Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
གསང་བ་སྤྱིའི་ཆོ་ག་ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་འབྲིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་བ་སྤྱིའི་ཆོ་ག་ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་འབྲིང་པོ།next

གསང་བ་སྤྱིའི་ཆོ་ག་ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་འབྲིང་པོ།


TNT14_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་སྤྱིའི་ཆོ་ག་ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་འབྲིང་པོ་བཞུགས་སོ། །


TNT14_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། འདིར་གསང་བ་སྤྱིའི་ཆོ་ག་ལས་བརྩམས་ཏེ། ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་འདི་ལྟར་བྱའོ། །བདག་ཉིད་རྡོ་རྗེ་ཁྲོ་བོ་ཧཱུཾ་མཛད་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲིཧྞ་གྲིཧྞ་ཧཱུཾ། གྲིཧྞ་པཱ་ཡ་གྲིཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ལན་བདུན་ཙམ་བཟླས། རང་རང་གི་ལུགས་ལྟར་སྔོན་འགྲོ་གཏོར་མ་བཏང༌། ལག་པ་གཡས་རྡོ་རྗེ་དང་བཅས་པ་ས་ལ་བཞག ཨོཾ་ཨཱཿཧཱུཾ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཅེས་པ་ལན་མང་དུ་བཟླ། དེ་རྗེས་ས་གཞི་དེར། བརྐོས་ཐབ་བྱེད་ན། སྟེགས་བུ་མཐོ་གང་གི་དཔངས་དང་ལྡན་པ་བྱས་ལ། སྒོམ་དོན་དང་མཐུན་པར་རྩིག་པ་དང་ས་བརྐོ་དགོས་ཤིང༌། བྲིས་ཐབ་ཏུ་བྱེད་ན། ཚང་ཐིག་ཟུར་ཐིག་བཏབ། དབུས་སུ་ཐིག་སྐུད་མཐོ་གང་གིས་ཟླུམ་པོར་བསྐོར། དེ་ནས་སོར་བཞི་པ་གཉིས་རིམ་ཅན་དུ་བསྐོར་ཏེ། ཐབ་དང་མུ་རན་དང་ཁ་ཁྱེར་རྣམས་སོ། །ལྟེ་བ་ནས་མུ་རན་གྱི་མཐར་གཟུང་བ་ཉིས་གྱུར་ཟུར་ཐིག་གི་སྟེང་དུ་བྱ་རྗེས་བྱས་པའི་སྟེང་ནས། ཕྱོགས་བཞིར་གྲུ་བཞིར་བཏབ། དེ་ལ་སླར་ཡང་སོར་གཉིས་བསྣན། དབུས་སུ་པདྨ་འདབ་བརྒྱད་དང༌། མུ་རན་ལ་ཟེའུ་འབྲུ། ཁ་ཁྱེར་ལ་པདྨ་


TNT14_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་བརྒྱད་རྣམས་འབྲི། དེ་དག་གི་བར་རྣམས་དཀར་པོ་འགེངས། །སྟེགས་བུ་སེར་པོ་ཟུར་བཞིར་ཟླ་ཕྱེད་རྡོ་རྗེ་དཀར་པོ། དེ་དག་གི་བཅད་མཛེས་ཚོན། དབུས་ཀྱི་པདྨའི་ལྟེ་བར་རྡོ་རྗེ་སོར་བརྒྱད་པ། ལྷ་གཙོ་བོ་གང་ཡིན་གྱི་སྐུ་མདོག་དང་མཚུངས་པའི་ཁ་ཏོག་ཅན་འབྲི། འདབ་མ་བརྒྱད་ལ་མཚན་མ་མ་བཀོད་ཀྱང་ཆོག །ཡང་ན་རིགས་དང་མཐུན་པའི་ཕྱག་མཚན་དབུས་སུ་བྲིས་ཀྱང་རུང་བ་ཡིན་ནོ། །དེ་ནས་ཟླུམ་ཐིག་ནང་མའི་ནང་ནས། དྲི་ཞིམ་པོའི་བུད་ཤིང་གིས་ཟླུམ་པོར་བརྩིགས། རང་གི་གཡས་ཕྱོགས་སུ་བསྲེག་རྫས་རྣམས་རིམ་ཅན་དུ་སྒྲིགས། དེ་རྣམས་ཀྱི་བར་གྱི་ཆ་ནས། ཅི་རིགས་པ་རེ་བླངས་ནས་སྣོད་གཅིག་ཏུ་བསྲེས། གཡོན་གྱི་ཆ་ལ། མཆོད་ཡོན་ཀྱི་སྣོད་ཆེ་ཆུང་གཉིས་དང༌། བསང་གཏོར་གྱི་སྣོད་ཅིག་བཤམས། དེའི་འཕྲོ་མཐུད་ནས་ཉེར་སྤྱོད་སོགས་མཆོད་པ་རྣམས་ཕྱི་ནང་རིམ་པ་གཉིས་ཀྱང་བཤམས། རང་དང་ཐབ་ཀྱི་བར་དུ་མེ་ཡོལ་བརྩིག །མེ་ཡོལ་དང་རང་གི་


TNT14_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་དྲིལ་བུ་དང༌། དེའི་མདུན་དུ་རྡོ་རྗེ་གཞག །རྡོར་དྲིལ་གྱི་བར་དུ་དགང་བླུག་ཀྱང་བཞག། མར་ཁུ་དང་ཡམ་ཤིང་ཡང་གཡས་ཕྱོགས་སུ་འཇོག་སྟེ། ཇི་ལྟར་བདེ་བར་ཡང་བྱའོ། །དེ་ནས་ཡི་དམ་གང་ཡིན་གྱི་བདག་བསྐྱེད་བཟླས་པ་དང་བཅས་པའི་བར་བྱ་སྟེ། དཀྱིལ་འཁོར་རྫོགས་པར་བསྒོམས་པ་ཡིན་ན་རང་ལ་བསྡུའོ། །ཀུ་ཤ་ནས་བཟུང༌། བསང་ཆུ་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྡ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་བཟླས་པའི་བྱིན་གྱིས་བརླབས། ནང་མཆོད་དགོས་པའི་རིགས་ཡིན་ཞིང༌། བདག་བསྐྱེད་ཀྱི་སྐབས་གྲུབ་ན་དེས་ཆོག མ་གྲུབ་ན་སྐབས་འདིར་རང་རང་གི་ལུགས་ཀྱི་ནང་མཆོད་བྱིན་རླབས་བྱ། དེ་ནས་ཨ་མྲྀ་ཏ་བཟླ་ཤིང༌། བསང་ཆུས་གནས་ཁང་དང་ཡོ་བྱད་ཀུན་ལ་གཏོར། ནང་མཆོད་དགོས་པའི་རིགས་ཡིན་ན་དེས་ཀྱང་གཏོར་ལ། ཨོཾ་ཨཱཿཧཱུཾ་ལན་མང་དུ་བརྗོད། དེ་ནས་རང་རང་གི་ལུགས་བཞིན་མཆོད་པ་བྱིན་རླབས་བྱ། སྲེག་རྫས་རྣམས་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་གཏད་ནས་ཨོཾ་སྭཱཧཱ། ལན་གསུམ་གྱིས། མ་དག་པ་བཀྲུས་པར་བསམ། ཨོཾ་ཨཱཿསྭཱཧཱ། གསུམ་གྱིས་ཡམ་ཤིང་དང༌། ཨོཾ་ཤྲཱི་སྭཱཧཱ། གསུམ་གྱིས་ཞུན་མར་དང༌། ཨོཾ་ཛྲིཾ་སྭཱཧཱ། གསུམ་གྱིས་འབྲུ་ཐམས་ཅད་དང༌། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། གསུམ་གྱིས་རྫས་གཞན་རྣམས་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ་གིས་མེ་བླངས། སྒྲོན་མེ་སྦར། ཨ་མྲྀ་ཏས་དེ་ལ་བསང་ཆུས་གཏོར། ཨ་མྲྀ་ཏ་བཟླ་བཞིན་ཏུ་ཐབ་ལ་གཡས་བསྐོར་བྱ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་མེ་སྒྲོན་ཐབ་ནང་དུ་གཞུག ཧཱུཾ་ཧཱུཾ་ཞེས་བརྗོད་ཅིང༌། རླུང་གཡབ་ཀྱིས་མེ་སྦར་རོ། །ཐབ་ཁུང་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལ་ཧཱུཾ་ལས་


TNT14_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་ཁྲུ་གང་བ། མུ་རན་དང་ཁ་ཁྱེར་གྱིས་བསྐོར་ཞིང༌། སྟེགས་བུའི་གྲྭ་ལ་ཟླ་ཕྱེད་རྡོ་རྗེས་མཚན་པ་པདྨ་རྒྱས་པའི་དབྱིབས་ཅན། དྭངས་ཤིང་ཐོགས་པ་མེད་པར་གྱུར། དེའི་ནང་དུ་རཾ་ལས་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། ཞི་བའི་མེ་ལྷ་དཀར་པོ། ཕྱག་གཡས་བགྲང་འཕྲེང་དང་གཡོན་སྤྱི་བླུགས་འཛིན་པ། རང་འོད་ཀྱི་རིག་མ་དང་གཉིས་སུ་མེད་པ། རྣམ་སྣང་གི་དབུ་རྒྱན་ཅན། མེ་ལྕེ་དཀར་པོའི་འཕྲེང་བ་དཀྲིགས་ཤིང༌། ར་སྐྱེས་དཀར་པོའི་སྟེང་ན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་དང་ན་བཟའ་དཀར་པོ་ཅན། རལ་བའི་ཐོར་ཚུགས་དང་ལྡན་པའོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་བྱོན་པར་གྱུར། སྐྱབས་སྦྱིན་གྱི་ཕྱག་རྒྱ་ལས་མཐེ་བོང་རྣ་བའི་དྲུང་དུ་གཡབ་ཅིང༌། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །བསྲེགས་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཊཀྐི་ཧཱུཾ་ཛ། ཞེས་སྤྱན་དྲངས། བསང་ཆུ་གཏོར་ཞིང་ཨ་མྲྀ་ཏས་བགེགས་བསྐྲད། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཀུ་ཤའི་ཆུན་པོས་བསང་གཏོར་བྱེད་པ་དང་ལྷན་ཅིག་ཏུ། མཆོད་ཡོན་ཀྱི་སྣོད་ཆུང་བ་ནས་བཟེད་ཞལ་དུ་བླུག་སྟེ། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐ་རཱ་རྠཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་བརྗོད། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས་ཤཔྟའི་བར་གྱིས་ཉེར་སྤྱོད་ཕུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་


TNT14_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། ཨོཾ་བཛྲ་ཨ་ན་ལ་མཧཱ་བྷཱུ་ཏ་ཛྭ་ལ་ཛྭ་ལ་སརྦ་བྷསྨི་ཀུ་རུ་སརྦ་དུཥྟན་ཧཱུཾ་ཕཊ། དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ཞེས་ལན་གསུམ་གྱིས་དམ་ལ་བཞག །དེ་ནས། མེ་ལྷའི་ཐུགས་ཀར་ཧཱུཾ། ལྗགས་ལ་རྡོ་རྗེ་རྩེ་གཅིག་པ་རཾ་གྱིས་མཚན་པ། དགང་བླུགས་ཀྱི་ཁ་ལ་ཡང་ཧཱུཾ་གིས་མཚན་པར་གྱུར། ཨོཾ་ཨཀན་ཡེ། ཨཱ་དཱི་བྱ་ཨཱ་དཱི་བྱ། ཨཱ་བི་ཤ་ཨཱ་བི་ཤ མཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་ཝཱ་ཧཱ་ནཱ་ཡ། བདག་གི་སྡིག་སྒྲིབ་བར་ཆད་ནད་གདོན་བཀྲ་མི་ཤིས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་ལན་བདུན་གྱིས་དགང་བླུགས་འབུལ། དེ་བཞིན་དུ་སྔགས་དེ་ཉིད་ཀྱིས། ཡམ་ཤིང་ལན་གསུམ་ཕུལ། སླར་ཡང་སྔགས་དེ་ཉིད་ལན་ཇི་ལྟར་འོས་པས། སྲེག་རྫས་ཐམས་ཅད་བསྲེག་པ་དེ་ནས་ཅི་རིགས་པར་འབུལ་ལོ། །ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་པས་མར་བླུགས་གཟར་གང་ཐབ་དུ་ཕུལ་འཇིག་རྟེན་པའི་མེ་ལྷ་མཆོད་པའོ། །སླར་ཡང་བསངས་སྦྱངས། མེ་ལྷའི་ཐུགས་ཀར་རབ་ཏུ་ཡངས་པའི་དབུས་སུ་ཞེས། མཚམས་སྦྱར་ནས། ལྷག་གང་ལ་མཆོད་པ་འབུལ་རྒྱུའི་ལྷག་པའི་ལྷ་དེ་ཉིད་ཀྱི་མདུན་བསྐྱེད་མཆོད་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བསྐྱེད་ནས་ཡེ་ཤེས་པ་སྤྱན་འདྲེན་དང་དབང་བསྐུར་རྒྱས་གདབ་ལ་སོགས་པ་ཡང་རང་རང་གི་ལུགས་བཞིན་དུ་བྱ། རིག་བདག་རང་ཆས་སུ་བསྒོམས་ནས། དབང་བསྐུར་རྒྱས་གདབ་མི་དགོས་སོ། །མཆོད་ཡོན་གྱི་སྣོད་གཉིས་པ་ནས། ཀུ་ཤས་བསང་གཏོར་འབུལ་བཞིན་དུ། གཟེད་ཞལ་དུ་བླུག་ལ། ལྷ་སོ་སོའི་སྙིང་པོའི་མཐར་གོང་གི་མཆོད་ཡོན་གྱི་སྔགས།


TNT14_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བས་མཆོད་ཡོན་འབུལ། མེ་ཏོག་ནས་རོལ་མོའི་བར་གོང་བཞིན་དུ་འབུལ་བ་དང༌། བསྟོད་པ་ཡང་སོ་སོའི་བསྟོད་པ་ཤོ་ལོ་ཀ་རེ་རེ་ཙམ་རེ་བྱེད་པའམ། སོ་སོའི་ཆོ་ག་ལས་བྱུང་བའི་མཆོད་འཕྲེང་རྒྱས་པ་ཡོད་ན། དེ་ལྟར་མཆོད་བསྟོད་ཕུལ་ན་ཡང་ལེགས་པ་ཡིན་ནོ། །དེ་ནས་སྲེག་རྫས་འབུལ་བ་ནི། ཐོག་མར་ལྷག་པའི་ལྷའི་སྔགས་རྣམས་ཀྱི་མཐར་རྫས་སོ་སོའི་སྔགས་སྦྱར་ལ། མཇུག་ཏུ་ལས་སྔགས་སྦྱོར་བ་ཡིན་ཏེ། དཔེར་མཚོན་ན། འཕགས་མ་སྒྲོལ་མའི་རིག་སྔགས་ལ་བསྲེག་རྫས་ལན་བདུན་འབུལ་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་ལན་གཅིག ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་པ་ལན་བདུན། བདག་གི་སྡིག་སྒྲིབ་བར་ཆད་ནད་གདོན་བཀྲ་མི་ཤིས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་པ་ལན་གཅིག་སྤེལ་བ་ལྟ་བུའོ། །དེ་ལ། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་པ་ནི་མར་ཁུའི་སྔགས་སོ། །ཨོཾ་བྷོ་དྷི་པྲིཀྵ་ཡ་སྭཱཧཱ། ཡམ་ཤིང་གི་སྔགས་སོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། ཏིལ་དང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། དུར་བ་དང༌། ཨོཾ་བཛྲ་པུཥྟཱ་ཡེ་སྭཱཧཱ། འབྲས་མ་གྲུགས་པ་དང༌། ཨོཾ་སརྦ་སཾ་པ་དེ་སྭཱཧཱ། ཞོ་ཟན་དང༌། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱཧཱ། ཀུ་ཤ་དང༌། ཨོཾ་བཛྲ་བི་ཛ་ཡེ་སྭཱཧཱ། འབྲས་སོ་བ་དང༌། ཨོཾ་བཛྲ་མཧཱ་བེ་ག་ཡེ་སྭཱཧཱ། ནས་དང༌། ཨོཾ་བཛྲ་མཧཱ་བ་ལ་ཡ་སྭཱཧཱ། སྲན་མ་དང༌། ཨོཾ་བཛྲ་གྷསྨ་རི་ཡེ་སྭཱཧཱ། གྲོ་དང༌། ཨོཾ་སརྦ་ཨརྠ་སིདྡྷ་ཡེ་སྭཱཧཱ། ཡུངས་དཀར་གྱིས་སྔགས་སོ། །གཞན་ཡང་མཆོད་པ་རྣམ་པ་སྣ་ཚོགས་པས་མཆོད་པར་བྱ་སྟེ། སྙིང་


TNT14_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྔགས་ཀྱིས་འབུལ་བར་བྱའོ། །དེ་ལ་མར་དང་ཡམ་ཤིང་ནི་མེད་དུ་མི་རུང་བ་ཡིན་ཞིང༌། རྫས་གཞན་དེ་དག་ཇི་ཙམ་རྙེད་པ་དེ་ཙམ་འབུལ་བ་ཡིན་ཀྱང༌། ལས་ཐམས་ཅད་པ་ལ་ལྟ་ཅི་སྨོས། ཞི་བ་རྐྱང་པ་ལ་ཡང་རྫས་དེ་དག་འཛོམ་ན་ལེགས་ཤིང༌། རབ་གནས་དང༌། རང་གཞན་གྱི་ཞི་བའི་ལས་སྤྱི་འགྲོ་ཙམ་སྒྲུབ་པ་ལ། སྲེག་རྫས་སོ་སོ་རེ་ནས་བརྒྱ་ཕྲག་རེ་རེ་ཙམ་དང༌། རྫས་སྔགས་ཀྱང་དེ་ཙམ་འབུལ་བ་ཡིན་ལ། ཚེའི་བར་ཆད་ཁོ་ན་ཞི་བར་བྱེད་པ་སོགས། ཞི་བའི་ལས་ཉི་ཚེ་བ་ལ། སོ་སོའི་རྫས་དང་སྔགས་སྣ་རེ་རེ་དེ་ཁོ་ན་བྱེད་པ་སོགས་ཡོད་ཀྱང༌། དངོས་གྲུབ་ཀྱི་དོན་དང༌། བསྙེན་པའི་ཁ་སྐོང་ལ་ཐོག་མར་མར་ཁུ། ཡམ་ཤིང་མང་ཙམ་དང༌། ལྷག་མ་སྲེག་རྫས་སོ་སོ་ལ་གྲངས་མཉམ་པ་མང་ཉུང་གང་འོས་རེ་ཕུལ་བའི་རྗེས་སུ། སྙིང་པོའི་སྔགས་ཁོ་ནས་སྲེག་པར་བྱེད་པ་ཉིད་ལ་ཇི་ཙམ་དགོས་པའི་གྲངས་འཛིན་པ་ཉིད་བཟང་བ་ཡིན་ནོ། །སྲེག་རྫས་རྫོགས་པའི་མཐར། སོ་སོའི་མངོན་རྟོགས་ནས་འབྱུང་བའི་གཏོར་འབུལ་མཆོད་བསྟོད་འདོད་གསོལ་རྣམས་བྱས་ལ། ཡིག་བརྒྱ་ལན་གསུམ་བཟླས། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱེད་དེ་རིང་བཟོད་མཛད་རིགས། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །བདག་ལ་དངོས་གྲུབ་མཆོག་སྩོལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པའང་སྩོལ། །སླར་


TNT14_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ཞེས་ཡེ་ཤེས་ཀྱི་འཁོར་ལོ་རང་བཞིན་གྱི་གནས་སུ་གཤེགས་ཤིང༌། དམ་ཚིག་པ་རང་ལ་བསྡུ་བའམ། གཉིས་ཀར་ཡང་རང་གི་སྙིང་གར་བསྡུ་བ་སྐབས་སུ་གང་བབ་སྦྱོར་ཏེ། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའོ། །དེ་ནས། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་པས་མར་བླུགས་གཟར་གང་ཕུལ། མཆོད་ཡོན་ནས་རོལ་མོའི་བར་གྱི་མཆོད་པ་གོང་བཞིན་ཕུལ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱབས་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ཆིབས། །རིག་སྔགས་གསུང་གི་བགྲང་འཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷན་དྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། མེ་ལྷའི་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ། ནས། ཝཱ་


TNT14_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ནཱ་ཡ། ཨ་ཀཱ་རོ་མུ་ཁཾ་སོགས་སྦྱར་བ་ལན་བདུན་གྱིས་གཏོར་མ་ཕུལ། ཡང་ཨརྒྷཾ། ནས། ཤཔྟའི་བར་གྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །མེ་ལྷ་འཁོར་དང་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱོན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་ནས། ཀུན་འགྲུབ་ཤོག་གི་བར་གྱིས་འཕྲིན་ལས་བཅོལ། གོང་བཞིན་མཆོད་ཡོན་ཕུལ། གང་ཡང་བདག་བློ་རྨོངས་པ་ཡིས། །སོགས་བཟོད་པར་གསོལ། རང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ཞིང༌། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨཱཿབཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འབར་བའི་མེའི་ངང་དུ་ཐིམ་པར་གྱུར། སྨོན་ལམ་དང་བཀྲ་ཤིས་ཅི་འགྲུབ་བྱ། མེ་རང་བཞིན་གྱིས་ཞི་བར་མ་གྱུར་ཀྱི་བར་དུ། དཀྲུག་པར་མི་བྱ་ལ། གློ་བུར་དུ་ལས་རྗེས་བསྡུ་དགོས་པ་བྱུང་ན། འོ་མ་དང་དྲི་བཟང་གི་ཆུ་ལ། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྟ་སིདྡྷི་ལོ་ཙ་ནི། སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། ཞེས་པ་བརྒྱ་རྩ་ཙམ་བཟླས་པས། མེ་ལ་བླུག །རྒྱས་པ་ལ་སོགས་པ་གཞན་རྣམས་ལ་ཡང་ཆོ་ག་འདིས་རིགས་འགྲེ་ལ། ལྷ་ཉུང་ངུའི་དཀྱིལ་འཁོར་དང་ཆོ་ག་བསྡུས་པའི་རིགས་དང༌། སྒྲུབ་ཐབས་ཕྲ་མོ་སོགས་ལ། དེ་དང་འབྲེལ་བར་མདོར་བསྡུས་འདི་ཙམ་ཁོ་ན་ལེགས་ཤིང་གཞན་གོང་ལྟར་ལས། དངོས་གཞིའི་སྐབས་རྫས་སྔགས་སོ་


TNT14_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སོ་བྱེད་པ་བོར་བ་ནི། ཤིན་ཏུ་བསྡུས་པའི་རིགས་སུ་གཏོགས་སོ། །གསང་བ་སྤྱིའི་སྦྱིན་སྲེག་གི་ཆོ་ག་རྒྱས་པ་ལ་མངོན་པར་དགའ་ན། ལོགས་སུ་འབྲི་བར་ཡང་འགྱུར་རོ། །ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་མདོ་ཙམ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །མངྒལཾ། །


previousགསང་བ་སྤྱིའི་ཆོ་ག་ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་འབྲིང་པོ།next