Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
སྒྲོལ་དཀར་ཇོ་བོ་ལུགས་ཀྱི་མངོན་རྟོགས་ཚེ་སྒྲུབ་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་དཀར་ཇོ་བོ་ལུགས་ཀྱི་མངོན་རྟོགས་ཚེ་སྒྲུབ་དང་བཅས་པ།next

སྒྲོལ་དཀར་ཇོ་བོ་ལུགས་ཀྱི་མངོན་རྟོགས་ཚེ་སྒྲུབ་དང་བཅས་པ།


TNT14_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་ཇོ་བོ་ལུགས་ཀྱི་མངོན་རྟོགས་ཚེ་སྒྲུབ་དང་བཅས་པ་བཞུགས་སོ། །


TNT14_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་འདོད་པའི་འབྲས་སྩོལ་མ། །འཆི་མེད་ཚེ་ཡི་དཔལ་སྦྱིན་མ། །སྲིད་པའི་སྡུག་བསྔལ་ཀུན་སེལ་མ། །འཕགས་མ་སྒྲོལ་མས་ཤིས་པར་མཛོད། །འདིར་ཐོག་མར་སྐྱབས་སེམས་སྤྱི་དང་མཐུན། བསྡུ་ན། སངས་རྒྱས་ཆོས་དང་སོགས། ཉིད་ཇོ་བོའི་གསུང་ཡིན་ངེས་ཀྱི་ཡིད་ཆེས་ཆོག་ཤེལ་འཚལ། དེ་ནས་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བསྲུང་འཁོར། པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ། རང་སེམས་ཨུཏྤལ་དཀར་པོ་ཏཱཾཿགིས་མཚན་པ་ལས། སྒྲོལ་མ་དཀར་མོ་ཕྱག་གཡས་མཆོག་སྦྱིན། གཡོན་རབ་ཏུ་རྒྱས་པའི་ཨུཏྤལ་དཀར་པོའི་སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མུ་ཏིག་དཀར་པོ་གཙོ་བོར་གྱུར་པའི་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པད་འདབ་ལྟར་རབ་ཏུ་ཡངས་པའི་སྤྱན་བདུན་དང་ལྡན་པ། ཟླ་བའི་རྒྱབ་ཡོལ་ཅན།


TNT14_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་དུ་ཨོཾ་ཨཱཿཧཱུཾ། ཐུགས་ཀའི་དབུས་སུ་ཏཱཾཿཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་྄བཾ་ཧོཿ དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། དབང་བསྐུར་སྐུ་གང་དྲི་མ་དག །འོད་དཔག་མེད་ཀྱིས་དབུ་བརྒྱན། སྤྲོ་ན་སྐབས་འདིར་མཆོད་བསྟོད་བྱ། སྙིང་གར་འཁོར་ལོ་གསལ་བཏབ་ལ་ཐུན་གྱི་ཐོག་མཐའ་གཉིས་སུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྟིཾ་ཀུ་རུ་སྭཱཧཱ། ཞེས་ཅི་རིགས་དང༌། བཟླས་པའི་དངོས་གཞི་ཡི་གེ་བཅུ་པ་ཉིད་ལ་བྱེད། དེ་བཟླས་པའི་སྒོ་ནས་ཚེ་བསྲིང་པའོ། །སྙིང་གའི་སྔགས་འཕྲེང་ལས་འོད་ཟེར་དཀར་པོ་ཕྱོགས་ཐམས་ཅད་དུ་འཕྲོས། རང་གི་ཕྱི་རོལ་འདོམས་གང་ཙམ་དུ་གུར་ཁྱིམ་དཀར་པོར་གྱུར་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བསམ། དེ་


TNT14_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སེར་པོས་ཚེ་དང་བསོད་ནམས་རྒྱས་པར་བསམ། དམར་པོས་ཐམས་ཅད་དབང་དུ་བསྡུས་པར་བསམ། །སྔོན་པོས་དགྲ་བགེགས་ཐམས་ཅད་ཚར་བཅད། ལྗང་ཁུས་ལས་ཐམས་ཅད་འཕྲལ་དུ་འགྲུབ། མཆིན་ཁས་ལས་འགྲུབ་པ་ལ་བར་ཆད་བསལ། འོད་ཟེར་འཁོར་ལོ་དེ་རྣམས་སོ་སོའི་བར་ལ་འདོམས་གང་ཙམ་རེ་ཡོད་པ། བར་མཚམས་ཐམས་ཅད་ཨུཏྤལ་གསར་དུ་ཁ་བྱེ་བས་གང་བར་བསམ་ལ། བཟླས་པ་ཅི་རིགས་བྱ། མཐར་འོད་ཟེར་འཁོར་ལོ་ཕྱི་མ་ཕྱི་མ་ནང་མ་ལ་ཐིམ་པ་མཐར་སྙིང་གའི་སྔགས་འཕྲེང་ལ་བསྡུ། བསྲུང་འཁོར་གྱི་ཚེ་བསྲིང་པའོ། །སྙིང་གའི་འཁོར་ལོའམ་ས་བོན་ལས་འོད་འཕྲོས། འབྱུང་བཞིའི་བཅུད་ཐམས་ཅད་བདུད་རྩིར་བསྡུས། རང་ཉིད་ལ་ཐིམ་པས་ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར་པས་སྲ་བརྟན་རྡོ་རྗེའི་ཚེ་ཐོབ་པར་མོས་ཤིང༌། བཟླས་བརྗོད་ཅི་རིགས་བྱ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཚེ་དང༌། བསོད་ནམས་གནོད་པ་མེད་པར་བླངས་ནས་སྔ་མ་ལྟར་བྱ་སྟེ། བཅུད་བསྡུ་བས་ཚེ་བསྲིང་པའོ། །སྙིང་གར་ཟླ་བ་ལ་ཏཱཾཿལས་དབུགས་ཕྱིར་འགྲོ་བའི་ཚེ་འོད་ཟེར་སྤྲོ། ནང་དུ་འོང་བའི་ཚེ་བསྡུ། གནས་པའི་ཚེ་ཏཱཾཿལ་སེམས་གཏད་པའི་ལན་བརྒྱ་ཕྲག་ཙམ་སྒོམ་པ་ནི་རྡོ་རྗེའི་བཟླས་པས་ཚེ་བསྲིང་པའོ། །རང་ལུས་ཀྱི་དབུས་སུ་སྲོག་རྩ་ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ་ཡས་སྣ་ཐིག་ལེ་དཀར་པོ་དང༌། མས་སྣ་ཐིག་ལེ་དམར་པོས་བཀག་པ། ནང་སྙིང་གའི་ཏཱཾཿལས་བྱུང་བའི་སྲོག་གི་རླུང་སྔོ་དམར་གྱིས་འགྲོ་འོང་མེད་པར་གང་བ་ལ་སེམས་གཏད་དེ། རླུང་བུམ་ཅན་ཅི་རིགས་སུ་འཛིན་པ་ནི་སྙིང་གར་ཚེ་ཕུར་གདབ་པ་ལ་བརྟེན་ནས་ཚེ་བསྲིང་པའོ། །


TNT14_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་བཞི་པོ་དེ་གང་ཡང་རུང་བར་བྱས་པས་ཆོག །སྙིང་གར་འཁོར་ལོ་སྒོམ་ཚུལ་ནི་ཟླ་བའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མཐའ་མར་མུ་ཁྱུད་དང་བཅས་པ། ལྟེ་བའི་དབུས་སུ་ཧཱ་ཏཱཾཿཨོཾ་གསུམ་ཡས་རིམ་གྱིས་བརྩེགས་པས། དེའི་མཐའ་ལ་མ་མ་མིང་འདི་ཞེས་བགྱི་བའི་ཚེ་དང་བསོད་ནམས་རྒྱས་པར་མཛོད་ཅིག །རྩིབས་བརྒྱད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཞེས་པའི་ཡི་གེ་བརྒྱད་པོ་ཐམས་ཅད་ཁ་ནང་བལྟས་མགོ་གྱེན་བསྟན། འོད་ཟེར་དཀར་པོ་འབར་བ་སྒོམ་པ་ཡིན། །ཏཱ་ར་ནཱ་ཐས་མཛད་པའོ། །ཞུས་དག།མངྒ་ལཾ། །


previousསྒྲོལ་དཀར་ཇོ་བོ་ལུགས་ཀྱི་མངོན་རྟོགས་ཚེ་སྒྲུབ་དང་བཅས་པ།next