དཔལ་ལྷ་མོ་རྡོ་རྗེ་རབ་བརྟན་མའི་གཏོར་ཆོག་ངག་འདོན།


TNT14_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྷ་མོ་རྡོ་རྗེ་རབ་བརྟན་མའི་གཏོར་ཆོག་ངག་འདོན་བཞུགས་སོ། །


TNT14_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལྷ་མོ་རྡོ་རྗེ་རབ་བརྟན་མའམ་རྡོ་རྗེ་གཤོག་རྒོད་མའི་མཚན་དུ་གསོལ་བ་འདི་ལ། གཏོར་མའི་མཆོད་པ་འབུལ་ཞིང་བསྙེན་པར་འདོད་ན། གཏོར་མ་སྙིང་གཟུགས་མ་ཤ་ཁྲག་གིས་བརྒྱན་པ་ཇི་ལྟར་འོས་པས་ཀྱང་རུང་ལ། འཁོར་ལས་མཁན་གཉིས་ལ་བཤོས་ཕྲན་ཟུར་བཞི་སྦྲུལ་ཐོད་ཅན་རེ། གཙོ་མོའི་གཏོར་མའི་མདུན་དུ་བཤོམ་པའང་འདུག་པ་རུང་མོད། ལ་ལས་གསུམ་པོ་སྡམས་པ་ལ་འཐེབ་ཀྱུས་སྐོར་བའི་ལག་ལེན་བྱེད་པའང་འདུག་སྟེ། དེ་ནི་མི་ལེགས་པར་མངོན་ནོ། །ལས་མཁན་གཉིས་ཀྱི་གཏོར་མ་ལོགས་སུ་བྱེད་ན། སྣོད་ལོགས་པར་བཅུག་སྟེ་འོག་ཏུ་བཤམས་ན་ལེགས། འོན་ཀྱང་བསྐང་བའི་སྐབས་ཡིན་ན་མ་གཏོགས། རྒྱུན་གྱི་ཉམས་ལེན་དང་བསྙེན་པའི་སྐབས། དེ་གཉིས་ལ་ལོགས་སུ་གཏོར་མ་བཤམ་མི་དགོས་ཞོར་བྱུང་གིས་ཆོག་གོ །དེའི་མདུན་དུ་ནང་མཆོད་དང་རཀྟ་བཤམ། ཆུ་དང་ཉེར་སྤྱོད་སོགས་སྤྱི་དང་


TNT14_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་བསྒྲིག །ཡང་རྒྱུན་ཁྱེར་ཤིན་ཏུ་བསྡུས་པའི་སྐབས་གཏོར་མ་གྲུ་གསུམ་རང་ཞིག་བཅས་ཏེ། དེ་ཉིད་འདོད་ཡོན་ཀུན་འདུས་ཡིན་པས་མཆོད་པ་གཞན་མ་བཤམ་ཀྱང་བསྔོ་རུ་རུང་ངོ༌། །དེ་ནས་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་སོང་ནས། ཡི་དམ་གང་ཡིན་དེ་ཀའི་ལུགས་ཀྱི་གཏོར་མ་དང་ནང་མཆོད་ལྷན་ཅིག་བྱིན་རླབས་བྱས་པས་རུང་ལ། རཀྟ་ཡང་ནང་མཆོད་ཀྱི་ཞོར་ལ་འགྲུབ་པའི་ལུགས་སམ། ཡང་ན་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་གསུམ་ལས་རླུང་གི་དཀྱིལ་འཁོར་གསུམ་གྱི་སྟེང་དུ་རཾ་གསུམ་ལས་མེའི་དཀྱིལ་འཁོར་རེ་རེ། དེ་རྣམས་ཀྱི་སྟེང་དུ་ཨ་གསུམ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་གསུམ། གཏོར་མའི་གནས་སུ་བཟའ་བ་དམ་རྫས་ཀྱི་ཁྱད་པར་སྣ་ཚོགས་པ་ཐམས་


TNT14_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཤ་ལྔའི་རྣམ་པར་གྱུར་ཏེ། དབུས་སུ་མི་ཤ་ཧཱུཾ་སྔོན་པོས་མཚན་པ། ཤར་དུ་བ་ལང་གི་ཤ་ཨོཾ་དཀར་པོས་མཚན་པ། ལྷོར་ཁྱིའི་ཤ་ཏྲཾ་སེར་པོས་མཚན་པ། ནུབ་ཏུ་རྟའི་ཤ་ཧྲཱིཿདམར་པོས་མཚན་པ། བྱང་དུ་གླང་པོ་ཆེའི་ཤ་ཨཿལྗང་ཁུས་མཚན་པ། བདུད་རྩི་སྨན་གྱི་གནས་སུ་བཏུང་བ་དང་བཾ་རྫས་ཀྱི་བྱེ་བྲག་རྣམས་བདུད་རྩི་ལྔར་གྱུར་པ་ནི། དབུས་སུ་བྱང་སེམས་མུཾ་ཡིག་སྔོན་པོས་མཚན་པ། ཤར་དུ་དྲི་ཆེན་མཾ་དཀར་པོས་མཚན་པ། ལྷོར་དྲི་ཆུ་མཾ་སེར་པོས་མཚན་པ། ནུབ་ཏུ་རཀྟ་པཾ་དམར་པོས་མཚན་པ། བྱང་དུ་ཤ་ཆེན་གྱི་དྭངས་མ་ཏཱཾ་ལྗང་ཁུས་མཚན་པ་རྣམས་སུ་གྱུར། རཀྟའི་གནས་སུ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ཕུང་པོར་རཾ་ཡིག་གིས་མཚན་པ་སྟེ། དེ་ཐམས་ཅད་ལ་རང་དང་འོག་གི་རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་མ་དག་པ་རྣམས་སྦྱངས། ཨོཾ་ཨཱཿཧཱུཾ་ལན་གསུམ། ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར། ཐམས་ཅད་ཀྱི་སྟེང་དུ་ཨོཾ་དཀར་པོ་རེ་རེ། དེ་ལས་འོད་ཟེར་འཕྲོས། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་དྭངས་མ། ཡེ་ཤེས་ཀྱི་བདུད་རྩིར་སྤྱན་དྲངས་ཏེ་ཨོཾ་ལ་ཐིམ། ཨོཾ་ཡིག་རྣམས་འོད་དུ་ཞུ་ནས་རྫས་ལ་ཐིམ་པས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་མཧཱ་བ་ལིང་ཏ་ཏེ་ཛོ་བ་ལང་ཏ་བ་ལ་བ་ཏེ་གུ་ཧྱ་སིདྡྷི་ས་མ་ཡ་ཧཱུཾ་ཧྲཱིཿཐ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཧཱུཾ་ཧྲཱིཿཐ། ཨོཾ་མཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱིཿཐ།


TNT14_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱིན་གྱིས་བརླབ་བོ། །ཤིན་ཏུ་བསྡུས་པའི་སྐབས་གཏོར་མ་དམར་གྱི་རྒྱན་དང་མྱོས་བྱེད་ཀྱིས་སྦྲན་པ་ཉིད་ལ་གཏོར་སྨན་རག་གསུམ་ཚངས་པ་ཡིན་ནོ། །ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། མེ་རླུང་འཚུབ་མའི་དབུས། རྡོ་རྗེའི་ས་གཞི་དང་ལྕགས་རིས་བསྐོར་བའི་ནང༌། རཀྟའི་རྒྱ་མཚོ་ཆེན་པོ་རྦ་ཀློང་འཁྲུགས་པའི་དབུས་སུ། བྷྲཱུཾ་ལས་གཞལ་ཡས་ཁང་བསེ་མཁར་དམར་པོ་གྲུ་བཞི་པ། ངོས་བཞི་གསེར་དང༌། ཟུར་བཞི་མཆོང་ལས་གྲུབ་པ། རྨངས་གཞི་ལྕགས་ལས་གྲུབ་ཅིང༌། ཤེལ་གྱི་:སྐྲས་[སྐས]བཙུགས་པ། དེའི་དབུས་སུ་མི་རོ་རྟ་རོ་གཅལ་དུ་བཀྲམ་པའི་གནས་ལ། ཉི་མའི་སྟེང་དུ་ཀཾ་ལས་རལ་གྲི་ཀཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ལྡན་གཉན་གྱི་རེ་མ་ཏཱི་ལྷ་མོ་རྡོ་རྗེ་རབ་བརྟན་མ། སྐུ་མདོག་སྨུག་ནག །ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པས་རལ་གྲི་འཕྱར་བས་བསྟན་པ་བསྲུང་ཞིང་གདུག་ཅན་ཚར་གཅོད་པ། གཡོན་གཏེར་གྱི་ནེའུ་ལེ་འཛིན་པས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་སྤྱི་བོར་འཁྱིལ་བ། མིའི་པགས་པའི་སྟོད་གཡོགས་དང༌། བ་གླང་གི་པགས་པས་སྨད་དཀྲིས་པ། རེ་ལྡེའི་ཤམ་བུ་ཅན། སྦྲུལ་རིགས་བཞིའི་སྐེ་


TNT14_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

རགས་བཅིངས་པ། ཐོད་སྐམ་གྱི་དབུ་རྒྱན་དང༌། མི་མགོའི་དོ་ཤལ་དང༌། རུས་པ་དང་སྦྲུལ་གྱིས་བརྒྱན་པ། ལྟེ་བ་ནས་ཉི་མ་དང༌། སྤྱི་གཙུག་ནས་ཟླ་བ་འཆར་བ། ཁྲག་ཞག་གི་ཐིག་ལེས་བརྒྱན་ཞིང་སྐུ་ལས་མེ་འོད་འཕྲོ་བ། རླུང་ནག་འཚུབ་མའི་དབུས་ན་དྲེལ་རྟ་རྐང་གསུམ་ལ་ཆིབས་པའོ། །འདིར་ལྷ་མོ་འདི་རྡོ་རྗེའི་གཤོག་པ་ཅན་དུ་བྱེད་པའི་ལུགས་གཅིག་ཀྱང་ཡོད་པ་ཤིན་ཏུ་ལེགས་པ་ཞིག་ཀྱང་ཡིན་ནོ། །འཁོར་ལས་ཀྱི་ལྷ་མོ་ཆུ་སྲིན་གདོང་ཅན་དང༌། བ་ལཾ་མ་དྲེལ་སྣ་དང༌། ཁྲི་སྨན་ས་ལེ་དང༌། ལས་བཞིའི་ལྷ་མོ་དང༌། དུས་བཞིའི་རྒྱལ་མོ་དང༌། མ་མོའི་ཚོགས་དཔག་ཏུ་མེད་པས་བསྐོར་བའོ། །དེ་ཙམ་གྱི་ཀྱང་ཆོག་ལ། ལས་མཁན་གཉིས་བསྐྱེད་པར་འདོད་ན། ཕུཿཏྲི་ཛཿ འོག་ཕྱོགས་གཡས་ཟུར་དུ་མིང་པོ་ཀླུ་ཆེན་ཐོད་དཀར་སྐུ་མདོག་དཀར་པོ། སྦྲུལ་མགོའི་གདེངས་ཀ་ཅན། གཡས་ཁྲམ་ཤིང་དང༌། གཡོན་གཏེར་གྱི་བུམ་པ་འཛིན་པ། ཀླུ་རྟ་སྔོན་པོ་ལ་ཞོན་པ། དུ་ཏྲི་ཛཿ གཡོན་ཟུར་དུ་ལས་མཁན་ཀླུ་བདུད་ནག་པོ། གཡས་རལ་གྲིའམ་རུ་མཚོན། གཡོན་སྦྲུལ་ཞགས་འཛིན་པ། བདུད་རྟ་ནག་པོ་ལ་ཞོན་པའོ། །ཞེས་བསྐྱེད་དོ། །ཡེ་ཤེས་ལྷ་མོའི་སྐུའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དཔལ་གྱི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏཱི། ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ནས། །ཉི་མ་ཟླ་བའི་འོད་ཟེར་འཕྲོས། །ནག་མོ་མི་བཟད་


TNT14_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ཅན། །མིང་པོས་འབོད་ཀྱི་ད་ཚུར་བྱོན། ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །འདོད་ཁམས་མ་མོ་སྟོང་སྟོང་འགྱེད། །མ་ཡི་གསང་བའི་དཀྱིལ་འཁོར་ནས། །ལས་ཀྱི་མ་མོ་སྟོང་ཕྲག་འགྱེད། །མ་ཡི་ཞབས་མཐིལ་གཡས་གཡོན་ནས། །ཕོ་ཉ་འབུམ་དང་ཉི་ཁྲི་འཁྱེད། །བདུད་དང་ལྷ་འདྲེ་ངན་སེམས་ཅན། །དགྲ་བོ་ཀུན་འདུལ་གནས་འདིར་བྱོན། །རཀ་མོ་དུ་ར་དུན་ཏིང་བྷྱོཿ ཁ་ཁ་དུ་ར་དུན་ཏིང་བྷྱོཿ ཧེ་ར་དུ་ར་དུན་ཏིང་བྷྱོཿ ཨེ་ཨ་ར་ལི་ཧྲཾ་ཧྲིཾ་ཛཿ ཞེས་སྤྱན་དྲངས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བྷྱོཿབྷྱོཿའདོད་པ་ཁམས་ཀྱི་དབང་ཕྱུག་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །དཔལ་ལྡན་རྡོ་རྗེ་གཤོག་རྒོད་རྩལ། །བདག་ནི་བརྡ་ཡི་ཕྱག་འབུལ་ལོ། །མ་མོ་ནག་མོ་རཀ་མོ་ས་མ་ཡ་ཨ་ཏི་པཱུ་ཧོ། པྲ་ཏི་པཱུ་ཧོ། ས་མ་ཡ་ཕུ་ཧོ། ཞེས་ཕྱག་བཙལ། མཧཱ་ཀཱ་ལི་དེ་བི་ས་མ་ཡ་སྟྭཾ། ཞེས་དམ་ལ་བཞག བྷྱོཿ སྲིད་གསུམ་དབང་བསྡུད་ནག་མོ་རེ་མ་ཏཱི། །མཐིང་ནག་རལ་པ་སྤྲིན་སྤུངས་འཐིབས་པ་འདྲ། །ཏི་རའི་གནས་ནས་བྱིས་པའི་དུར་བྱེད་མ། །མི་དུར་གཅོད་བྱེད་ནག་མོ་བཞུགས་སུ་གསོལ། །མ་མོ་ནག་མོ་ས་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། ཛཿཧཱུཾ་བཾ་ཧོཿལན་མང་དུ་བརྗོད། གཉིས་སུ་མེད་པར་བསྟིམ། ཏདྱ་ཐཱ། རུ་རུ་བི་ཏིཥྛ་བ་ཏོ་སི། མ་མོ་རཀ་མོ་ཙིཏྟཾ་ཁ་རག་མ་བྷྱོཿབྷྱོཿསྭཱཧཱ། ཞེས་བཟླས་པ་ཅུང་ཟད་བྱ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿཞེས་གཏོར་མ་བྱིན་


TNT14_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཁ་གསོས་ལ། སྔགས་སྙིང་པོ་དེ་ཉིད་ཚར་གཅིག་གི་རྗེས་ལ་འདི་འདོགས་ཏེ། ཨོཾ་བ་ལིང་ཏ་ཁ་རཾ་ཁཱ་ཧི། ཨོཾ་ཡོ་གི་ནཱི་ཁ་རཾ་ཁཱ་ཧི། ཌཱ་ཀི་ནཱི་ཁ་རཾ་ཁ་ཧཱི། སྟྭཾ་པ་བྷ་ག་ཏ་ཨ་ཀ་ས་ལ་ཧོ། ཞེས་པ་ལན་བདུན་གྱིས་གཏོར་མ་ཕུལ། དེ་བཞིན་དུ་སྙིང་པོའི་མཐར། ཨོཾ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཡོ་གི་ནི་སོགས་གོང་བཞིན། ལན་གཅིག་གམ་གསུམ་གྱིས་བདུད་རྩི་ཕུལ། དེ་བཞིན་དུ་ཨོཾ་མཧཱ་རཀྟ་ཁ་རཾ་སོགས་སྦྱར་བ་ལན་གཅིག་གམ་གསུམ་གྱིས་རཀྟ་ཕུལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །ལྷ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་མཧཱ་ཀཱ་ལི་རེ་མ་ཏཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། ཞབས་བསིལ། ནས། རོལ་མོའི་བར་དང༌། པཱདྱཾ་ནས། ཤཔྟའི་བར་གྱིས་འདོན་པ་སྤོ། བསྡུས་ན་སྔགས་ཙམ་གྱིས་ཆོག བྷྱོཿ ལྷ་ལ་དབང་བསྒྱུར་ལྷ་མོ་དཔལ་འབར་མ། །དབང་ཕྱུག་ཆེན་མོ་སྲས་མོ་གཟི་ལྡན་མ། །སུམ་ཅུ་རྩ་གསུམ་གནས་ཀྱི་བདག་མོ་སྟེ། །ལྷ་མོ་རེ་མ་ཏཱི་ལ་ཕྱག་འཚལ་བསྟོད། །བདུད་ལ་དབང་བསྒྱུར་བདུད་མོ་དཔལ་འབར་མ། །རེ་ཏི་མགོ་ཡག་བུ་མོ་རེ་མ་ཏཱི། །ནག་མོ་རྩེ་དགུའི་གནས་ཀྱི་བདག་མོ་སྟེ། །བདུད་མོ་རེ་མ་ཏཱི་ལ་ཕྱག་འཚལ་བསྟོད། །ཀླུ་ལ་དབང་བསྒྱུར་ཀླུ་མོ་དཔལ་འབར་མོ། །གཙུག་ན་རིན་ཆེན་བུ་མོ་ཡིད་འོང་བྱམས། །རོལ་མཚོ་བདུན་གྱི་གནས་ཀྱི་གཙོ་མོ་སྟེ། །ཀླུ་མོ་རེ་མ་ཏཱི་ལ་ཕྱག་འཚལ་བསྟོད། །གནོད་སྦྱིན་དབང་བསྒྱུར་གནོད་སྦྱིན་དཔལ་འབར་མ། །གང་བ་བཟང་པོའི་བུ་མོ་ཤམ་ཤམ་མ། །


TNT14_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཚལ་དྲ་བ་ཅན་གྱི་གཙོ་མོ་སྟེ། །གནོད་སྦྱིན་རེ་མ་ཏཱི་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བྷྱོཿ དཔལ་ལྡན་རྡོ་རྗེ་རབ་བརྟན་མ། །སྐུ་མདོག་མཐིང་ནག་ཆེན་པོ་ལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། །ཕྱག་གཡས་རལ་གྲི་འབར་བ་བསྣམས། །གཡོན་པའི་ཕྱག་གིས་ནེའུ་ལེ་འཛིན། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །སྐུ་ལ་མི་ལྤགས་གཡང་གཞི་གསོལ། །ལྷ་མོ་རྡོ་རྗེ་དབང་སྒྲུབ་མ། །འཕྲིན་ལས་བཅོལ་བའི་དུས་ཀྱི་ཚེ། །ཉིན་གསུམ་ཁྲ་ལྟར་འཁྱུག་ཅིང་བྱོན། །མཚན་གསུམ་གློག་ལྟར་འཁྱུག་ཅིང་བྱོན། །བསྟན་པ་བསྲུང་བའི་དུས་ལ་བབས། །མ་གཅིག་རྡོ་རྗེ་རབ་བརྟན་མ། །དགྲ་བོ་འཇོམས་པའི་དུས་ལ་བབ། །དཔལ་ལྡན་རྡོ་རྗེ་རེ་མ་ཏཱི། །རཀྟའི་མཆོད་པ་འདི་བཞེས་ཤིག །བདུད་རྩི་སྨན་གྱི་མཆོད་པ་གསོལ། །ཤ་ཁྲག་གཏོར་མ་འདི་བཞེས་ཤིག ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །རྣལ་འབྱོར་བདག་གིས་བསམ་པ་སྒྲུབས། །དེ་རྗེས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་ནས། ཀུན་འགྲུབ་ཤོག་གི་བར་སྤྱི་དང་མཐུན་པར་ཡང་འཕྲིན་ལས་བཅོལ། ཡིག་བརྒྱ་བཟླས། མ་འབྱོར་བ་དང་སོགས་ཀྱིས་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་བྱ། ཨོཾ་ཁྱོད་ཀྱིས་སེམས་ཅན་སོགས་གཏོར་མགྲོན་རྣམས་གཤེགས། སྨོན་ལམ་དང་བཀྲ་ཤིས་སོགས་སྤྱི་དང་མཐུན་པར་བྱའོ། །དཔལ་ལྷ་མོ་རྡོ་རྗེ་རབ་བརྟན་མའི་གཏོར་ཆོག་ངག་འདོན་འདི་ཡང་དོན་གཉེར་མང་པོས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །འདིའི་གཏོར་ཆོག་ངག་འདོན་ཕྱིས་བསྒྲིགས་པ་འགའ་རེ་འདུག་ཀྱང༌། རྙིང་མ་ལ་གསར་མ་བས་དབང་བཟས་པའི་སྟབས་དགོས་ངོས་ཤེས་པ་འགའ་རེ་ཆད་འདུག་པ་སྐབས་འདིར་ཆ་འགྲིག་པར་བྱས་སོ། །གཅིག་ཞུས། །མངྒ་ལཾ།།