་གཞི་སྟེ་ཡན་ལག་གསུམ་དམིགས་ནས་ལྡང་བར་བྱའོ། །གསུམ་པ་ནི། བཟླས་བརྗོད་ཡན་ལག་བཞི་སྔར་ལྟར་བསྒོམ། དེ་ནས་གཞི་དེ་བཞིན་གཤེགས་པ་ལ་བལྟས་ནས། སླར་ཡང་ལྕེས་ཆུ་བཏུང་བའི་ཚུལ་གྱིས་སེམས་ཀྱི་རྟ་རླུང་དང་ལྷན་ཅིག་ཡིད་ནང་དུ་ཕྱོགས་པར་བྱ། དབུགས་འབྱུང་རྔུབ་བཀག་རང་ལྷ་དང་གཉིས་སུ་མེད་པ་དྲན་ཙམ་བྱས་ནས། དེའི་རྗེས་སུ་དབྱིབས་དང་བྲལ་བ་སྒྲ་ཙམ་ལ་སེམས་བཟུང་ནས་ཡིད་བཟླས་བྱ་ཞིང༌། དབུགས་ཕྱིར་འབྱུང་བ་ན་གཞི་སངས་རྒྱས་ཀྱི་སྐུ་ལ་དམིགས་ནས་ངག་གིས་ཤུབ་བུའི་བཟླས་པ་བྱ་བ་སྟེ། མདོར་ན་གཞི་དེ་བཞིན་གཤེགས་པའི་སྐུ་དང་གསང་སྔགས་མི་འགྱུར་བའི་གཞི་གཅིག་ཏུ་བྱས་ཏེ། བཟླས་བརྗོད་ཀྱི་ཏིང་ངེ་འཛིན་དང་པོ་ལ་སྒྲ་སེམས་གཞི་སྟེ་དམིགས་པའི་ཡུལ་གསུམ། གཉིས་པར་རང་དང་མདུན་གྱི་ཐུགས་ཀར་དམིགས་པ་སྟེ་གཉིས། གསུམ་པ་སྒྲ་གཅིག་པུ་དེ་གསུམ་སྔ་མ་ལ་གོམས་ནས་ཕྱི་མ་ལ་བསླབས་ཏེ། ཇི་སྐད་དུ།


TNT14_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བརྗོད། །ངལ་ན་བདག་ལ་ངལ་བསོ་ཞིང༌། །མི་འགྱུར་བ་ནི་ཡི་གེར་ལྡན། །གཞི་ལས་གཞིར་འགྱུར་དེ་བཞིན་ཉིད། །རང་སྔགས་ཕྱིར་ནི་གང་བརྟགས་པ། །ཡིད་ཀྱི་དག་པ་བསམ་པར་བྱ། །སླར་སྡུད་པ་ཡིས་བཀུག་ནས་ནི། །སྲོག་དང་རྩོལ་བ་བསྡམས་པའི་ཡིད། །གསང་སྔགས་རིག་པ་སྔགས་ལ་སྦྱར། །ཡིད་ཀྱི་བཟླས་བརྗོད་བརྩམ་པར་བྱ། །ཞེས་གསུངས་སོ། །གཉིས་པ་དོན་དམ་ཏིང་ངེ་འཛིན་ནི། བསམ་གཏན་འབའ་ཞིག་གིས་སྒྲུབ་པ་ནི། ཕུབ་ལ་སོགས་པའི་གནས་སུ་སྔར་བཤད་པའི་གཟུགས་དང་སྒྲ་དང་དོན་དམ་པའི་ལྷ་བསྒོམས་ཏེ། འོན་ཀྱང་འདིར་གཟུགས་ཀྱི་ལྷའི་བདག་ཉིད་ཡིད་ཀྱིས་བརྟགས་པའི་སྔགས་ཕྲེང༌། སྒྲ་ནི་རིག་སྔགས་ཉིད་ཀྱི་ཡི་གེ་སྒྲའི་རང་བཞིན། དོན་དམ་ནི་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་རང་བཞིན་ཅིར་ཡང་མ་གྲུབ་པའི་ཡེ་ཤེས་ལ་མཉམ་པར་འཇོག་པ། དེ་ནས་དངོས་གཞི་ནི། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲར་གནས་རྣལ་འབྱོར་སྟེར་བར་བྱེད། །སྒྲ་མཐས་ཐར་པ་སྟེར་བར་བྱེད། །འདི་དག་དེ་ཉིད་གསུམ་པ་ཡིན། །ཞེས་བསམ་གཏན་ཕྱི་མར་བཀའ་སྩལ་པ་ལྟར། གསུམ་གྱི་དང་པོ་ནི། བདག་གི་དེ་ཁོ་ན་ཉིད་མངོན་དུ་བྱས་ནས། དེའི་རྗེས་ཐོབ་སྒྲའི་བདག་ཉིད་ལྷའི་དེ་ཁོ་ན་ཉིད་དུ་བསྒོམ་ལ། དེ་སྙིང་གར་མེ་


TNT14_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེའམ་འོད་ཟེར་འབར་བའི་དབུས་ན་གནས་པ་ལ་སེམས་བཟུང་ནས། སྲོག་རྩོལ་བཀག་བྱིང་རྒོད་སྤངས་ཏེ། བསམ་གཏན་དུ་བྱ་བ། ཇི་སྲིད་བཀྲེས་པ་མེད་པ་སོགས་མཚན་མ་བྱུང་བ་ན། ཇི་ལྟར་བསམ་པ་སྒྲུབ་ནུས་པ་ལ་སོགས་པ་དངོས་གྲུབ་ཐོབ་ཀྱི་བར་དུ་སྟེ་བཟླས་བརྗོད་ཀྱི་འཇུག་དང༌། རྣམ་པ་གཞན་དུའང་ཤེས་པར་བྱ་སྟེ། ཕྱི་མ་ལས། མི་འབྱེད་ལས་བྱུང་དངོས་པོ་རྣམས། །བློ་ཆེན་གྱིས་ནི་བདག་ལ་བསྡམས། །སྔགས་པ་ཡན་ལག་འདས་ལ་གནས། །ཞེན་པ་མེད་པར་བསམ་པར་བྱ། །སྒྲ་ཞེས་བྱ་བ་ཕྲེང་བ་སྦྱར། །ཡི་གེ་བརྒྱུས་ལ་མི་འགྱུར་རྣམས། །དྲིལ་བུའི་སྒྲ་བཞིན་མ་ཆད་པར། །ཡིད་ལ་ཞེན་པར་སེམས་པ་ན། །མེ་ཡི་ནང་གནས་ཞི་བ་སྟེ། །ཚིག་རྣམས་དག་པ་ཡང་དག་ལྡན། །སྲོག་དང་རྩོལ་བ་བཀག་པའི་བདག །གཉིས་སྤངས་ནས་ནི་རྣམ་པར་བསམས། །གཉིས་པ་ནི། བདག་གི་དེཉིད་ལ་གནས་པའི་སྙིང་གར་ཟླ་བ་རང་གི་མེ་ལྕེའི་ནང་ན་གནས་པའམ། ཟླ་བ་ཉིད་སྔགས་ཕྲེང་དང་བཅས་པ་གསལ་བཏབ་སྟེ། དེ་ནས་སྔགས་ཀྱི་ཡིག་གཟུགས་ཀྱི་རྣམ་པ་སྤངས་ལ། སྒྲའི་དབྱངས་ཙམ་ལ་རྩེ་གཅིག་པས་བསམ་གཏན་དུ་བྱ་སྟེ། ཕྱི་མ་ལས། སྙིང་གར་གནས་པའི་ཕྲ་བ་ནི། །དྲི་མེད་ཟླ་བའི་དཀྱིལ་འཁོར་ཏེ། །དེ་ནང་རབ་ཏུ་ཞི་བ་ནི། །མེ་ལྕེ་རབ་ཏུ་འོད་བཟང་བ། །མི་འགྱུར་གཞི་ནི་དེར་བཞག་ནས། །བདེར་འདུག་ནས་ནི་སྒྲ་བསམ་མམ། །


TNT14_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བ་ནི་ཡི་གེར་བཞག །སྒྲ་ཉིད་འབའ་ཤིག་བསམས་པར་བྱ། །ཞེས་སོ། །གསུམ་པ་ནི། ལྷ་ཞལ་ཕྱག་གི་རྣམ་པ་ཅན་ཤིན་ཏུ་སྦོམ་པོའི་ཏིང་ངེ་འཛིན་གྱིས་ཐ་མལ་གྱི་རྟོག་པ་སྤངས། དེ་ཤུབ་བུའི་བཟླས་པའི་སྒྲ་ལ་དམིགས་པ་རགས་པའི་ཏིང་ངེ་འཛིན་གྱིས་སྤངས། དེ་ཡང་ཕྲ་མོ་ཡིད་བཟླས་ཀྱིས་ཏིང་ངེ་འཛིན་གྱིས་སྤངས་ལ་དེ་ཉིད་ཀྱང་རབ་ཏུ་གསང་སྔགས་ཀྱི་རྣམ་རྟོག་གི་ཏིང་ངེ་འཛིན་གྱིས་སྤངས་ནས། དེ་ཙམ་ཡང་སྤངས་ཏེ་འོད་གསལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་མཉམ་པར་འཇོག་པ་སྟེ། མདོར་བསྡུ་ན་སྒྲར་གནས་ཀྱི་རྣལ་འབྱོར་ཏེ། ཏིང་ངེ་འཛིན་སེམས་པ་ལ་བརྟན་པ་ཐོབ་ནས། སྒྲ་མཐའ་ནི་དེ་ལྟར་རིམ་པ་ལྔར་གསུང་པ་བསྡུ་ན། སྒྲ་དེ་གང་ནས་བྱུང༌། གང་དུ་སོང་སོགས་བརྟགས་ཤིང༌། །དེ་ནས་དེ་འདྲའི་རྟོག་པ་ཡང་སྤངས་ཤིང༌། ཅི་ཡང་མ་རྙེད་པ་དེའི་ངང་དུ་ཡང་ཡང་སེམས་འཇོག་པ་སྟེ། དེས་ཐར་པ་སྟེར་ཞེས་པའོ། །དེ་སྐད་དུ་ཡང༌། སྒྲ་ལ་དམིགས་པའི་བསམ་གཏན་ནི། །འབའ་ཞིག་བྱས་པ་ཉིད་ཀྱིས་ཀྱང༌། །དངོས་པོ་ཀུན་རྣམས་དམ་པའི་དཔལ། །སྒྲུབ་པའི་སྐྱེས་བུ་ཐོབ་པར་འགྱུར། །ལྟོས་བཅས་ཡན་ལག་གྱུར་པ་སྣང༌། །སྒྲ་ཞེས་བྱ་བ་ཡིད་ཀྱིས་ངང༌། །ཚིག་རྣམས་དག་པ་རིག་སྔགས་དབང༌། །ཡན་ལག་སྤངས་པ་རྒྱལ་བའི་མཁྱེན། །དེ་ལྟར་རིག་པ་འཛིན་པའི་སྡོམ་པ་དང་བརྟུལ་ཞུགས་བླངས་ནས་སྔགས་ཀྱི་ཚུལ་ཁྲིམས་མ་ཉམས་པ་དག་གིས་བཟླས་བརྗོད་


TNT14_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དེ་ཁོ་ན་ཉིད་གཞི་ལ་བརྩོན་འགྲུས་ཆེན་པོ་སྒྲུབ་ན་བྱང་ཆུབ་གསུམ་ཅི་ཡང་རུང་བ་དབང་པོ་དང་འཚམས་པས་ཐོབ་པར་འགྱུར་ཏེ། རིག་སྔགས་དེ་ཉིད་མ་ལུས་དང༌། བདག་གི་དེ་ཉིད་ཆོ་ག་དང༌། བཟླས་བརྗོད་དེ་ཉིད་མཆོག་ཤེས་པའི། །མིས་ནི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བསམ་གཏན་ཕྱི་མ་དང༌། དཔུང་བཟང་གིས་ཞུས་པ་ལས་ཀྱང༌། སོ་ཀ་ནགས་མེ་མཆེད་པའི་མེ་ལྕེ་ཡིས། །མ་སྒྲིབ་བཞིན་དུ་ཚང་ཚིང་ཀུན་སྲེག་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེག །ཞེས་པ་ནས། ཚེ་རབས་སྟོང་ན་གནས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད། །ཞེས་པའི་བར་གྱིས་སྟེ། དེ་ལྟར་དབང་པོ་རྣོན་པོས་དང༌། དབང་བརྟུལ་གྱིས་ནི། སྒྲུབ་པ་དང་གྲུབ་པའི་སྤྱོད་པ་ལ་ཡང་སྦྱར་བར་བྱ་སྟེ། གསུམ་པ་སྒྲུབ་པའི་སྤྱོད་པ་ནི། བསམ་གཏན་གྱི་དེ་ཉིད་ལ་བརྟན་པ་ཐོབ་ནས། རྫས་སྔགས་ཀྱི་སྦྱོར་བས་ལྷ་ལ་སོགས་པའི་ལུས་དང༌། མིག་སྨན་སོགས་རྫས་དང༌། རིན་ཆེན་བདུན་སོགས་ལོངས་སྤྱོད་དེ་ཐུན་མོང་གི་དངོས་གྲུབ་སྒྲུབ་པའོ། །བཞི་པ་སྒྲུབ་པའི་སྤྱོད་པ་ནི། དངོས་གྲུབ་གསུམ་གང་རུང་བ་གྲུབ་ནས་རང་གཞན་གྱི་དོན་ཇི་ལྟར་སྤྱོད་ཚུལ་དང༌། འབྲས་བུ་བྱང་ཆུབ་གསུམ་པོ་སྟེ། འཇམ་དཔལ་རྩ་རྒྱུད་ལས། མཆོག་ལ་མཆོག་དང་གྲུབ་པ་དང༌། །འབྲིང་ལ་འབྲིང་དུ་ཉེ་བར་


TNT14_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །ཐ་མ་ཕྲན་ཚེགས་གྲུབ་པ་ནི། །རྒྱལ་བ་མཆོག་གིས་མངོན་གསུངས་སོ། །ཞེས་དངོས་གྲུབ་དང༌། ཡང་དེ་ཉིད་ལས། གང་ཞིག་རྒྱལ་དང་རྒྱལ་སྲས་སྔགས། །སེམས་ཅན་ཕྱིར་ནི་གསུངས་པ་རྣམས། །གང་ཞིག་དེ་ཐོས་མངོན་བརྩོན་པ། །དེ་ནི་ངེས་པར་སངས་རྒྱས་འགྱུར། །གང་ཡང་སྔགས་ནི་བགས་མ་དག།གང་ཞིག་ཟློས་པ་དེ་ཟློས་བྱེད། །རང་སངས་རྒྱས་སུ་ཡང་དག་བསྟན། །ངེས་པར་དེ་ཡི་རིགས་ཀྱང་ཡིན། །སྔགས་ནི་ཐ་མར་རབ་ཞུགས་པ། །ཉན་ཐོས་དགྲ་བཅོམ་གྱིས་བཤད་དང༌། །འཇིག་རྟེན་མ་ལུས་ཀུན་ལ་ཡང༌། །སྔགས་ཟློས་པ་ལ་མངོན་བརྩོན་པ། །ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཡི། །ངེས་པར་རིགས་སུ་དེ་གནས་ཡིན། །མཆོག་དང་ཐ་མ་བར་མ་ཡི། །དེར་ཡང་ལས་ནི་རབ་སྦྱར་བྱ། །ཞེས་བྱང་ཆུབ་གསུམ་དུ་བསྟན་ཏོ། །དེ་ལྟར་མདོར་ན་སྤྱོད་པ་བཞིས་བྱ་བའི་རྒྱུད་ཀྱི་དོན་ཀུན་བསྡུས་པ་སྟེ། རྒྱས་པར་གསང་བ་སྤྱི་རྒྱུད་དང༌། ཁྲོ་བོ་ལེགས་གྲུབ་ཀྱིས་ཞུས་པ་དང༌། དཔུང་བཟང་གིས་ཞུས་པའི་རྒྱུད་དང༌། བསམ་གཏན་ཕྱི་མ་ལ་སོགས་པར་ཤེས་པར་བྱའོ། །ད་ནི་ལམ་གྱི་རིམ་པ་དེ་དག་དང་ལྡན་པའི་རྗེ་བཙུན་མ་འཕགས་མའི་སྒྲུབ་ཐབས་ཉམས་སུ་བླངས་པའི་རིམ་པ་ནི་འདི་ཡིན་ཏེ། ནང་པར་ཐོ་རངས་ཆུ་ཀླུང་གི་དྲུང་དུ་སོང་སྟེ། ཨོཾ་བཛྲོདཀསྣཱན་ཧཱུཾ། ཞེས་དག་བྱེད་དུ་བྱིན་གྱིས་བརླབས་ལ། ཆུ་ཀླུང་དེར་ཞུགས་ནས་སྙིམས་པ་གསུམ་ནམ་མཁར་གཏོར།


TNT14_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨུརྡྷ་བཛྲ་རཀྵ་ཧཱུཾ། ཞེས་བརྗོད། ཕྱོགས་མཚམས་ཀུན་ཏུ་གཏོར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀ་མ་ལ་བཛྲ་ཀུ་ལཱི་ས་པ་རི་བ་རཱ་ཛྙཱ་ཡ་ཙ་ཏུར་དི་ག་རཀྵ་ཧཱུཾ། ཞེས་དང༌། རྐང་པ་རྡོ་རྗེ་རྩེ་གཅིག་པའི་ཚུལ་དུ་བྱས་ནས། ཨོཾ་བྲུཾ་བཛྲ་བྷྲུཾ་མི་སྭཱཧཱ། ཞེས་ཕྱོགས་བསྲུངས་ཏེ། ཨོཾ་ཀཱ་ཡ་བཱཀྩིཏ་སརྦ་པ་ལ་སྣཱ་ན་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀེ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པདྨ་བཛྲེ་ཎཱ་དྷིཥྛ་ན་བཛྲ་ཧཱུཾ། ཞེས་ཁྲུས་དང་ཉེ་རེག་བྱ། དེ་ཙམ་མ་ནུས་ན་རིལ་པའི་ཆུས་ཁྲུས་བྱ་སྟེ། དེ་ནས་གནས་ཁང་གི་སྒོ་དྲུང་ན་འདུག་སྟེ། ཨོཾ་སརྦ་གཽ་པཉྩི་ཀ་ས་མ་ཛཱི་ལོ་ཀ་ཀུ་ལཱི་ད་བཱ་ནཾ་ཀ་ལྱཱ་ནཾ་ཀུརྦནྟུ། ཞེས་བརྗོད་ནས། སྒྲུབ་ཁང་སོགས་ཀྱི་དབུས་སུ་བྲིས་སྐུའམ་ལུགས་སྐུ་སོགས་བཞུགས་སུ་གསོལ། གདུགས་དང་རྒྱལ་མཚན་བླ་བྲེ་ལྡ་ལྡི་སོགས་ཀྱིས་བརྒྱན། ཕྱོགས་མཚམས་བརྒྱད་ཀར་མཆོད་པ་རྣམ་ལྔ། ཆུ་བཞི་པ་རེ་རེ་ལས་མི་ཉུང་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྡོང་པོ་བཀོད་པ་ལ་སོགས་པའི་གླེགས་བམ་དང༌། རིན་པོ་ཆེས་གང་བའི་བུམ་པ་བཞི། འབྲུ་དང༌། དྲི་དང༌། ཤ་ཁར་དང༌། འོ་ཐུག་དང༌། མིག་སྨན་གྱིས་གང་བའི་བུམ་པ་དང༌། དུར་པ་དང་བཅས་པའི་མཆོད་པ་བཤམས་པ་རིག་པའི་བདག་པོའི་སྔགས་ཀྱིས་བསྔགས་པའི་བསངས་ཆུས་གཏོར་ལ། ཨོཾ་ལས་བྱུང་བའི་སྣོད་ཡངས་པར་བསམས་ལ་མཆོད་པ་རྣམས་བསྐྱེད། རང་རང་གི་སྔགས་རྒྱ་དང༌། དྷརྨཱ་ར་ཎི་ཏ་སོགས་ཀྱིས་བྱིན་གྱིས་བརླབས། སྐུ་གཟུགས་ལྷར་གསལ་


TNT14_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་འོད་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམས། དེ་ནས་མཆོད་བསྟོད་རྒྱ་ཆེར་བྱས་ནས་བྱིན་གྱིས་རློབ་པར་གསོལ་བ་གདབ། དེ་ནས་གདོང་བྱང་དུ་ཕྱོགས་པས་པདྨའི་སྐྱིལ་ཀྲུང་གིས་འདུག་ལ། སྐྱབས་སུ་འགྲོ་བ་སོགས་བྱས་ནས། བདག་གི་དེ་ཁོ་ན་ཉིད་ལ་ཡུན་རིང་དུ་ནན་ཏན་དུ་བྱས་ཏེ། སྟོང་པའི་ལྷ། ཨོཾ་ཤཱུ་ནྱ་ཏ་སྟོང་པ་དེའི་ངང་ལས་ནཱ་ད་གསང་སྔགས་ཐམས་ཅད་ཀྱི་སྒྲ་དང་བཅས་པ་སྒྲའི་ལྷ། དེ་ལས་ཟླ་བར་ཏཱཾཿབསམ་པ་ཡི་གེའི་ལྷ། དེ་གཉིས་རོ་མཉམ་ལས་འཕགས་མ་དང༌། དེའི་ཐུགས་ཀ་ནས་ལྷ་མོ་གཉིས་སྤྲོས་ནས་རྡུལ་རྙེད་ཀྱི་སྤྲུལ་པས་འགྲོ་དོན་མཛད་པར་བསམ་པ་གཟུགས་ཀྱི་ལྷ། འདི་ལས་བརྩམས་ཏེ་ཐུན་མཚམས་སུ་ཡང་ལྷ་སྣང་རྗེས་སུ་དྲན་བཞིན་པ་ནི་མཚོན་པར་བྱེད་པའི་མཚན་མའི་ལྷ། འདི་ནི་སངས་རྒྱས་རྗེས་སུ་དྲན་བཞིན་པས་སྐུ་གཟུགས་ལྷར་ཤེས་པའི་དབང་ལས། ཆུ་ཤིང་གཅིག་སྟོང་པར་ཤེས་ན་ཐམས་ཅད་ཀྱང་རིག་པ་ལྟ་བུར་སྣང་བ་ཀུནྡ་ལྟར་ཤེས་པའི་གནད་དམ་པའོ། །དེ་ནས་ཕྱག་རྒྱས་ལྷ། པདྨའི་ཕྱག་རྒྱ་སྙིང་གར་གཏུགས་ཏེ། རིག་པ་ལན་གསུམ་བརྗོད། རང་གི་སེམས་དང་མདུན་གྱི་ལྷ་དབྱེར་མི་ཕྱེད་པར་བསམ་པ་ནི། ལྷ་དེ་ཡང་སེམས་སུ་གཏོགས་པའི་ཐབས་ཏེ། དེ་ནས་དབང་གི་ལྷ་པདྨའི་རིགས་སྤྱན་དྲངས་གསོལ་བ་གདབ། བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག་བརྟན་པར་བྱས་པར་བསམས་ལ། པདྨའི་ཕྱག་རྒྱ་སྤྱི་བོར་བཞག་སྟེ་རིག་པ་ལན་གཅིག་


TNT14_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་ཅོད་པན་གྱི་དབང་བསྐུར་རོ། །དེ་ནས་རྗེ་བཙུན་མའི་ཐུགས་ཀར་ཟླ་བ་ལ་སྔགས་ཕྲེང་བསྒོམ་ནས་རླུང་ནང་དུ་བསྡམས། སྔགས་ཟླ་བ། ལྷ་སྐུ་གསུམ་ལ་རྩེ་གཅིག་ཏུ་དམིགས་ལ་ཡིད་བཟླས་བྱ། དེ་ནས་རླུང་འབྱུང་བ་ན། རང་ལྷར་གསལ་ཙམ་ལ་དམིགས་ལ་ཤུབ་བུར་སྔགས་བཟླ་སྟེ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་ན་མཿཏཱ་རེ་ན་མོ་ཧ་རེ་ཧཱུཾ་ཧ་རེ་སྭཱཧཱ། ཞེས་བཟླ། དེ་ལ་བརྟན་པ་ཐོབ་ནས་ལྷའི་དམིགས་པ་སྔར་བཞིན་ལ། བཟླས་པའི་དམིགས་པ་ནི་རང་སྟོང་པའི་ལྷའི་ངང་ལས་གཟུགས་ཀྱི་ལྷར་དམིགས་ལ་མདུན་གྱི་ཐུགས་ཀར་སྔགས་ཕྲེང་སྔར་བཞིན། བསྒོམས་ནས་རླུང་ནང་དུ་འཇུག་པ་ན་རང་གི་སྙིང་ག་དང༌། ཕར་འགྲོ་ན་མདུན་གྱི་ཐུགས་ཀར་བཀོད་དེ་སྔར་བཞིན་བཟླ། དེ་ལ་གོམས་ནས་སྔ་མ་བཞིན་ཚར་གཅིག་སྒོམ་སྟེ། སྒྲ་ཙམ་ལ་དམིགས་ནས་བཟླ་སྟེ་བཟླས་བརྗོད་དང༌། དེའི་མཐར་མདུན་གྱི་ཐུགས་ཀར་འོད་འབར་བའི་དབུས་ན་སྔགས་ཕྲེང་ཙམ་བསྒོམ་ནས་གཞན་མི་བསམ་པར་འབྱུང་རྔུབ་བཀག་ལ་ཡིད་བཟླས་བྱ། དབུགས་འབྱུང་བ་ན་ཅི་ཡང་མི་བསམ་པར་བྱ་བ་དང༌། དེ་བརྟན་ནས། ཐོག་མར་ཟླ་བ་ལ་རིག་པའི་རྒྱལ་པོ་བསྒོམས་ནས། དེ་ནས་ནི་དེ་ཡང་མི་དམིགས་པར་སྒྲ་ཙམ་ལ་སེམས་བཟུང་སྟེ། བྱིང་རྒོད་སྤངས་ནས་བསྒོམ་པར་བྱ་བ་དང༌། དེ་ཡང་གོམས་ནས། སྒྲ་དེ་ལུས་སེམས་ཐོག་མཐའ་གང་ནས་བྱུང་སོགས་དཔྱད་ན་


TNT14_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཡང་མ་གྲུབ་པ་དེའི་ངང་དུ་ཅི་ཡང་མི་བསམ་པར་འཇོག་པ་བསམ་གཏན་གྱི་དེ་ཉིད་རྣམས་ཏེ། དེ་ནས་ཐ་མལ་པའི་གཟུགས་ཀྱིས་ལྡང་བར་བྱའོ། །དེ་ལྟར་བཟླས་པ་ལ་སོགས་པ་གནས་སྐབས་གང་དུ་སྔར་བཤད་པ་ལྟར་དམིགས་གསལ་གྱི་ཁྲུས་དང་ཉེ་རེག་སོགས་བརྩམས་པར་བྱ་ཞིང༌། ཐུན་མཚམས་སུ་གསུང་རབ་བཀླགས་པ་དང༌། འབྱུང་བ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་ལ་གཏོར་མ་སྦྱིན་པ་དང༌། སཱ་ཙ་གདབ་པ་སོགས་བྱ་སྟེ། ཇི་ལྟར་ལེགས་གྲུབ་ཀྱིས་ཞུས་པ་ལས་འབྱུང་བ་བཞིན། ཆ་གསུམ་གྱི་གཏོར་མ་ཐུན་མཚམས་བཞིན་སྦྱིན་ལ། མི་སྨྲ་བ་དང༌། བསྙུང་བར་གནས་པ་དང༌། ཁྲུས་དང་བསྲེག་བླུགས་སོགས་ཇི་ལྟར་བཟོད་པར་དཀའ་ཐུབ་ཀྱང་ངོ༌། །ཟས་ལ་འཇུག་ན་ཡན་ལག་ལྔ་དང་ཁ་བཀྲུས་ནས། ཤ་ཆང་ལ་ཕུག་སྒོག་སྐྱ་ཀེའུ་སོགས་འབྱུང་པོའི་ཟས་སྤངས་པའི་ཁ་ཟས་གཙང་ཞིང༌། ཁ་ན་མ་ཐོ་བ་མེད་པ་ལུས་གནས་པའི་སླད་ཙམ་དུ་ཇི་ལྟར་འོས་པར་སྤྱད་པར་བྱ་མོད་ཀྱི། རྒྱགས་པ་དང་དྲེགས་པའི་དོན་དུ་ནི་ནམ་ཡང་མ་ཡིན་ནོ། །ཚུལ་འདིས་ནི་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཀྱང་རིག་པར་བྱའོ། །དེ་ལྟར་ཟས་ཟོས་ནས་ཆུ་ཀླུང་ལ་སོགས་པར་ཁྲུས་དང་ཉེ་རེག་བྱས་ནས། སླར་ཇི་ལྟར་རིགས་པ་ལ་འཇུག་པར་བྱ་སྟེ། སྐབས་འདིར་སློབ་དཔོན་འདིས། ཉལ་དང་ལྡང་དང་བྱ་བ་ལ། །སྒྲུབ་པོ་གང་ཞིག་འཇུག་འདོད་ན། །རིག་པའི་རྒྱལ་པོ་ཧུ་ལུ་སོགས། །རྟ་མཆོག་


TNT14_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་ཆེན་པོ་རྒྱལ། །བདག་གི་ལུས་ནི་རྟག་ཏུ་བསྲུང༌། །དབྱུག་འཛིན་སྙིང་གར་གནས་པའོ། །དབྱུག་པ་རབ་བསྐུལ་ཀ་ན་ཡ། །ཕྱག་རྒྱའི་རྡོ་རྗེ་དེ་བཞིན་གནས། །ཞེས་པའི་མཐར་རྟ་མཆོག་གི་རིག་པ་སོགས་མདོར་ན། ཉལ་བ་ལྡང་བ། ཐུན་མཚམས་སུ་འཇུག་པ་རྣམས་ཀྱི་ཚེ་བསྲུང་བ་དེ་བྱ་བར་གསུང་ལ། དེས་ན་རྡོ་རྗེའི་གདན་ལ་ཞེས་གསུངས་པ་གནས་དང་བདག་བསྲུང་བ་ལ་བྱ་སྟེ། དེའི་དབང་ལས་མཆོད་པའི་སྔོན་དུའང་བྱ་དགོས་ལ། དེ་ལྟ་ན་ཡང་བྱ་རྒྱུད་སྤྱི་ལས་འབྱུང་བའི་གནས་བདག་བསྲུང་བའི་ཆོ་གའི་ཁྱད་པར་མི་ལྡན་ནོ་སྙམ་ན། དེ་ལྟར་ཟད་མོད། སྤྱིའི་ཆོ་ག་དེ་དག་ནི་གང་དུ་ཆོ་ག་མི་གསལ་བ་རྣམས་ལ་སྦྱར་ཞིང༌། རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་པར་ནི་སོ་སོར་སྤྱད་པར་བྱ་དགོས་ཏེ། སློབ་དཔོན་སངས་རྒྱས་གསང་བའི་བསམ་གཏན་ཕྱི་མའི་འགྲེལ་པར། འདིར་ནི་རེ་ཤིག་སྤྱིའི་གསང་སྔགས་ཀྱི་རྣམ་པར་ཤེས་པ་སྒོམ་པའི་རིམ་པའོ། །གང་ཁ་ཅིག་ཏུ་རྣམ་པ་གཞན་དུ་གསུངས་པ་དེ་དག་ཏུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཞེས་གསུངས་པའི་ངེས་པའོ། །རིག་པའི་རྒྱལ་པོ་སོགས་ཀྱི་དོན་བདག་དང་གནས་བསྲུང་བའི་ཚུལ་དེ་ཉིད་ཅི་སྙམ་ན། འདི་ལྟ་སྟེ། རང་གི་སྙིང་གར་པད་ཉི་ལ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ་མཧཱ་ཀྲོ་དྷ་བྷི་ཥཱ་ཎ་མུ་ཥཱི། ཁ་ཁ་ཁཱ་ཧི་


TNT14_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཁཱ་ཧི། མཧཱ་དཾཥྟ་ཀ་ར། ས་ཧ་སྲ་མུ་ཁ། ས་ཧ་སྲ་ཙ་རཱ་ཎ། ས་ཧ་སྲ་ཀོ་ཊི་པདྨ་བྷུ་ཛ། གྲྀ་ཧྞ་གྲྀ་ཧྞ། མཱ་ར་ཡ། མཱ་ར་ཡ། ཧ་ན་ཧ་ན། ད་ཧ་ན། དཱ་རུ་ཎ་ཀཱ་ཡ། ཧ་ཡ་གྲྀ་བ། མཧཱ་དཱ་རུ་ཎ། ཙུ་རུ་ཏི། གཔྫ་ཏི། སརྦ་བྷཱུ་ཏ། པྲེ་ཏ་གྲ་ཧཱ་ཎཾ། རྀ་ཀྵཱ་ཎཾ། ཛྭ་ལ་ཎཾ། པཱུ་ཏཱ་ཎཾ། བེ་ཏ་ཌཾ། ཀིནྣ་རཾ། ག་རུ་ཌཾ། ནཱ་གཱ་ནཾ། སརྦ་བྷཱུ་ཏ། བནྡྷ་བནྡྷ། ཧུ་ལུ་ཧུ་ལུ། མ་ཐ་མ་ཐ། བྷསྨ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ། སརྦ་བྷཱུ་ཏ་ཏྲཱ་ས་ནི། པི་ཤཱ་ཙི། ནཱ་ར་ཡ་ན། ཤི་བ། ཨིནྡྲ་ཨགྣི་ཡ་མ། མ་ཏཱ་རཱི། རཀྵ་ས། ཡཀྵོ་པ་དྲ་བ། བ་རུ་ཎ། བཱ་ཡ་བྱ། ཨི་ཤ་ན། པྲཧྨ། པྲི་ཐྭཱི། པྲ་ཧ། རཀྵ་ཀུ་རུ་སྭཱཧཱ། ཞེས་པའི་སྔགས་འཕྲེང་གཡས་སྐོར་མེ་འབར་བ་ཡོངས་སུ་གྱུར་པ་ལས་རྟ་མཆོག་རོལ་པ་རྟ་མགོ་ཅན་ཧ་ཧ་ཞེས་བཤད་པ། སེམས་དཔའི་སྐྱིལ་ཀྲུང་ཅན། གཡས་མཆོག་སྦྱིན་དང་ཐལ་མོ། གཡོན་སྡིགས་མཛུབ་དང་དབྱུག་པ་དཀར་པོ་ཨོཾ་ཚུགས་སུ་བྱས་པ། དར་དང་སྟག་ལྤགས་དང་ནོར་བུ་དང་སྤྲུལ་གྱིས་བརྒྱན་པ། མེ་འབར་བའི་དབུས་སུ་བསྒོམ་ནས་རིག་པ་ལན་དྲུག་བརྗོད། དེ་ནས་གནས་བསྲུང་བ་ནི། དབྱུག་པའི་ཕྱག་རྒྱ་བསྐུལ་བཞིན་པས། ཧ་ཡ་གྲྀ་བའི་རིག་པ་བརྗོད། གྲ་ཧ་པཱུརྦ་རཀྵ་ཞེས་སོགས་ཀྱི་མིང་བཅུག་ནས་བརྗོད་པར་བྱ་སྟེ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་དང་བཅས་པས་སོ། །དེ་ནས་བཀན་པའི་ཕྱག་རྒྱ་ཕྱོགས་བཅུར་


TNT14_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ་རིགས་པ་ལན་གཅིག་བརྗོད། མདོར་ན་དེ་ནི་བདག་དང་གནས་བསྲུང་བ་ཞེས་བྱའོ། །དེ་ནས་ཉལ་བ་ན་ཡང་སངས་རྒྱས་རྗེས་སུ་དྲན་བཞིན་པས་སྣང་བའི་འདུ་ཤེས་དང་བཅས་ནས་ཉལ་བར་བྱ་ཡིས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ནི་མ་ཡིན་ནོ། །དེ་ལྟར་འདི་ནི་བྱ་རྒྱུད་ཁོ་ན་ནས་འབྱུང་བའི་རིམ་པ་སྟེ། ལམ་འདི་ལ་འབད་དེ། སྒྲུབ་པ་དང་གྲུབ་པའི་སྤྱོད་པ་ལ་སོགས་པས་ཉེ་བར་སྦྱར་བས་དབང་པོ་དང་མཐུན་པར་ལུས་འདིའམ། བར་དོར་ལྷའི་ལུས་རིག་པ་འཛིན་པར་གྱུར་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའོ། ། ༈ གཉིས་པ། ནང་རྣལ་འབྱོར་ལ་མངོན་པར་གཞོལ་བའི་དོན་དུ་རྣལ་འབྱོར་གྱི་རྒྱུད་དང་གོ་མཚུངས་སུ་སྦྱར་བ་ནི་འདི་ལྟར། མདོར་ན་འཆི་མེད་ཏིང་འཛིན་ནི། །སྔོན་འགྲོ་ཡན་ལག་རྣམ་བཞི་དང༌། །ཏིང་འཛིན་རྣམ་པ་གཉིས་དངོས་གཞི། །མཇུག་དང་ཐུན་མཚམས་བྱ་བའོ། །དང་པོ་ལ། གཞི་དང༌། རྐྱེན་དང༌། ངོ་བོ་དང༌། ལམ་གྱི་ཡན་ལག་བཞིའི། དང་པོ་གཞིའི་ཡན་ལག་ནི། ལུས་བསྲང༌། ཁ་ཤར་དུ་ཕྱོགས་ཏེ། ཨོཾ་ཨ་ན་དྱ་སོགས་བརྗོད། དེ་ཡང་སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱི་འོད་གསལ་བ་འདི་ཡེ་ནས་བཞུགས་པས་དང༌། དེ་ཉིད་འདིར་ངོ་ཤེས་པའི་ཕྱིར་དུ། རྣམ་རྟོག་གིས་མ་བཅོས་པར་གསལ་འདེབས་པས་ན་གཞིའི་ཡན་ལག་ཅེས་བྱའོ། །དེ་ལ་ཨ་ན་དི་ནི་ཐོག་མ་མེད་པ་སྟེ། དེས་


TNT14_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ནས་ཐ་མ་དང་བར་མེད་ལ། དེ་མེད་པའི་དུས་ཀྱིས་མ་བཟུང་པའི་ཕྱིར་ན་ཡུལ་གྱིས་ཀྱང་མ་བཟུང་བ་སྟེ། མདོར་ན། ངོ་བོ་ཅིར་ཡང་མ་གྲུབ་པའོ། །ཨ་དཱི་ནི། དང་པོ་དང་ཐོག་མ་དང་གདོད་མ་སྟེ། གསར་དུ་གྲུབ་པ་མ་ཡིན་པར་ཐོག་མ་ནས་འགྲོ་བ་རྣམས་ལ་རང་རིག་པར་བཞུགས་པ་ཡིན་ལ། དེ་ཡང་བུམ་པ་དང་བུམ་པ་ཐོགས་པ་ལྟ་བུར་ནི་མ་ཡིན་ཏེ། བདག་ཉིད་གཅིག་པའི་ཚུལ་གྱི་གཤིས་ཉིད་དུ་གནས་པ་ཡིན་ནོ། །ཙིཏྟ་ནི་སེམས་ཏེ། དེ་ཡང༌། དངོས་པོ་ཀུན་གྱི་རང་བཞིན་དེ་ཉིད་ངོ་བོ་ཅིར་ཡང་མ་གྲུབ་པ་ཡིན་མོད་ཀྱང༌། སྟོང་པ་སེམས་མེད་ནི་མ་ཡིན་གྱི། འོ་ན་ཅི་སྙམ་ན། རང་བཞིན་ཤིན་ཏུ་དག་པའི་འོད་གསལ་བའི་ཤེས་པའོ། །བཛྲ་སཏྭ་ནི་རྡོ་རྗེ་སེམས་དཔའ་སྟེ། སེམས་འདིའི་ངོ་བོ་རྡོ་རྗེ་སེམས་དཔའ་སྟེ་རྫོགས་སངས་རྒྱས་ཀྱི་ཡེ་ཤེས་ལས་གཞན་མ་ཡིན་ལ། གནས་སྐབས་སུ་གློ་བུར་གྱི་དྲི་མས་སྒྲིབ་པ་ཉིད་ནའང༌། རང་བཞིན་འོད་གསལ་དེའི་ངོ་བོ་ལ་ཅི་ཡང་མ་གོས་པའི་ཕྱིར་ན་མི་ཤིགས་པ་སྟེ་རྡོ་རྗེ་སེམས་དཔའ་འོ། །ཨ་ཧཾ་ངའོ་ཞེས་པ་སྟེ། སྔར་བཤད་པ་རང་བཞིན་འོད་གསལ་བ། དེ་ཡང༌། ཐོག་མ་མེད་པ། དང་པོ། བེམ་སྟོང་མ་ཡིན་པ། སངས་རྒྱས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ནི་བདག་གི་དེ་ཁོ་ན་ཉིད་དོ་ཞེས་པ་སྟེ། འདིར་སྨྲས་པ། ནམ་མཁའ་མཉམ་པའི་སེམས་ནི་གདོད་མ་སྟེ། །སྟོང་པ་ཆེན་པོ་རང་གི་ངོ་བོ་གང༌། །འདི་ནི་དམ་པའི་དོན་དེ་མུ་


TNT14_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་ཀྱི། །རབ་བརྟགས་བདག་ཏུ་འཁྲུལ་བར་མ་བགྱིས་ཤིག །དེ་ལྟར་འདི་ནི་རྗེ་བཙུན་བྱམས་པས། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་གསུངས་པའི། དག་དང་ཉོན་མོངས་དང་ལྡན་ཕྱིར་ཞེས་པའི་དབང་དུ་བྱས་པའོ། །ད་ནི་རྐྱེན་གྱི་ཡན་ལག་ལས། ཀུན་ནས་ཉོན་མོངས་མེད་དག་ཕྱིར། ཞེས་པའི་དབང་དུ་བྱས་ཏེ། དྲི་མ་དག་པར་བྱེད་པ་ཁྲུས་ཏེ། བཛྲོད་ཀེ་རྡོ་རྗེའི་ཆུ། སེམས་ཀྱི་རྡོ་རྗེའི་རང་བཞིན་ཉིད་དུ་ཤེས་པར་བྱ་བས་ན་དེ་སྐད་ཅེས་བྱའོ། །ཨོཾ་ཏཔྟེ་སོགས་ཀྱི་ལྷའི་ཆུ་བོ་གངྒཱ་བཀུག་པར་བསམ་སྟེ། རྡོ་རྗེའི་ཆུ་དེ་དག་བྱེད་དུ་སད་པར་བྱས་པ་བཞིན་དུ། སེམས་ཀྱང་དྲི་མ་རང་དག་སྟེ་ཀུན་ནས་ཉོན་མོངས་ཉིད་མེད་པར་བསྒོམ་པར་བྱའོ། །དེ་ནས་ཁ་བཀྲུས་པས་ཉོན་ཡིད་དང༌། གདོང་བཀྲུས་པས་ཡིད་ཀྱི་རྣམ་ཤེས་དང༌། ཡན་ལག་ལྔ་བཀྲུས་པས་སྒོ་ལྔའི་རྣམ་ཤེས་དང༌། ལུས་ཀུན་བཀྲུས་པས་སེམས་བྱུང་ཕྲ་མོ་རྣམས་དང༌། ཁྲུས་ཁུ་དོར་བས་ཀུན་གཞིའི་རྣམ་ཤེས་ཏེ། གློ་བུར་བ་རྣམས་མེད་པར་ངོ་ཤེས་པའི་ཚུལ་གྱིས་དག་པར་བསམས་པར་བྱའོ། །དེ་ནས་རླུང་བྱིན་གྱིས་བརླབས་པ་སྟེ་འདི་ནས་དངོས་གཞི་ལ་མ་རེག་གི་བར་ནི། རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ཞེས་པའི་དབང་དུ་བྱས་ཏེ། དེ་ལ། བཛྲ་སཏྭ་བཱ་ཡུ་ནི་རྡོ་རྗེ་སེམས་དཔའི་རླུང་སྟེ། དེ་


TNT14_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེམས་གཟུགས་སོགས་ཡུལ་ལ་གཡོ་བའི་རང་བཞིན་ཡིན་ལ། དེ་ཡང་ཀུན་གཞི་ཡེ་ཤེས་བག་ཆགས་དང་བཅས་པའི་དབང་ལས་ཡུལ་དུ་འཛིན་པའི་བག་ཆགས་དེ་རྐྱེན་གྱིས་བརྟས་པ་ལས་གཟུགས་ལ་སོགས་པ་སྣང་བ་འབྱུང༌། དེ་ལས་ཉོན་མོངས་འབྱུང༌། དེས་ལས་བྱས། དེས་ཀྱང་སེམས་རྒྱུད་བག་ཆགས་ཀྱིས་སྦགས་པར་བྱེད་དེ། །ས་བོན་དང་སྡོང་པོ་དང་འབྲས་བུ་བཞིན་དུ། ལུས་ཅན་རྣམས་འཁོར་བར་འཁོར་བ་དང༌། བག་ཆགས་དེ་དག་པ་ན། བག་ཆགས་དེའི་རང་བཞིན་ཆོས་ཉིད་ནི་རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་སྐུར་བཞུགས་པས་ན། རྡོ་རྗེ་སེམས་དཔའ་རླུང་ཞེས་གསུངས་པ་སྟེ། འདི་ཤིན་ཏུ་རྟོག་དཀའ་བའི་ཕྱིར། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྣམས་ལས། རླུང་སེམས་ཕྲ་མོ་དང༌། མི་ཤིགས་པའི་ཐིག་ལེ་དང༌། འཕོ་བའི་བག་ཆགས་དང༌། ལུས་སེམས་ཀྱི་འབྲེལ་བའམ། རྟེན་བརྟེན་པའི་འབྲེལ་བ་སོགས་རྒྱ་ཆེར་གསུངས་པར་ཤེས་པར་བྱ་སྟེ། མདོར་ན་རླུང་ནི་དེ་ཡིན་ནོ། །གཡས་ནས་རྔུབ་ཅིང་གཡོན་ནས་དབྱུང་བ་ནི། འདི་ལྟར། གཡས་ནས་འབྱུང་བ་ན་ས་ཆུ་མེ་རླུང་རྣམས་ཕྱི་མ་ཕྱི་མ་རིང་བ་ནི། ས་ཆུ་ལ་ཐིམ་པ་སོགས་ལ་བསྡུད་རིམ་དང༌། གཡོན་ནས་ནམ་མཁའ་ལ་རླུང་ཆགས་པ་ལ་སོགས་པ་སྐྱེ་བའི་རིམ་པས་རླུང་མེ་ཆུ་ས་རྣམས་རྒྱུ་ལ། རླུང་ནང་དུ་འགྲོ་བ་ན་དེ་གཉིས་ཀའང་ལྡོག་ནས་འབྱུང་བས། གཡས་ནས་རྔུབ་པ་དང༌། གཡོན་


TNT14_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དབྱུང་བ་ན་གཉིས་ཀ་ཡང་བསྐྱེད་རིམ་ཡིན་པའི་ངེས་པས། འཆི་མེད་སྒྲུབས་པའི་ཐབས་ཀྱི་སྙིང་པོ་ཅན་དུ་རིག་པར་བྱའོ། །དེ་གཉིས་གྱི་བར་དུ་རླུང་ཅུང་ཟད་བཟུང་ནས་སྲོག་རྩོལ་དགག་པ་སྟེ། འདི་ནི་མཉམ་རྒྱུ་ཡེ་ཤེས་ཀྱི་རླུང་འགོག་པར་བྱེད་པས་མི་འགྱུར་བའི་བདེ་བ་འཐོབ་པར་བླ་མེད་ནས་བཤད་པས་ཀྱང་རིག་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་རླུང་ཞེས་བྱ་བ་དང་ཤིན་ཏུ་འབྲེལ་ཏོ། །འདིར་སྨྲས་པ། དོན་དམ་ངེས་པའི་མན་ངག་དང་བྲལ་བ། །འདི་ནི་རླུང་སོགས་བེམ་པོའི་ཆོས་སུ་བལྟ། །ཐེག་མཆོག་རྫོགས་རིམ་མ་ནོར་ལག་ལེན་བཅས། །ཤེས་པར་རློམ་གང་བརྟགས་ཚེ་ག་ཞའི་རྒྱུ། །ཉེས་གང་གདོད་ནས་མེད་ཀྱང་གཉེན་པོ་ཡིས། །གསར་དུ་དག་པའི་ཚུལ་ཆེན་དེ་ཤེས་ནས། །འཁོར་དང་མྱ་ངན་འདས་པའི་མིག་འཕྲུལ་མཁན། །རླུང་གི་གནད་ཀྱང་གནས་འདིར་ཤེས་ན་ཀོ །དེ་ལྟར་རླུང་ནི་ལོངས་སྤྱོད་རྫོགས་སྐུའི་རང་བཞིན་དུ་ཤེས་ནས། ཁྱད་པར་གསལ་འདེབས་པ་ནི། ཨོཾ་ཨཱཿཧཱུཾ་གིས་སྒོ་གསུམ་བྱིན་གྱིས་བརླབས། དེ་ཡང་ལོངས་སྤྱོད་རྫོགས་སྐུ་བདེ་ཆེན་སྙིང་རྗེའི་རང་བཞིན། དེའི་སྐུ་གསུང་ཐུགས་ངོ་བོ་གཅིག་ཀྱང་ལྡོག་པས་ཕྱེ་ན་སྐུ་སེམས་ཅན་ལ་དམིགས་པ་དང༌། གསུང་ཆོས་ལ་དམིགས་པ། ཐུགས་དམིགས་མེད་ཀྱི་སྙིང་རྗེ་རྣམས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རང་བཞིན་གློ་བུར་རྣམ་དག་སྟེ། རང་གི་སྒོ་གསུམ་ཡང་རང་བཞིན་དེར་ཤེས་པར་བྱ་བ་ཡིན་ནོ། །ཨོཾ་


TNT14_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿསོགས་ནི་རང་གི་ངག་གཞོམ་མེད་ཀྱི་སྒྲ་དང་ཨོཾ་ཧཱུཾ་སོགས་ཀྱི་སེམས་ཀྱི་རྡོ་རྗེ་འདི་སྟོང་ཉིད་དང༌། བདེ་བ་གཉིས་མིན་ཐུགས་རྡོ་རྗེ་དང༌། ཨོཾ་ཨོཾ་སོགས་ཀྱིས་ལུས་འདིའི་རང་བཞིན་ནི་ཆོས་ཉིད་ཀྱང༌། བེམ་ཆོས་ལས་འདས་པའི་སྒྱུ་མ་སངས་རྒྱས་ཀྱི་སྐུར་ཡེ་ནས་བཞུགས་པ་དེ་ཉིད། འདིར་གསལ་གདབ་པ་སྟེ། དེ་གསུམ་འཛིན་ཞེས་མཚོན་པར་རྫས་ཀྱི་རྡོ་རྗེ་དྲིལ་བུ་འཛིན་པ་དང་འཁྱུད་པའི་ཕྱག་རྒྱ་ཡང་བྱའོ། །གོང་དུ་གཞིའི་དེ་ཉིད་ཚེ་རྡོ་རྗེ་སྙིང་གར་འཛིན་པའི་གནད་ཀྱང་དེས་ཤེས་ཏེ། ཡང་ན་འདིར་ངག་གྲག་སྟོང་རྣམ་པ་ཐམས་ཅད་པ། སེམས་བྱང་ཆུབ་སེམས་ཀུན་ཏུ་བཟང་པོ། ལུས་ལྷ་སྐུར་དྲན་པ་རྣམས་རྣལ་འབྱོར་གྱི་རྒྱུད་དེ་ཉིད་བསྡུས་པ་སོགས་ལས་འབྱུང་བ་བཞིན་ནོ་ཞེས་དབང་པོའི་དབྱེ་བས་རིག་པར་བྱ་སྟེ། མདོར་ན་དམ་ཚིག་གསུམ་གྱི་དོན་ནོ། །དེ་ལྟར་བཤད་པས་གྲུབ་པའི་དོན་བསྒོམ་བྱའི་རིམ་པ་ནི། གཞིའི་ཡན་ལག་གི་སྐབས་སུ་རང་སེམས་ཀྱི་ངོ་བོ་ལ་ཆེར་གྱི་མཉམ་པར་བཞག །དེ་ལས་ལངས་ནས། སེམས་འདི་རང་བཞིན་གྱི་དག་པའོ་སྙམ་དུ་བསྒོམ། དག་བྱེད་ཀྱི་ཆུ་བྱིན་གྱིས་རློབ་ན་ཡང༌། སེམས་ཀྱི་དྲི་མ་ཡེ་ནས་ཅི་ཡང་མ་གྲུབ་བོ་སྙམ་པའི་གདངས་དང་བཅས་པས། ཡེ་ཤེས་ཀྱི་རང་བཞིན་ཆུ་བོའི་རྣམ་པར་བསམ་མོ། །དེ་ནས་སྔར་བཤད་པའི་དྲི་མ་རྣམས་དག་པར་བསམ་པ་དང༌། རླུང་བྱིན་རླབས་ཀྱི་ཚེ། ཐོག་མར་རླུང་དེ་ལ་སེམས་གཏད་ནས་དམིགས་མེད་དུ་མཉམ་པར་བཞག །དེ་ལས་


TNT14_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ཏེ་རླུང་འདིའི་རང་བཞིན་ནི་ལོངས་སྐུ་རྡོ་རྗེ་སེམས་དཔའོ་ཞེས་རྟོག་པ་དང༌། སྒོ་གསུམ་བྱིན་གྱིས་རློབ་པ་ན། ཨོཾ་ཞེས་པའི་ཚེ་འགྲོ་བའི་སྡུག་བསྔལ་སྙིང་རྗེ་དང༌། ཨཱཿཞེས་པའི་ཚེ་སྣང་བ་སྒྱུ་མ་ལྟ་བུ་ལ་སེམས་མཉམ་པར་བཞག ཧཱུཾ་ཞེས་པ་ན། ཀུན་ཀྱང་ངོ་བོ་ཅིར་ཡང་མ་གྲུབ་པའི་ངང་དེར་ཡུལ་གྱི་སྣང་བ་མེད་པར་མཉམ་པར་འཇོག ཨོཾ་ཨཱཿསྭཱཧཱ་གཎྜཾ་སོགས་གསུམ་ནི། ཐོག་མར་ལུས་ཀྱི་རང་བཞིན། ངག་གི་གདངས། སེམས་ཀྱི་ངོ་བོ་རྣམས་ལ་ཆེར་གྱིས་བལྟས། དེ་ནས་སྔར་བཤད་པ་རྣམས་རྣམ་རྟོག་གི་ཚུལ་གྱིས་དྲན་པར་བྱ་སྟེ། རྣལ་འབྱོར་པ་ཏིང་ངེ་འཛིན་ཅུང་ཟད་མངོན་དུ་གྱུར་ནས། ངག་གཞོམ་མེད་ཀྱི་ནཱ་དར་ཤེས་པ་སོགས་རྗེས་སུ་མཐུན་པ་ཙམ་ཞིག་ཡོད་ན་ནི་དེ་ལ་ནན་ཏན་དུ་བྱ་ཡི། རྣམ་རྟོག་གི་དོན་གྱི་སྨན་ཡོན་དུ་འགྱུར་བ་ཅི། འདིར་སྨྲས་པ། བྱིས་པའི་ཚིག་གི་ཕྲེང་བརྒྱུད་ཨུ་དུམ་བུར། །ཆེན་པོའི་མགུལ་བརྒྱན་འོས་ཞེས་ཅི་ཏོལ་འགའ། །ཅི་ཏོལ་ཁོ་ནས་རབ་སྨྲ་དེ་བཞིན་གཞན། །ཡ་མཚན་ཅན་གྱི་རང་ལུགས་འཛིན་པའང་མཐོང༌། །རྣམ་པར་མ་བསླད་ཆོས་ཀུན་གཅིག་གྱུར་པ།།ལམ་བཟང་འདི་ལ་ཅི་ཕྱིར་འབད་མི་བྱེད། །གཞན་དུ་གདུག་པའི་སློབ་དཔོན་རྗེས་འབྲངས་ནས། །ངལ་བརྒྱས་ཁྱིམ་པ་བས་ཀྱང་དམན་པར་སྤྱོད། །ཨེ་མ་མང་དུ་སྨྲས་པས་ཅི་ཞིག་བགྱི། །འདི་ན་རླུང་ཡང་འོད་གསལ་སེམས་ཀྱི་མདངས། །ཡོངས་སུ་


TNT14_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྐུ་བདེ་བ་ཆེན་པོ་སྟེ། །གཞོམ་མེད་སྒྲ་གདངས་འགྱུར་མེད་ཆུ་ཟླའི་གཤིས། །དེ་ལྟར་དོན་དམ་པའི་རྐྱེན་གྱི་ཡན་ལག་བཤད་ནས། ད་ནི་ཀུན་རྫོབ་ཀྱི་རྐྱེན་གྱི་ཡན་ལག་ནི། རང་གི་སྙིང་ག་ནས་འོད་འཕྲོས། ཚོགས་ཞིང་སྤྱན་དྲངས། ཡན་ལག་བདུན་པ་སོགས་བྱ་སྟེ། དེ་ནི་གོ་སླ་བའོ། །དེ་དག་ནི་རྐྱེན་གྱི་ཡན་ལག་སྟེ། ཅིའི་ཕྱིར་རྐྱེན་གྱི་ཡན་ལག་ཞེ་ན། དག་བྱེད་ཁྲུས་ནི་མི་མཐུན་ཕྱོགས་བསལ་བ། རླུང་བྱིན་གྱིས་བརླབས་པ་ནི་དམིགས་པའི་རྐྱེན་གྱི་ལམ་དང༌། སྒོ་གསུམ་བྱིན་གྱིས་བརླབས་པ་དེ་མ་ཐག་རྐྱེན་གྱི་ལམ་དང༌། རྡོ་རྗེ་གསུམ་གྱི་དམ་ཚིག་དྲན་པ་བདག་རྐྱེན་གྱི་ལམ་སྟེ་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་ལ། འདིའི་ངེས་པ་ནི། ལོངས་སྤྱོད་རྫོགས་སྐུ་ལ་དམིགས་པ་སྟེ། སུ་ཡིན་ན། རང་བཞིན་འོད་གསལ་གྱིས་དང༌། ཇི་ལྟར་དམིགས་ན་སྙིང་རྗེ་གསུམ་གྱི་ཚུལ་ལྟར་དང༌། གང་དུ་དམིགས་པ་ནི་དམ་ཚིག་གསུམ་གྱི་ཏིང་ངེ་འཛིན་དུ་སྟེ། མདོར་ན་རྒྱུ་མཚན་དེའི་ཕྱིར་རྐྱེན་གྱི་ཡན་ལག་གོ །འདིར་སྨྲས་པ། དཔལ་ལྡན་ཁྱབ་བདག་ལོངས་སྤྱོད་རྫོགས། །ཞིང་དང་སེམས་ཅན་སྤྱོད་པ་དང༌། །མི་ཤིགས་སྐུ་ལ་དམིགས་མེད་ཀྱིས། །རབ་ཏུ་དམིགས་པ་ཉིད་དུ་བྱ། །ཐ་མལ་རྟོག་པས་ནམ་ཡང་མ་བསྙེངས་པར། །ཡིན་ལུགས་མཆོག་ལ་མཉམ་པར་བཞག་གྱུར་ན། །ལུས་ངག་ཡིད་ཀྱི་རང་བཞིན་རྣམ་དག་དེ། །རང་བཞིན་རྣམ་དག་ཉིད་དུ་ངང་གིས་རིག །དེ་


TNT14_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངོ་བོའི་ཡན་ལག་ནི། ཨོཾ་ཤཱུ་ནྱ་ཏ་སོགས་སྟེ། དེའི་དོན་སྟོང་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་ང་ཡིན་ནོ་ཞེས་པ་སྟེ། རང་བཞིན་འོད་གསལ་དེ་ཉིད་རབ་ཏུ་མྱོང་ཞིང་རིག་པ་ཉིད་ན་ཡང་མྱོང་ཞིང་རིག་པ་དེའི་ངོ་བོའམ། གཤིས་གང་དུ་ཡང་གྲུབ་པ་མེད་པས་ན། ངོ་བོའི་ཡན་ལག་སྟོང་པར་བཞག་པ་ཡིན་ལ། སྟོང་པ་དེ་ལ། རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། ཇི་སྐད་དུ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་གསུངས་པ་ལྟར། རྩལ་འགག་མེད་མི་འགྱུར་བའི་བདེ་ཆེན་དུ་འཆར་བས་ན་ཡེ་ཤེས་རྡོ་རྗེ་ཡིན་ལ། དེའི་རང་བཞིན་ཞེས་པ་ནི། རང་བཞིན་དང་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དབུ་མར་གང་གསུངས་པ་སྟེ། རྒྱུ་རྐྱེན་གང་གིས་ཀྱང་མ་བྱས་པར་གདོད་མ་ནས་ཡིན་པ་སྟེ་མེ་ཚ་བ་བཞིན་ནོ། །སུ་ཞེ་ན། ང་ཡིན་ནོ་ཞེས་པ་སྟེ། གཞིའི་ཡན་ལག་གི་སྐབས་སུ་བཤད་པའོ། །སྒོམ་ཚུལ་ནི། ཤཱུ་ནྱ་ཏ་སོགས་བརྗོད་པ་ན། ཐོག་མར་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུ་སྣང་ཡང་མ་གྲུབ་པའོ་སྙམ་པའི་མཐར། རིག་པས་བརྟགས་ན་ཅི་ཡང་མ་རྙེད་པ་དེའི་ངང་དུ་མི་བསམ་པར་མཉམ་པར་འཇོག་པ་སྟེ། སྣང་བ་དགག་ནི་མི་དགོས་མོད། འོན་ཀྱང་སེམས་སྣང་མེད་སྟོང་པ་གཙོ་ཆེ་བ་ཡིན་པར་རིག་པར་བྱའོ། །འདིར་སྨྲས་པ། བདེན་གཉིས་འོད་གསལ་ཆུ་ཟླའི་རོལ་རྩེད་མཁན། །བརྒྱ་


TNT14_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ཏིང་འཛིན་སྒྱུ་མའི་ཟློས་གར་གྱིས། །ཟུང་འཇུག་འཕྲོག་པའི་གྲོང་ཁྱེར་ཉམས་དགའ་བྱས། །རིས་མེད་ཀུན་ཏུ་འཆར་བ་སྒྱུ་མའི་གཤིས། །ད་ནི་ལམ་གྱི་ཡན་ལག་ནི། བསྲུང་པའི་འཁོར་ལོ་སོགས། དེ་ཡང་ཐོག་མར་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ནས། ཧཱུཾ་ལན་གསུམ་གླུར་ལེན་ཏེ། རང་གི་ལུས་ངག་ཡིད་གསུམ་སྲུང་བ་བདག་བསྲུང་བ་དང༌། ཧཱུཾ་མཛད་ཀྱི་ཕྱག་རྒྱས་ཨིནྡྲ་སོགས་ཀྱིས་ཕྱོགས་སྐྱོང་ལ་སོགས་པའི་བགེགས་བསྐྲད་ནས། ཕྱོགས་མཚམས་སུ་རྡོ་རྗེའི་རྭ་བ། སྟེང་དུ་གུར། འོག་ཏུ་ས་གཞི་རྣམས་བསྒོམ་པར་བྱ་སྟེ་གནས་བསྲུང་བའོ། །སྐབས་འདིར་རང་རྩ་བའི་ལྷ་སྐུར་སྒོམ་པ་འདིའོ་ཞེས་པ་མ་བྱུང་ལ། འོན་ཀྱང་སློབ་དཔོན་ཉིད་ཀྱིས་འདིར་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བཅས། བསྲུང་བའི་འཁོར་ལོ་རྣམ་པར་བརྟག །འཁྱིལ་བ་ཆེན་པོ་དམ་ཚིག་རྒྱལ། །འབྱུང་པོའི་གདོན་རྣམས་བརླག་པར་མཛད། །དེ་བཞིན་ཁྲོ་བོ་ཧཱུཾ་ཀ་ར། །རང་གི་ཕྱག་རྒྱ་ཡན་ལག་བཅས། །བགེགས་རྣམས་གཞོམ་ཞིང་རྟག་ཏུ་ཡང༌། །བདག་གནས་རྣལ་འབྱོར་རབ་ཏུ་བསྲུང༌། །ཞེས་གསུངས་པ་འདི་ནི་བྱ་རྒྱུད་དང་མ་མཐུན་མོད་ཀྱི། འདི་རྣལ་འབྱོར་བླ་མེད་གོ་བསྟུན་དུ་གནས་པའི་ཕྱིར་ན། རང་ཁྲོ་བོ་བདུད་རྩི་འཁྱིལ་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་སེམས་དཔའི་སྐྱིལ་ཀྲུང་གི་བཞུགས་པར་སྐད་ཅིག་གིས་སྒོམ་ནས་གནས་བསྲུང་ངམ། ཡང་ན་ཧཱུཾ་མཛད་དུ་བསྒོམ་པ་སྟེ་འདི་ལ་འགལ་


TNT14_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་དོ། །རྡོ་རྗེ་ཁུ་ཚུར་ཁ་སྤྲད་པ་ཕྱོགས་བཅུར་བསྐོར་ཏེ། སྠ་ན་སོགས་གནས་དང༌། སྙིང་གར་བཞག་པས་ཡོ་ག་སོགས་རྣལ་འབྱོར་དང༌། དཔྲལ་བར་བཞག་པས་ཨཱཏྨ་སོགས་བདག་བསྲུང་བའོ། །རྡོ་རྗེ་རྩེ་ལྔ་སོགས་ཀྱི་བདག་གནས་རྣལ་འབྱོར་བསྲུང་བ་ཐམས་ཅད་ལན་གཅིག་ཡིད་ལ་བྱས་ཏེ་བརྟན་པར་བསམ་ནས། དེ་མཐར་བགེགས་དང༌། བསྲུང་འཁོར། བར་དུ་གཅོད་པ་གསུམ་གང་ཡང་མི་དམིགས་པར་བསམ་ཏེ། དོན་དམ་གྱི་སྲུང་བའི་འཁོར་ལོ་ཡིན་ལ། གོང་དུ་ཨོཾ་སྠ་ན་སོགས་ཀྱི་ཚེ། གནས། རྣལ་འབྱོར། བདག་བསྲུང་གསུམ་ག་དྲན་པར་བྱ་དགོས་པ་ལས་བདག་གནས་བསྲུང་བ་དངོས་སུ་བྱུང་ཡང༌། རྣལ་འབྱོར་བསྲུང་བ་འདི་ལྟའི་གསལ་ཁ་དངོས་སུ་མ་བྱུང་ལ། དེ་བས་ན་ཟླ་གསང་ཐིག་ལེ། ཨོ་ཌྱ་ཡ་ན། རྣམ་པར་རྩེན་པ་སོགས་སུ། དམ་ཚིག་གསུམ་གྱི་ཏིང་ངེ་འཛིན་རྣལ་འབྱོར་བསྲུང་བར་གསུངས་པ་ལྟར། འདིར་ཡང་ཨོཾ་ཨཱཿསྭཱཧཱ། ཀཎྜཾ་སོགས་རྣལ་འབྱོར་བསྲུང་བར་རིགས་ཏེ། བྱ་སྤྱོད་ལས་ནི་གནས་བདག་བསྲུང་བ་ཙམ་ལས་མ་གསུངས་ཤིང༌། ཡོ་ག་ལས་འབྱུང་བ་དང༌། འདུས་པར་ཚད་མེད་བཞི་ལས་གསུངས་པ་སོགས་དང་ཕྱོགས་འདྲ་བ་ནི་འདིར་མ་བྱུང་བ་ལ། གཞན་ཡང་འདི་ནི་བླ་མེད་དང་ཆ་མཚུངས་པའི་ངེས་པ་ལས་སོ། །འདིར་སྨྲས་པ། སེམས་གང་ཀུན་གཞི་རྣམ་ཤེས་ཀྱིས་སྒྲུབས་པའི། །ཚོགས་


TNT14_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་བརྫུན་པའི་དུག་ཆུས་མྱོས་ལས་སླར། །སྟོང་ཉིད་བདུད་རྩིའི་ཆུ་བོ་རྟག་འཐུང་བས། །རིས་བྲལ་དག་པའི་ལང་ཚོ་རྒྱས་པར་འགྱུར། །འདི་ནི་བསྲུང་བའི་འཁོར་ལོའི་ངེས་པའོ། །དེ་ནས་ལྷ་བསྐྱེད་པའི་རིམ་པ་ནི། དངོས་པོར་སྣང་བ་ཐམས་ཅད་རང་ལ་བསྡུ། རང་ཡང་སྟོང་པར་བསམས་ཏེ། དེ་ནས་ཀུན་རྫོབ་ཀྱི་སྣང་བ་ཐ་མལ་པ་མི་དམིགས་ཤིང༌། སྟོང་པ་དེའི་གདངས་མ་བྲལ་བར་འཇའ་ཚོན་ལྟར་སྟོང་བཞིན་དུ་སྣང་བ་ནི། དངོས་པོ་རྣམས་ཀྱི་རང་བཞིན་ཉིད་པས་ན་དེ་ཉིད་སྔར་མ་རྟོགས་པ་དེང་ནས་རྟོགས་པའི་སླད་དུ་སྟེ། སྒོམ་ཚུལ་ནི་སྒྲུབ་ཐབས་སུ་གསལ་བས་འདིར་སྤྲོ་བར་མི་འདོད་ལ། ཞིང་ཁམས་རྒྱ་མཚོ་སྒོམ་པ་ནི། ཞིང་སྦྱོང་བ་ཡིན་ཞིང༌། ཏཱཾཿགི་སྒྲས་སེམས་ཅན་རྣམས་བྱང་ཆུབ་ལ་བཀོད་ནས། བདུད་རྩིར་གྱུར་ནས་བསྡུ་བ་ནི་སེམས་ཅན་སྨིན་པའི་སླད་དུའོ། །རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་གནས་གསུམ་དུ་གཏུགས་ནས་རིག་པ་ལན་གསུམ་བརྗོད་པ་ནི། སྐུ་དང་གསུང་དང་ཐུགས་ཀྱི་བྱིན་གྱིས་བརླབས་པ་དང༌། དེ་བཞིན་གཤེགས་པ། པདྨ། རྡོ་རྗེའི་རིགས་གསུམ་གྱི་བདག་ཉིད་གཅིག་ཏུ་བྱས་པ་ཡིན་ལ། ཨོཾ་ཨཱཿཧཱུཾ་ཧོཿརྡོ་རྗེ་བཞི་བྱིན་གྱིས་བརླབས་པ་སྟེ། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་སོ། །དེ་ནས་ནི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་རོ་མཉམ་དུ་བསམས་ནས། ཛཿཧཱུཾ་བཾ་ཧོཿཞེས་བརྗོད། དེ་ནས་དབང་བསྐུར་བ་སྟེ་


TNT14_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཅུ་ལས། ཅོད་པན་ནི་འོད་དཔག་མེད་དང༌། བརྟན་པར་བརྗོད་པ་ནི། སུ་པྲ་ཏིཥྛ་སོགས་བརྗོད་པས་སོ། །དེ་དག་ནི་ལམ་གྱི་ཡན་ལག་སྟེ། ཅིའི་ཕྱིར་ཞེ་ན་ཚོགས་རྫོགས་པར་བྱེད་པའི་ལམ་ཡིན་པས་ན་ཏེ། རྫོགས་སྨིན་སྦྱངས་གསུམ་གྱི་ཏིང་ངེ་འཛིན་ལས། ཕྱི་མ་གཉིས་སྔར་བཤད་པ་དང༌། ལྷག་མ་རྣམས་དང་པོ་སྟེ། དེ་ཡང་བསྲུང་འཁོར་ནི། ངེས་པར་འབྱུང་བའི་སེམས་བསྐྱེད་པ་དང༌། ལྷར་གསལ་བ་ནི་རྡོ་རྗེ་ཐེག་པར་སེམས་བསྐྱེད་པ་དང༌། རིགས་གསུམ་མམ། རྡོ་རྗེ་གསུམ་བྱིན་གྱིས་བརླབས་པ་ནི། དྲན་པ་ཉེར་བཞག་སོགས་ཀྱི་ངེས་པས། ཚོགས་ཀྱི་ལམ་ཆེ་ཆུང་གསུམ་དང༌། རྡོ་རྗེ་བཞི་ནི་དྲོད་ལ་སོགས་པ་སྦྱོར་ལམ་བཞི་དང༌། ཡེ་ཤེས་སྤྱན་འདྲེན་ནི་ས་དང་པོའི་མཉམ་བཞག་མཐོང་ལམ་དང༌། ས་བོན་འོད་འཕྲོས་སོགས་ནི་ས་དང་པོའི་རྗེས་ཐོབ་སོགས་ས་བཅུ་དང༌། ཆོས་མཐུན་པའོ་ཞེས་པ་སྟེ། དེའི་ཕྱིར་ལམ་གྱི་ཡན་ལག་གོ །འདིར་སྐབས་སུ་བབས་པའི་དོན་རེ་ཤིག་དེ་ཙམ་ལ་བྱ་སྟེ། ངེས་པ་དང་བཅས་པའི་འཐད་པ་རྒྱས་པར་རྣམས་ཡི་གེ་མངས་ཀྱི་དོགས་དང༌། སྐབས་སུ་མ་གྱུར་པས་མ་བྲིས་སོ། །འདིར་སྨྲས་པ། རྣམ་པ་ཀུན་ལྡན་སྟོང་ཉིད་དམ་པའི་དོན། །ངེས་པའི་ལྷ་སྟེ་གཞན་ནི་དྲི་མའོ། །དེ་བས་རེས་འཇོག་ཚུལ་དུ་མ་འཁྲུལ་བར། །སྟོང་པའི་རིང་ལས་ལྷ་སྐུ་འདིར་ཤེས་བྱ། །ཞིང་སྦྱོང་པ་དང་སེམས་ཅན་སྨིན་པའི་ཚུལ། །ཀུན་ཀྱང་


TNT14_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མའི་རྣམ་རོལ་སྟོང་པའི་ངང༌། དབང་པོའི་གཞུ་ལ་རེག་ཐོགས་མེད་པ་ལྟར། །རྒྱལ་བའི་སྐུ་ཡང་ཚོགས་གཉིས་རྫོགས་པ་ནའོ། །རིགས་གསུམ་འགྱུར་མེད་རྡོ་རྗེ་ཆེན་པོ་བཞི། །ཡེ་ཤེས་འཁོར་ལོ་དེ་བཞིན་དབང་བསྐུར་དང༌། །བྱང་ཆུབ་ཕྱོགས་མཐུན་དེ་བཞིན་འོད་གསལ་གནད། །བསྡུས་པའི་ཚིག་ལའང་དོན་རྒྱས་རིག་པར་བྱོས། །ད་ནི། ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་པའི་དབང་དུ་བྱས་ཏེ། དངོས་གཞི་ཏིང་ངེ་འཛིན་རྣམ་པ་གཉིས་ཀྱི་དམིགས་པ་ནི། སྒྲུབ་ཐབས་ཉིད་དུ་བྲིས་ཟིན་ལ། གང་དག་ཏུ་དུ་བ་དང་སྨིག་རྒྱུ་སོགས་ཀྱི་མཚན་མ་སྔར་བརྟན་པོར་མཐོང་བའི་རྣལ་འབྱོར་པས་རང་ལྷར་གསལ་བའི་ལུས་ནང་དུ་ཞིང་རྣམས་དམིགས་ཙམ་བྱས་ཏེ་མཉམ་པར་བཞག་པ་ན། སྟོང་གཟུགས་ལ་ཞིང་མང་ཉུང་དབང་པོ་དང་མཚམས་པར་དངོས་སུ་སྣང་ལ། དེ་ནས་འཆི་མེད་ཀྱི་རྣལ་འབྱོར་བསྒོམ་པར་བྱ་བ་དང༌། ལས་དང་པོ་པའི་སྒོམ་ཚུལ་ལ་ཡང་རྣམ་རྟོག་གི་རྩོལ་བ་ཡོད་མོད་ཀྱི། དེ་ལྟ་ན་ཡང་བསམ་གྱིས་མི་ཁྱབ་པའི་གནད་ཤེས་པས། ཞིང་དང་འཆི་མེད་ཀྱི་རྣལ་འབྱོར་ལ། གང་དམིགས་བཅས་ཡོད་ཀྱི་བར་དུ་སྒྱུ་མ་ལྟ་བུའོ་སྙམ་པ་དང༌། ཞིང་ཡང་རབ་འབྱམས་ཏེ། ཆེ་ཆུང་ཕྲ་སྦོམ་མང་ཉུང་སོགས་ཚད་བཟུང་མི་ནུས་པ་མཐའ་ཡས་པ་ཤེས་པ་དང༌། འཆི་མེད་ཀྱི་མཐར། དམིགས་མེད་ནི་གང་ཡང་མི་སྒོམ་པར་རིག་ཙམ་སྣང་ཙམ་ལ་རིང་དུ་མཉམ་པར་


TNT14_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པ་སྟེ། སྐབས་འདིར་སློབ་དཔོན་གྱིས། །མཆན་ཁུང་སྲོག་རྩོལ་བསྡམས་དང་བཅས། །སྒྱུ་མའི་ལམ་མཆོག་གང་མཐོང་བ། །དེས་ནི་རེ་ཤིག་དམིགས་བཅས་པའོ། །དེ་མཐར་དམིགས་པ་མེད་གང་དང༌། །འོད་ཟེར་དྲའང་མ་མཐོང་གང༌། །རྟག་ཏུ་རྣམ་པར་རྟོགས་པས་བརྟག །ཞེས་གསུངས་པའི་ངེས་པ་ལས་སོ།།རྣལ་འབྱོར་འདི་གཉིས་ཀའང་འཆི་མེད་སྒྲུབ་པའི་ངེས་པ་ལས་སྟོང་པ་ཉིད་སྒོམ་པའི་རིག་པ་ཡིན་ལ། དེ་ལྟ་མོད་ཀྱི་རྣམ་མེད་དམ་སྟོང་ཉིད། མེད་དགག་ཙམ་ལ་ནི་རྟག་པར་དམ་པའི་ངེས་ཚིག་མ་ཞུགས་ཤིང༌། སྟོང་ཉིད་རྣམ་པ་ཐམས་ཅད་པ་སྟེ། རྣམ་པ་ཅི་ཡང་འཆར་བ་ནི་རྟག་པ་དམ་པ་ཡིན་ལ། དེ་ཡང་ཞིང་གི་རྣལ་འབྱོར་ནི་སྣ་ཚོགས་སུ་སྣང་བ་རྣམ་པ་ཐམས་ཅད་པ་དང༌། འཆི་མེད་ཀྱི་རྣལ་འབྱོར་ནི་བདེ་བ་དམ་པ་དང༌། འོད་གསལ་གཙོ་ཆེ་སྟེ། ཕྱི་མ་སྔ་མ་ལ། རྟེན་ནས་འབྱུང་གི་གཞན་དུ་མ་ཡིན་ནོ། །དེ་ཡང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལས་འོད་གསལ་དང་འགྱུར་མེད་བདེ་བ་ཆེན་པོ་ཐོབ་པ་ནི། བླ་མེད་ཀྱི་རྒྱུད་རྣམས་ཀྱི་ངེས་གསང་དམ་པར་ཤེས་པར་གྱིས་ཤིག་གུ། དེ་ལྟར་དེ་གཉིས་ཀྱི་ཕྱི་མས་རང་དོན་ཆོས་སྐུ་དང༌། དང་པོས་གཞན་དོན་གཟུགས་སྐུས་འགྲོ་བའི་དོན་མཛད་པ་ཡིན་ལ། དེ་གཉིས་ཐ་དད་པ་ཡང་མ་ཡིན་ནོ། །འདིར་སྨྲས་པ། རྒྱལ་བའི་ཡོན་ཏན་ཟབ་ཅིང་རྒྱ་ཆེ་རྣམས། །ལྷུན་གྲུབ་


TNT14_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནའང་གསར་དུ་ཐོབ་པ་ཡི། །ཚུལ་དེ་ཤེས་ནས་རྣམ་པར་རྟོག་མེད་ཀྱང༌། །འཕྲིན་ལས་ལྷུན་གྱིས་གྲུབ་པའི་ཚུལ་འདིའོ། །ཕྱག་རྒྱ་ཆེན་པོ་རྣམ་ཀུན་སྟོང་ཉིད་དང༌། །ཞུ་བདེ་ལས་འདས་བདེ་ཆེན་འོད་གསལ་བའོ། །ངེས་གསང་དེ་གཉིས་རིག་ན་འཆི་མེད་དང༌། །ཞིང་གི་རྣལ་འབྱོར་རིས་མེད་འཁོར་ལོའང་རིག །རྨི་ལམ་དག་ལས་བདེ་བ་སྦྱིན་པ་དང༌། བྲག་ཆའི་གླུ་དབྱངས་བྱིས་རྣམས་ཡིད་བདེའི་རྒྱུ། །ལམ་བཟང་མཆོག་ཀྱང་དེ་འདྲར་མྱོང་བ་ལས། །མཁའ་བཞིན་ཀུན་ལ་གོ་སྐབས་སྦྱིན་ན་ཀོ །རྫོགས་སངས་རྒྱས་རྣམས་ཀུན་རྟོག་མེད་གཟིགས་ནས། །དོན་དམ་མི་འཆི་བཅུད་བྱེད་རྟག་རོལ་ཡང༌། །རབ་འབྱམས་ཞིང་དུ་དཔག་མེད་ཟློས་གར་ཅན། །གདུལ་དཀའི་ཞིང་དུའང་ངུར་སྨྲིག་ཐུན་མཚམས་ཀྱི། །དེས་ལྡན་རྣམས་ལའང་ལྷན་སྐྱེས་བདུད་རྩིའི་འོད། །སྐབས་དབྱེར་གྱུར་བཞིན་རིག་པར་བྱོས་ཨ་རེ། །ཤཱི་བའི་རིང་ལུགས་སྐྱོང་བའི་ཆེར་རློམ་འགའ། །ཟབ་ཅིང་རྒྱ་ཆེའི་ཚིག་རྣམས་མ་རྟོགས་པར། །ལས་རྒྱ་ངེས་པའི་ལམ་དང་རིམ་པ་སྟེ། །གོང་མའི་དབང་གསུམ་འགྱུར་མེད་བདེ་བ་བྲལ། །དེ་བཞིན་རྟག་ཏུ་འདོད་ལ་བརྐམ་པའི་ཚིག །འཇིག་རྟེན་དམོད་ཙམ་སྤངས་ཕྱིར་སྤྲོས་མེད་ཀྱི། །སྤྱོད་པ་གསུངས་ཞེས་སྨྲ་མོད་དེ་ལྟ་བུའི། །ཕྱག་ཆེན་རྟོགས་པ་ཆིག་གཅོད་ཚིག་ཏུ་བས། །ཡང་སྨྲས་པ། ཀ་ཡེ་ནམ་མཁའི་མེ་ཏོག་སུ་ཡིས་


TNT14_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང༌། །འཕྲོག་པའི་གྲོང་དུ་གང་གི་ལྟད་མོ་སྦྱིན། །རྨད་བྱུང་དོན་དེ་བླ་མའི་ཞལ་ལས་དྲིས། །མི་བསྲུན་ཤིང་རྟར་འཇུག་པའི་ངལ་བས་ཅི།¿།དེ་ལྟར་བཟླས་པ་དང་བཅས་པའི་རྣལ་འབྱོར་གཉིས་དངོས་གཞིའི་ཏིང་ངེ་འཛིན་ཏེ། དེ་ནས་ལྡང་བར་འདོད་ན། རང་དམ་ཡེ་གཉིས་མེད་དུ་གསལ་བ་མཆོད་ཅིང་བསྟོད་པས་བསྟོད་པ་སྟེ། དེ་ལ། ནམ་མཁའ་དང་མཉམ་སོགས་ཀྱི་དོན་ཅུང་ཟད་བཤད་ན། ནམ་མཁའ་དང་མཉམ་ནི་དངོས་པོ་ཐམས་ཅད་ལ་ཁྱབ་པ་སྟེ། གཞིའི་ཆོས་ཉིད་དོ། །མཉམ་ཉིད་ནི་ལམ་སྟེ། །ཆོས་ཉིད་དེའི་རང་བཞིན་སྟོང་པ་དང་སྙིང་རྗེ་མི་ཕྱེད་པ་གོམས་པར་བྱེད་པ། རོ་མཉམ་ནི་དེ་ལྟར་གོམས་པའི་མཐུས་འབྲས་བུ་སྟེ། དོན་དམ་རྣམ་མེད་ཆོས་སྐུ་དང༌། ཀུན་རྫོབ་རྣམ་བཅས་གཟུགས་སྐུ་རོ་མཉམ་པའོ། །དེའི་ཕྱིར་སྐུ་མངའ་བ་སྟེ། ཆོསཉིད་དེ་འཕགས་མའོ་ཞེས་པའོ། །དངོས་རྣམས་སོགས་ནི། དཔེར་ན་བུམ་པ་གྲུབ་པ་ན། དེ་ཐད་ཀྱི་ནམ་མཁའ་གཞན་དུ་མ་སོང་ལ། ཞིག་པ་ན་ཡང་གཞན་ནས་མ་འོངས་པས་བུམ་པ་སོང་ཡང་ནམ་མཁའ་མི་འགྲོ་བ་ལྟར། གཞི་ལམ་སོགས་ཀུན། བུམ་སོགས་ངོ་བོ་དང་འདྲ་བ་དང༌། ཆོས་ཉིད་ནམ་མཁའ་དང་འདྲ་བར་བཞག་གོ །འཇིག་དང་སོགས་ནམ་མཁའ་དང་འདྲ་བས་ཏེ། ཞིག་མི་སྲིད་པས་མཚར་མོད་མ་འོངས་པའི་ཕྱིར་འཇིག་རྒྱུ་མེད་པས་དེ་ཙམ་དུ་ངོ་མཚར་ཅི། དེ་


TNT14_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་ཡ་མཚན་སོགས་ཏེ་གོ་སླའོ། །སྲིད་དང་སོགས་འབྲས་བུ་ལ་སྦྱར་བ་སྟེ། སྲིད་པ་སྟེ་ཀུན་རྫོབ་གདོད་མ་ནས་མེད་པར་གཟིགས་ཀྱང༌། སྔོན་སྙིང་རྗེས་ཀུན་ནས་བླངས་ཏེ་སྨོན་ལམ་བགྱིས་པའི་དབང་གིས་འགྲོ་བ་ལ་བཏང་སྙོམས་མེད་པར་གཟིགས་ནས། རྣམ་པར་འཕྲུལ་པ་ཡུལ་དུས་ཆད་པ་མེད་པར་འབྱུང་བས། ཁམས་གསུམ་གྱི་འགྲོ་བ་ཀུན་ལ་བདེ་ཆེན་སྟེ་ཐར་པ་སྦྱིན་པ་ཞེས་པའོ། ཁྱོད་ཞབས་སོགས་གོ་སླ་སྟེ། ཁྱེད་ཀྱི་ཞབས་ལ་འདུད་པ་རྣམས་ཀྱང་བྱང་ཆུབ་ཆེན་པོར་ངེས་པའོ། །དེའི་ཕྱིར་ཕྱག་འོས་སོ་ཞེས་པའི་དོན་ནོ། །དེ་ནས་ཡི་གེ་བརྒྱ་པ་བཟླས་ནས་བཟོད་པ་གསོལ། བཛྲ་མུཿ ཡེ་ཤེས་པ་གཤེགས་སུ་གསོལ་བ་སྟེ། དབྱིངས་སུ་ཐིམ་པར་བསམ། དེ་ནས་རིག་པ་ལན་གསུམ་བརྗོད། སྔར་བཤད་པའི་རྡོ་རྗེ་གསུམ་གྱི་དམ་ཚིག་དྲན་པར་བྱས་ཏེ། སྐུ་གསུང་ཐུགས་མི་ཕྱེད་པར་བྱིན་གྱིས་བརླབས་པའོ། །ཨོཾ་བཛྲེ་སོགས་ནི་བདག་ཉིད་བསྲུང་བ། དེ་ནས་ནི་དགེ་བ་བསྔོས་ནས་ལྡང་བར་བྱ་སྟེ། ཐམས་ཅད་དུ་ཡང་ལྷར་སྣང་དང་མ་བྲལ་བར་བྱ་ལ། ལམ་འདི་ལ་ཡང་ཡང་གོམས་པས་ལྷུར་བླངས་པས་ལུས་འདི་ལ་མཆོག་གི་དངོས་གྲུབ་སྟེར་བར་བྱེད་དེ། གཞི་དང༌། རྐྱེན་གྱི་ཡན་ལག་དང༌། དངོས་གཞི་གཙོ་བོར་གོམས་པས་རྫོགས་པའི་རིམ་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་སྐྱེ་བར་འགྱུར་བ་ཡིན་ནོ། །འདིར་སྨྲས་པ། བདེན་གཉིས་


TNT14_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕྱེད་ཏིང་འཛིན་གོམས་ལས་ནམ་མཁའི་གཟུགས་མཐོང་ཞིང༌། །གང་དུ་བརྟན་ཞིང་ཡངས་པར་གྱུར་དང་ཐབས་མང་དེ་ཚེའོ། །ཨ་རེ་བྱང་ཕྱོགས་འདི་ན་སྡེ་སྣོད་སྤངས་ཤིང་རྒྱུད་སྡེ་རིང་དུ་དོར། །ངལ་བས་གནས་ཀྱང་ངན་འགྲོ་ལ་གཞོལ་ཀྱེ་ཧུད་གཏུམ་པོ་ལྟར། །དམན་པ་ལས་ཀྱང་དམན་པའི་སྤྱོད་པ་འཛིན། །བཟང་པོ་ཡི་ཡང་བཟང་པོ་ལྟ་བུར་རློམ། །བརྩོན་པ་ཆེན་པོས་བརྩོན་པར་འབད་མོད་ཀྱི། །འཁོར་བའི་རྒྱ་མཚོར་འཁོར་ལས་ཐར་མི་འགྱུར། །དེ་བས་ན་ལམ་བཟང་མ་ནོར་བ་གནད་མ་བཅོས་པ་དག་ལ་འབད་པ་ཆེན་པོས་ཅིའི་ཕྱིར་མི་འབད། དེ་ལྟར་ན་འདིའི་མན་ངག་གི་གནད་རྣལ་འབྱོར་བླ་མེད་ལྟར་ཤེས་དགོས། སྨྲ་ན་དེ་ཅི་སྙམ་ན། བཤད་ཟིན་མོད་ཀྱི། དེ་ལྟར་ན་ཡང་རླུང་བྱིན་གྱིས་བརླབས་པ་དང༌། སྒོ་གསུམ་བྱིན་གྱྀས་བརླབས་པ། དམ་ཚིག་གསུམ་སྒོམ་པ། ལྷ་བསྐྱེད་ཟིན་ནས་རྡོ་རྗེ་བཞི་བྱིན་གྱིས་བརླབས་པ། དངོས་གཞི་རྣལ་འབྱོར་གཉིས་རྣམས་བླ་མེད་ཁོ་ན་བཞིན་དུ་ཡོད་ལ། ལྷ་བསྐྱེད་པ་དང༌། ཡེ་ཤེས་འཁོར་ལོ་སྤྱན་འདྲེན་པ་དང༌། གཤེགས་པ་རྣམས་རྣལ་འབྱོར་རྒྱུད་བཞིན་དང༌། སྤྱིར་ཟབ་གནད་ནི། བཞིའི་ཡན་ལག །རང་བཞིན་གྱི་ཡན་ལག་དག་བྱེད་འཁྲུས་དང༌། རླུང་དང༌། སྒོ་གསུམ་བྱིན་གྱིས་བརླབ་པ། དམ་ཚིག་གསུམ་བསྒོམ་པ། རྡོ་རྗེ་བཞིའི་བྱིན་གྱིས་བརླབས་པ་དང༌།


TNT14_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གཉིས་རྣམས་སོ། །གཏོར་མ་དང༌། ཟས་དང༌། ཉལ་བ་ལ་སོགས་པ་སྔར་བྱ་རྒྱུད་ཁོ་ནའི་ལུགས་ཀྱི་སྐབས་བཤད་ཟིན་ཏོ། །མཆོད་པ་བྱིན་རླབས་ཅི་འདྲ་བར་གཏོར་མ་དེ་འདྲ་ལ། འོན་ཀྱང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་དབུལ་བར་བྱའོ། །དེ་ལྟར་འདི་ནི་ལྟ་སྒོམ་འབྲས་བུའི་གནད་རྣལ་འབྱོར་བླ་མེད་ཀྱི་ཚུལ་ཟབ་ཅིང་རྒྱ་ཆེ་བ་དང༌། སྤྱོད་པ་ཀྲྀ་ཡ་བཞིན་དུ་གཙང་སྦྲ་དང༌། དཀའ་ཐུབ་དང་སྦྱིན་བསྲེག་སོགས་སྤྱད་པས། ལུས་འདི་ལ་མཆོག་གི་དངོས་གྲུབ་ཐོབ་ཅིང༌། དབང་པོ་ཆེས་དམན་པས་ཀྱང་ཤིན་ཏུ་ནན་ཏན་ཏུ་བྱས་ན་འཆི་བ་མེད་པའི་རིག་འཛིན་ཐོབ་ནས། རིམ་གྱི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །འདིར་སླར་ཡང་དེ་རྣམས་འདི་སྐད་ཅེས། སེམས་ཅན་གང་དག་སྲིད་པ་ལ་མོས་ཏེ། །སྲིད་པས་དགེ་དང་མི་དགེའི་འབྲས་བུ་བྱེད། །དེ་ནི་བདེ་ཆེན་ལམ་ལས་གོལ་བ་སྟེ། །སྐད་ཅིག་བྱུང་ནས་ཕྱིར་ཡང་ནུབ་པར་འགྱུར། །འདོད་དང་དགའ་བདེ་ཡོངས་སུ་མ་སྤངས་གང༌། །མཚན་མ་མཐོང་ཡང་ཉོན་མོངས་བཅས་པ་ཡིན། །སློབ་དཔོན་མཉེས་བྱས་ནང་གི་རྣམ་པར་འབྱེད། །རྡོ་རྗེ་སེམས་དཔའ་ཉིད་འདོད་བདེ་གནས་འཐོབ། །རྡོ་རྗེ་སེམས་དངོས་སེམས་ཀྱི་རྡོ་རྗེ་གང༌། །རང་བཞིན་ཉིད་དེ་དེ་ཕྱིར་གཞིའི་ཡན་ལག །དབང་པོ་ཡུལ་དང་ལྟ་འདོད་རྐྱེན་གསུམ་སྟེ། །དེ་ལས་དབང་ཤེས་སྐྱེ་བར་འགྱུར་བ་ལྟར། །འདིར་ཡང་རྐྱེན་གྱི་ཡན་


TNT14_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གང་གིས་ན། །རྡོ་རྗེ་སེམས་དཔའི་ཡེ་ཤེས་མངོན་གསུམ་པའོ། །ཆོས་ཀུན་རང་བཞིན་རྡུལ་བྲལ་སྟོང་ཉིད་དེ། །རྣམ་ཀུན་དེ་ཉིད་བསྒོམ་ཕྱིར་དེ་སྐད་བརྗོད། །སེམས་ཀྱི་རྡོ་རྗེ་དྲི་མ་མེད་རྟོགས་པ། །དེ་ཚེ་བསྲུང་བ་མེད་ན་གནོད་བྱེད་ཅི། །དེ་ནས་སེམས་ཀྱི་རྡོ་རྗེ་ལྷར་སད་པ། །རིགས་གསུམ་རྡོ་རྗེ་བཞི་དག་བརྟས་པར་གྱུར། །དབང་བསྐུར་ནས་ནི་ས་བཅུའི་བདག་པོ་སྟེ། །དེ་ཕྱིར་ལམ་གྱི་ཡན་ལག་ཅེས་བྱའོ། །སྒྱུ་ལུས་རབ་འབྱམས་ཞིང་གི་རྣལ་འབྱོར་དང༌། །དོན་དམ་བདེ་ཆེན་རྟག་པ་འཆི་མེད་ཡིན། །ཀྱེ་མ་འབྱུང་པོའི་རིང་ལུགས་ལྷུར་བྱེད་ལ། །བྱང་ཕྱོགས་འདི་ན་ཀུན་ཀྱང་དགའ་ཞིང་འགྲོ། །ཚུལ་དེ་སྤངས་ནས་ཐབས་མང་གཙང་སྦྲར་བཅས། །ཡང་དག་ལམ་ལ་ཞུགས་དང་ཐར་འདོད་ཀྱེ། འདིར་སྨྲས་པ། །འོད་གསལ་དམ་པ་རྟག་ཏུ་མི་འགྱུར་བདག་དམ་པ། །དམ་པའི་ཏིང་འཛིན་རོ་མཉམ་མཉམ་པ་བགྲང་ཡས་ཀྱིས། །རང་གི་ཚུལ་དེ་རང་གིས་རིག་བྱས་གནས་དེ་ན། །དྲི་མ་ཅི་ཞིག་ཐར་པ་དེ་ཅི་མིང་ཙམ་གྱིས། །རྣམ་པར་གནར་དང་འགའ་མགུ་རངས་འདི་བྱིས་པའི་གཤིས། །བསམ་གྱི་མི་ཁྱབ་ཚུལ་བཞིས་འཁྱུད་པའི་རང་བཞིན་སེམས། །བླ་མའི་དྲིན་ལས་མཁས་པ་དག་གི་གཉུག་མའི་དངོས། །རིང་པོར་མི་ཐོགས་བརྩོན་པས་བསྒྲུབས་ན་ཅིས་མི་མཐོང༌། ཁ་བ་ཅན་འདིར་དེང་སང་དམ་པའི་ཆོས། །མིང་ཙམ་འཛིན་ཞིང་ཕལ་ཆེར་ལོག་པར་མོས། །


TNT14_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་གདམས་པའི་རྣམ་དག་སྤྱོད་པ་དང༌། །ཟབ་ཅིང་རྒྱ་ཆེའི་ཐབས་ལ་རྣམ་པར་སྨོད། །འདོད་པའི་དཀྲུགས་རྣམས་མཐོན་པོའི་ལྟ་སྐད་ཀྱིས། །ཡང་དག་ལྟ་བ་རྩ་ལྟར་འདོར་བ་མཐོང༌། །མགོན་པོས་ནམ་ཡང་ཡོན་ཏན་སྦ་བྱ་ཞིང༌། །སྐྱོན་རྣམས་མཐོལ་བ་གྱིས་ཞེས་ཡང་ཡང་གསུངས། །དེ་བས་ཐར་པ་འདོད་རྣམས་ཀྱིས། །རྒྱུ་འབྲས་ཐེག་མཆོག་ལས་གསུངས་པའི། །ངེས་གསང་ཐབས་མང་དང་བཅས་པ། །སངས་རྒྱས་གསུངས་བཞིན་སྒྲུབ་པའི་རིགས། །བདེ་བའི་རྡོ་རྗེ་མཁའ་དབྱིངས་དམ་པར་ཆོས་ཀུན་བསྐྱེད་པ་པོ། །མ་ལུས་ཤེས་བྱའི་བདག་པོ་ཉེ་དང་རིང་བ་མིན་པ་ཉིད། །རྟག་ཅིང་བདེ་བ་རང་བཞིན་དྲི་མེད་དངོས་ཀུན་ཟ་མ་ཏོག །རིགས་བྲལ་སེམས་ཀྱི་རྡོ་རྗེ་འཕགས་མ་འཇིག་རྟེན་ཡུམ་ལ་འདུད། །ཅེས་པ་འདི་ནི་གང་ཡང་དག་པའི་ལམ་འདི་སྐལ་བ་དང་ལྡན་པ་དག་གིས་ནན་ཏན་དུ་བྱ་བ་དང༌། རྣམ་པ་གཞན་དུ་ཡིད་གཉིས་ཀྱི་ཕྱང་མོ་ཡུག་ཏུ་གྱུར་པ་དག་དང༌། ནན་ཏན་དུ་བགྱི་བ་དག་ལ་ངེས་པ་སྦྱིན་པའི་ཕྱིར། སྒྲུབ་ཐབས་འདིའི་གོ་དོན་རྣམས་ཡི་གེར་གྱིས་ཤིག་ཅེས། མཁྱེན་ཡངས་མིའི་དབང་པོའི་བཀའ་ཡིས་བསྐུལ་བ་ལས། ཤཱཀྱའི་དགེ་སློང་ཀུན་དགའ་སྙིང་པོས་རང་གི་བློ་ནུས་དང་འཚམས་པར་གཡར་ཁྲལ་དུ་འཚལ་བའོ།། །།མངྒ་ལཾ། །༈ བླ་མེད་དང་བྱ་རྒྱུད་ཀྱི་སྔགས་སྤྱིའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཟབ་གནད་ཡོད། ན་མོ་གུ་རྭཱརྱ་ཏཱ་རཱ་དྭ་ཏྱཿ


TNT14_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་འགྱུར་མེད་བདེ་ཆེན་པོས། །ཡིད་ཀྱི་ཤིང་རྟ་ལྷག་པར་འགེངས། །བླ་མེད་བླ་མའི་ཞབས་པད་ནི། །སྙིང་གི་ཆུ་མཚོར་ངེས་གྱུར་ཅིག །སྲིད་དང་སྲིད་པའི་ལས་རིང་པོར། །གང་དག་མགྲོན་པོ་ལྟར་དུབ་པ། །དེ་ཡང་ལ་ཡང་ལྟེས་དབང་གིས། །ཇི་ཞིག་ལྟར་རྙེད་འཆི་མེད་ལམ། །གང་འདི་ཐར་འདོད་རྣམས་ཀྱིས་ནན་ཏན་དུ། །བགྱིད་པར་འོས་པ་ཉིད་དང་རྣམ་གཞན་དུ། །དོགས་པའི་གཡང་སར་ཡུན་རིང་ལྷུང་རྣམས་ལ། །དམ་པའི་ངེས་པ་འདི་རྣམས་སྦྱིན་པར་བྱ། །རྡོ་རྗེ་སློབ་དཔོན་ཇི་སྐད་བཤད་པ་ཡི། །མཚན་ཉིད་ལྡན་པ་དག་ལ་དབང་ནོད་ནས། །བརྟུལ་ཞུགས་དམ་པའང་ཡང་དག་བླང་བར་བྱ། །མི་དགེ་བཅུ་དང་སེར་སྣ་དམ་ཆོས་སྤོང༌། །བྱང་ཆུབ་སེམས་སྤོང་དེ་བཞིན་གནོད་སེམས་སྐྱེད། །བཅུ་བཞི་འདི་རྣམས་རྩ་བའི་ལྟུང་བ་ཡིན། །རབ་བྱུང་བྱང་ཆུབ་སེམས་དཔས་རྩད་ནས་སྤངས། །བློ་ལྡན་ཁྱིམ་ན་ལྷག་པར་གནས་རྣམས་ཀྱིས། །རྩ་བ་བཞི་དང་ལོག་ལྟས་མ་གོས་ན། །དགུ་པོ་ཐབས་ལ་མཁས་པས་སྤང་བའང་རུང༌། །རབ་བྱུང་ཉིད་དམ་ཁྱིམ་པ་ཡིན་ན་ཡང༌། །འདི་དག་སྤངས་ན་འགྲུབ་ཀྱི་གཞན་དུ་མིན། །རང་གི་སེམས་ལ་རང་གི་ངོ་བོ་ཡིས། ཁྱབ་བརྡལ་མི་ཤིགས་ངང་དུ་མཉམ་པར་གཞག །འདིར་གང་སེམས་ཀྱི་རང་བཞིན་སངས་རྒྱས་ཏེ། །ངོ་ཤེས་


TNT14_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འདི་གཞི་ཡི་ཡན་ལག་གོ །རང་སེམས་རང་གི་ངོ་བོར་མཉམ་བཞག་ནས། །དག་བྱེད་ཆུ་སོགས་སྣང་བ་མ་ལུས་པ། །སེམས་ལས་གཞན་མིན་དྲི་མ་རང་དག་དང༌། །སླར་ཡང་དག་པར་བསྒོམ་པ་ཁྲུས་ཀྱི་གནད། །དེ་ལྟར་གཉིས་ནི་ཐེག་ཆེན་སྤྱི་ཡི་ཚུལ། །རྔུབ་ཅིང་བསྡམས་དང་དབྱུང་བའི་དུས་ཉིད་ན། །མྱུར་འགྲོའི་ངོ་བོ་ལ་ལྟས་དམིགས་མེད་དུ། །མཉམ་པར་གཞག་ནས་ལོངས་སྤྱོད་རྫོགས་སྐུར་རིག །འདི་ནི་ཀུན་གྱི་བྱེད་པོ་རླུང་གི་གནད། །རླུང་གི་རང་བཞིན་ལུས་ངག་སེམས་གསུམ་པོ། །སྙིང་རྗེ་གསུམ་དུ་དཔལ་ལྡན་བླ་མས་མཁྱེན། །འདི་ནི་རླུང་གི་ཁྱད་པར་ཞེས་བྱ་སྟེ། །མདོར་ན་གཡོ་བའི་སེམས་ཞེས་སངས་རྒྱས་གསུངས། །ཕྲ་རབ་རྡུལ་བྲལ་རླུང་སེམས་ཕྲ་མོའི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་ཞེས་འདུས་པར་སྟེ། །གང་ཡང་སྙིང་རྗེ་རྣམ་གསུམ་སེམས་དམིགས་དང༌། །དགའ་བ་གསུམ་དུ་ཕ་མའི་རྒྱུད་ལས་གསུངས། །འགྱུར་བའི་བདེ་བ་མི་ཤིགས་ཐིག་ལེའམ། །དེ་བཞིན་རླུང་གི་འབྲེལ་བ་སྤང་བྱ་སྟེ། །ལོངས་སྐུ་འགྱུར་མེད་བདེ་བ་འབྲས་བུར་དྲན། །གང་ཞིག་ལུས་དང་ངག་སེམས་གདོད་མ་སྟེ། །འདི་ལ་སྲིད་དང་ཞི་བ་བྱེ་བྲག་མེད། །དོན་དམ་གདོད་མའི་གཤིས་ལ་རབ་བརྟགས་ནས། །ནཱ་ད་མཆོག་དང་རྣམ་པར་རིག་པ་ཡི། །སྟོང་ཆེན་དེ་བཞིན་སྒྱུ་འཕྲུལ་དྲྭ་བའི་


TNT14_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། །འདི་དག་རྣམས་སུ་ཡེ་ནས་རྟོགས་ན་ཀོ །དེ་ལྟར་གནད་གསུམ་རྣལ་འབྱོར་ཆེན་པོ་ཡི། །རྒྱུད་དོན་ཟབ་དང་རྒྱ་ཆེའི་ངེས་གསང་སྟེ། །དག་བྱེད་ལ་ཡང་ཕྱོགས་གཅིག་མཁས་པས་རིག །ཡང་ན་ཕྱི་མ་རྣལ་འབྱོར་རྒྱུད་བཞིན་ཤེས། །དེང་འདིར་ངེས་པ་གཞན་ཡང་གནོད་བྱེད་དང༌། །ལས་དང་སྲུང་པོ་གདོད་ནས་མེད་རྟོགས་པ། །བསྲུང་བའི་འཁོར་ལོ་འདི་ནི་དམ་པའི་དོན། །འདི་ནི་རྡོ་རྗེ་ཐེག་པ་སྤྱི་ཡི་ལུགས། །ཕ་རོལ་ཕྱིན་གཞུང་ལས་ཀྱང་ངེས་པར་བྱོས། །རྡོ་རྗེ་རྣམ་བཞི་བྱིན་གྱིས་བརླབས་པ་དང༌། །དབང་བསྐུར་ས་བཅུའི་རིམ་པ་དང་སྦྱོར་བ། །དེ་བཞིན་དངོས་གཞིའི་ཏིང་འཛིན་རྣམ་གཉིས་དང༌། །རྣལ་འབྱོར་བླ་མེད་ཇི་བཞིན་འདི་ལ་མཛེས། །དེ་ལྟར་གསུམ་ལས་བར་པ་ཆ་མཐུན་ཙམ། །རྣམ་བཞིའི་རྡོ་རྗེ་བྱིན་གྱིས་བརླབས་པ་ལས། །ཡེ་ཤེས་རྡོ་རྗེ་འགྱུར་བྲལ་བདེ་བ་སྟེ། །ཐིག་ལེར་ལྟ་དང་རང་ངོ་ཤེས་པའི་ཚུལ། །དེ་ནས་དངོས་གཞིའི་ཏིང་ངེ་འཛིན་རྣམ་གཉིས། །ཞིང་གི་རྣལ་འབྱོར་དབང་པོ་ཐམས་ཅད་པ། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་དམ་པའི་དོན། །འཆི་མེད་རྣལ་འབྱོར་བདེ་བ་དམ་པ་སྟེ། །རང་རིག་རྣམ་མེད་སྟོང་པ་ཉིད་དབྱེར་མེད། །འདིར་ནི་མཆན་ཁུང་བསྡམས་པའི་སྦྱོར་བ་དང༌། །སྲོག་རྩོལ་བཀག་དང་ལྕེའུ་ཆུང་སྦྱོར་བ་དང༌། །རླུང་གི་གནད་ཀྱང་


TNT14_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལྡན་པས་བྱ། །དུས་འཁོར་རྡོ་རྗེ་གདན་བཞི་སོགས་དང་མཐུན། །འདིར་ནི་མདོར་བསྡུས་བཤད་པ་སྟེ། །མང་བས་འཇིགས་པའི་བློ་ལྡན་ལའོ། །འཐད་པར་བཅས་པ་རྣམས་གཞན་དུ། །བྲིས་དང་རྒྱུད་སྡེ་རྣམས་སུ་ལྟོས། །དེ་ལྟར་བཤད་ནས་བླ་མ་ལ། །འགྲོ་འདི་འཆི་མེད་གནས་ལ་དེངས། །བཀོད་ཅེས་བདག་ནི་ཕྱག་འཚལ་ཞིང༌། །ང་རོ་རིང་དུ་འབོད་པར་བྱེད། །གང་ལ་བསྙེན་པས་འཇིགས་པ་ཀུན། སྐྱོབས་མཛད་འཕགས་མ་སྒྲོལ་མ་དང༌། །གང་གི་ལམ་འདི་གསལ་མཛད་པའི། །ཡིད་བཞིན་ནོར་བུ་སྦྱིན་པ་ལའང༌། །དགེ་འདིས་ས་སྐྱོང་རྣམས་ཀྱང་རིགས་པའི་ལམ་ཞུགས་ཤིང༌། །སྐྱེ་དགུ་རྣམས་ཀྱང་དགེ་བར་མོས་ཤིང་རབ་སྦྱོར་ལ། །ཉེར་འཚེ་ཀུན་ཞི་བདེ་བའི་ཉིན་དང་ཉིན་ལ་སྤྱད། །མི་རིང་བར་ཡང་ཐམས་ཅད་གཡུང་དྲུང་དཔལ་ཐོབ་འགྱུར། །ཞེས་པ་འདི་ཡང་ཤཱཀྱའི་དགེ་སློང་ཀུན་དགའ་སྙིང་པོས་སྦྱར་བ་སྟེ་འགྲོ་ལ་ཕན་པའི་སླད་དུའོ།། །།བཀྲ་ཤིས། རྒྱས་པར་དགའ་ན་རྒྱས་པར་རྒྱུད་སྡེ་ལས། །འབྲིང་དུ་དགའ་ན་གཞན་དུ་བྲིས་ལ་ལྟོས། །འདི་ནི་བསྡུས་པ་དགའ་བའི་དོན་དུ་སྟེ། །འཆི་མེད་རྡོ་རྗེ་ལམ་བཟང་མཚོན་དཔེའོ། །འདི་རྣམས་མྱུར་དུ་བྲི་འདོད་ཡོད་ཀྱང༌། ལེ་ལོའི་ངང་དུ་རིང་མོར་འཁྱམ་པ་ལས། སླར་ཡང་མྱུར་དུ་གྱིས་ཞེས་བཀས་བསྐུལ་བ་ན། སྔར་གྱི་འབྲི་འཕྲོ་དམན་མ་ཡང་མྱུར་དུ་གྲུབ་པར་བགྱིས་པ། ལེགས་


TNT14_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཕྲ་མོར་གྱུར་པ་ཏེ་པོར་ཤིན་ཏེ་མ་ཉིད་དུ་བས་པས། མཁས་པ་རྣམས་ཀྱི་གཟིགས་ན་སྒྲ་དོན་གྱི་གནས་ལ་ཉེས་པ་མང་དུ་ཡོད་མོད། དེ་ལྟ་ན་ཡང་བླ་མ་མཆོག་ལས་མན་ངག་ཕྲ་མོ་རིག་ཅིང༌། ངེས་པའི་དོན་ལ་ཅུང་ཟད་ཡིད་ཕྱོགས་ཤིང་གོ་བ་རྙེད་པས། དེང་སང་གི་ཆེན་པོ་འགས་དཔེ་སྣ་མང་པོའི་ཚིག་བསྡུས་ནས། རང་གི་བྱས་ཞེས་བྲིས་པ་དག་དུ་མ་བསྡུས་པའི་གོས་ལྟ་བུ་རྣམས་གཞན་ལ་མེད་པའི་ཁྱད་འཕགས་སུ་འདོད་པ་རྣམས་ལས་ནི་མཆོག་གོ །གཞན་ཡང་འདི་སེམས་ཅན་ལ་གཅིག་ཏུ་ཕན་སེམས་ཁོ་ནས་བྱས་པའི་ཕྱིར། །ཅི་ཉེས་ཡོད་དམ་མེད་ཀྱང་བླ། །འཛེམ་པ་མེད་པར་སྨྲས་པ་ལ། །མ་ཡིས་བུ་ལ་བྱ་བ་བཞིན། །མཁས་པ་རྣམས་ཀྱིས་བཟོད་མཛད་རིགས།། །།ཤུ་བྷ་མསྟུ་སརྦ་ཛཱ་ག་ཏཾ། །༈ །དེ་ནས་འདིར་གཞན་ཡང་མན་ངག་གི་ངེས་པ་སྦྱིན་པ་ནི། མཆན་ཁུང་སོགས་ཀྱི་དོན། མཆན་ཁུང་སྦྱོར་བ། སྲོག་རྩོལ་བཀག་པའི་སྦྱོར་བ། ལྕེའུ་ཆུང་སྦྱོར་བ་གསུམ་སྟེ། འདིའི་རིམ་པ་ནི། རྣལ་འབྱོར་གཉིས་ཀྱི་དང་པོར་གསལ་བཏབ་ནས། རླུང་ལན་གསུམ་ཕྱིར་བསལ། རླུང་སྣ་གཡས་ནས་རྒྱུ་ན་གཡས་དང༌། གཡོན་ནས་རྒྱུ་ན་གཡོན་གྱི་སྲིན་ལག་གིས། རང་རང་ཕྱོགས་ཀྱི་སྣ་བུག་བཀག་སྟེ། སྣ་བུག་གཅིག་ཤོས་ནས་སླར་ཡང་ཕྱིར་ལན་གཅིག་དབྱུང༌། དེ་ནས་ཡང་ཅིག་ཤོས་བཀག་ནས། སྔར་བཀག་པའི་ཕྱོགས་ནས་རྔུབས་པས། ཞིང་རྣམས་ཅུང་ཟད་གཡོ་བར་བསམ། དེ་ནས་ལག་


TNT14_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དབུས་འཁྱུད་ལྟར་བསྣོལ་ཏེ། སྦར་བ་གཉིས་ཀྱིས་མཆན་ཁུང་དྲག་ཏུ་བསྡམས་ལ། ཞིང་རབ་འབྱམས་སྣང་ལ་རང་བཞིན་མེད་པ་ལ་སེམས་བཟུངས། རླུང་ཕྱིར་འབུད་པ་ན། སྲིན་ལག་གི་སྦྱོར་བ་སྔར་བཞིན་ལ། ཡིད་མི་དམིགས་པར་འཇོག །འདི་ནི་དུས་ཀྱི་མཚན་མ་རིང་བ་དག་བྱུང་ན་ཉི་ཕྱེད་ཡན་ཆད་དུ་བརྩོན་པས་ནན་ཏན་བྱས་པ་འཆི་བསླུ་ངེས་པ་སྟེ། དུས་གཞན་དུ་ལན་བདུན་སོགས་ཅི་རིགས་པའོ། །ལྕེའུ་ཆུང་སྦྱོར་བ་ནི་འཆི་མེད་ཀྱི་རྣལ་འབྱོར་ལ་ཏེ་རླུང་ལན་གསུམ་ཕྱིར་བསལ་ནས། ལྟེ་བར་རླུང་ཁ་སྦྱར། ལྕེ་ཕུགས་སུ་བཟློག་པས་ལྕེ་ཆུང་དྲིལ་ནས། ཅུང་ཟད་བསྐྱོད་པ་ན། ཞིང་རྣམས་བག་ཙམ་གཡོ་ཞིང༌། བདུད་རྩི་འབབས་པ་སོགས་སྒོམས། འདི་ཡང་ལན་བདུན་ལ་སོགས་པ་བྱ་ལ། སྲོག་རྩོལ་བཀག་པ་ནི་རྣལ་འབྱོར་གཉིས་ཀར་ཏེ། དམིགས་པ་སོ་སོ་ལ་སེམས་བཟུང༌། སྔགས་ཀྱི་སྒྲ་ཙམ་དྲན་བཞིན་པས་སྲོག་རྩོལ་བཀག །རླུང་ཕྱིར་འགྲོ་བ་སྔགས་ངག་ཏུ་བརྗོད། ཇི་ཙམ་ནས་སྔགས་ཀྱི་སྒྲ་ཙམ་ལ་ཡིད་བཟླས་སུ་བྱས་ནས། དམིགས་མེད་དུ་མཉམ་པར་བཞག །འདི་བྱ་སྤྱོད་དང་མཐུན་ལ། གོང་མ་གཉིས་བླ་མེད་བཞིན་ཏེ། དེ་ལ་དང་པོ་གདན་བཞིར་མཆན་ཁུང་སྦྱོར་བ་ཞེས་གསུངས་པ་དང༌། དུས་ཀྱི་འཁོར་ལོ་ནུ་མ་ཉེད་པའི་སྦྱོར་བ་ཞེས་གསུངས་པ་དང་ཆ་མཐུན་ཞིང༌། ངེས་པ་ཡང་དེ་དག་ལས་རིག་དགོས་ལ། གཉིས་ཨ་དཱི་བུདྡྷ་ར་བདུད་རྩི་ལྕེ་སྦྱོར་ཞེས་


TNT14_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཊྭཱཾ་ག་ཡོ་གའི་ཡན་ལག་ཏུ་གསུངས་པ་དང་ཆ་མཚུངས་ཤིང་ངེས་གསང་ནི་དེ་ཉིད་དམ། ཨཽ་ཌྷ་ན་ལས་ཛི་ཧྭ་ཡོ་ག་ཞེས་གསུངས་པ་ལས་ངེས་དགོས་ལ། མདོར་ན་དེ་རྣམས་སུ་རྒྱས་པར་རྟོགས་འཚལ་ལ། འདི་ནི་དཔེ་མཁྱུད་དུ་གྱུར་ན། སློབ་དཔོན་ཉིད་རྣམ་པར་ལྟུང་བར་འགྱུར་བ་ཁོ་ན་ལ་བསམ་ནས་མན་ངག་གི་རིམ་པ་ཙམ་མོ། །འདིར་སྨྲས་པ། འཕོ་བའི་བག་ཆགས་རང་བཞིན་ཡེ་ཤེས་རླུང༌། །དྷཱུ་ཏཱིའི་འཚོ་བ་འགོག་པར་བརྩོན་པ་གང༌། །བདེ་ཆེན་དམ་པའི་དོན་ཆེན་དཔའ་བོ་དེས། །ཕྱོགས་གྲོལ་ཁྱིམ་དུ་ནམ་ཡང་བཅོམ་པར་གྱུར། །ཡུལ་ལ་ཤིན་ཏུ་གཡོ་དང་ཆགས་པ་སྟེ། །རྡོ་རྗེ་ལྟུང་དང་དབང་པོའི་གྲོང་འཇོམས་པ། །འཇུག་ནས་ལྡང་བའོ་ཡེ་ཤེས་རྡོ་རྗེ་གང༌། །ལྕེའུ་ཆུང་སྦྱོར་ལྡན་འགྱུར་བྲལ་ས་ཧཱ་ཛཱཾ། །གཞན་ཡང་ལམ་འདིའི་ངེས་གསང་ཤེས་འདོད་ན། །དང་པོའི་སངས་རྒྱས་ཐེག་པ་ཀུན་གྱི་ཕུལ། །དེ་བཞིན་དཔལ་ལྡན་འདུས་དང་དྲ་བ་སྡོམ། །རྡོ་རྗེ་སློབ་དཔོན་བསྙེན་བྱས་མཉམ་པར་བྱོས། །འདི་ཟབ་གནད་དུ་བསམ་ནས་རེ་ཤིག་མི་འབྲིའོ་སྙམ་པ་ལས། གནད་རྣམས་མ་སྦས་པར་བྲིས་ཤིག་ཅེས་བཀའ་བྱུང་བའི་དབང་ལས་བྲིས་པ་སྟེ། དེའང་མགྲོན་གྱི་ཚུལ་དུ་བྲིས་ལགས་ཤིང༌། །སླད་ནས་དཀྱུས་སུ་བཙུད་ཀྱང་མི་རུང་བ་མེད་པར་སེམས། འོན་ཀྱང་ཅུང་ཟད་གུ་ཧྱ་ཀ་ཏོ།། །།ཞུས་སོ། །ཀ་ལྱཱ་ཎཾ། །


previousའཆི་མེད་འཕགས་མ་སྒྲོལ་མའི་སྒྲུབ་ཐབས།next