Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
གདོན་འགྲོལ་གྱི་ཆོ་ག་ཤིན་ཏུ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདོན་འགྲོལ་གྱི་ཆོ་ག་ཤིན་ཏུ་བསྡུས་པ།next

གདོན་འགྲོལ་གྱི་ཆོ་ག་ཤིན་ཏུ་བསྡུས་པ།


TNT14_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་འགྲོལ་གྱི་ཆོ་ག་ཤིན་ཏུ་བསྡུས་པ་བཞུགས་སོ། །


TNT14_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། འདིར་གདོན་འགྲོལ་གྱི་ཆོ་ག་ཤིན་ཏུ་བསྡུས་པ་ལ། སྡོམ་ནི། དང་པོ་ཡོ་བྱད་ཚོགས་པར་བྱས། །གཉིས་པ་ལྷ་ཡི་སྒྲུབ་མཆོད་ཡིན། །གསུམ་པ་གདོན་གྱི་བྱ་བ་དང༌། །བཞི་པ་རྗེས་ཀྱི་ཆོ་གའོ། །བྲིས་སྐུའམ་མཎྜལ་བཤམས་ནས་ནི། །མཆོད་གཏོར་བཤམས་ཤིང་དཀྱིལ་འཁོར་འབྲི། །བུམ་པ་བཅས་ལ་ཀླུ་གཟུགས་བཤམས། །ཀླུ་གཏོར་རྩི་སྨན་བུམ་པ་དང༌། །གླུད་གཟུགས་གཟུགས་འགྲོས་སྣ་ཚོགས་བཤམས། །མཆོད་དང་ཆ་གསུམ་གཏོར་མའོ། །གཉིས་པ་བདག་མདུན་བསྐྱེད་པ་དང༌། །བུམ་སྒྲུབ་རྫས་རྣམས་བྱིན་རླབས་དང༌། །ཀླུ་ཡི་དཀྱིལ་འཁོར་ཆོ་གའོ། །གསུམ་པ་དགུག་མཆོད་བཀྲུ་བྱབས་དང༌། །མཆོད་དང་བསྲུང་བ་བྱ་བ་ཉིད། །བསྒྲུབ་བྱ་ལ་ཡང་བཀྲུ་བྱབས་དང༌། །གདོན་ལ་མཆོད་ཅིང་བསྲུང་བར་བྱ། །གཏོར་སོགས་བཏང་ནས་ཤིས་བརྗོད་བྱེད། །རྗེས་ནི་ཀླུ་ལ་བཟོད་གསོལ་དང༌། །གཤེགས་གསོལ་བྱིན་རླབས་མདུན་བསྐྱེད་མཆོད། །དངོས་གྲུབ་བླངས་ཏེ་ཡིག་བརྒྱ་བཟླ། །བཟོད་གསོལ་གཤེགས་


TNT14_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བདག་བསྲུང་དང༌། སྨོན་ལམ་དང་ནི་བཀྲ་ཤིས་བྱ། །ཞེས་པའོ། །དེ་ལ་བཤོམས་ནི། སེང་གེ་སྒྲའི་བྲིས་སྐུ་ཡོད་ན་བགྲམ། མེད་ན་མཎྜལ་སྟེང་དུ་ཚོམ་བུ་བཤམས་པ་མཉྫི་ལ་བཀོད། །རྡུལ་ཚོན་གྱི་མཎྜལ་བྱེད་སྲོལ་ཡང་ཡོད། དེའི་མདུན་དུ་མཆོད་པ་དང་དཀར་གཏོར་གཅིག་བཞག དེའི་གཡས་སུ་བུམ་པ་སྤྱི་དང་མཐུན་པར་བཅའ། གཡོན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་གྲུ་བཞིའི་དབུས་སུ་པདྨ་འདབ་བརྒྱད་བྱ། གྲུ་བཞི་མུ་ཁྱུད་སྦྲུལ་གྱི་རང་བཞིན། ཕྱོགས་བཞིའི་དབུས་སུ་མགོ་སྣོལ་ཞིང༌། ཟུར་བཞིར་མཇུག་མ་སྣོལ་བའི་ཚུལ་དུ་བྱ། དེའི་དབུས་སུ་པདྨ་འདབ་བརྒྱད་པད་འདབ་ཀྱི་ཕྱི་གྲུ་བཞིའི་ནང་དུ་ཆུ་རིས་འབྲི། འདབ་མ་བརྒྱད་ལ་ཁ་དོག་དང་མཚུངས་པའི་ཚོམ་བུ་འགོད། །དཀྱིལ་འཁོར་འདི་རས་བྲིས་སུ་བྱས་ཀྱང་རུང་སྟེ། དེའི་ཚེ་འདབ་མ་ལ་ཀླུ་དགུ་ཞལ་ཕྱག་ཏུ་བྱས་ཀྱང་ལེགས། དེའི་སྟེང་དུ་མཉྫི་ལ་ཀླུ་དགུའི་རྟེན་གྱི་གཏོར་མ་བཤམས་དགོས་ཏེ། ཟངས་གཞོང་ངམ་གཏོར་གཞོང་གཙང་མའི་ནང་དུ། གྲུ་


TNT14_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བང་རིམ་གཉིས་བརྩེགས་ཀྱི་སྟེང་དུ། གྲུ་བཞི་མཁར་སྟབས་རྩེ་མོ་ཕྱོགས་བཞིར་གླང་གི་མགོ་རེ་ཕྱིར་བསྟན་པ། དབུས་སུ་གླང་གི་མགོ་གྱེན་དུ་བསྟན་པར་བྱེད། འདི་ཆུ་བདག་ཝ་རུ་ཎའི་གཟུགས་ཡིན་གསུང༌། བང་རིམ་དང་པོའི་ཕྱོགས་མཚམས་བརྒྱད་ལ་སྦྲུལ་རེ་རེ། བང་རིམ་འོག་མ་སྦྲུལ་སྦལ་ལྕོང་ཉ་སོགས་སྲོག་ཆགས་གཉན་དགུའི་གཟུགས་འགོད། རས་དམར་པོའི་གདུགས་ཆུང་ངུ་ཞིག་བང་རིམ་དང་པོའི་རྒྱབ་ཀྱི་ཕྱོགས་ཞིག་ཏུ་འགོད། དེ་ལ་སྲད་བུ་དམར་པོ་ཞིག་ཀྱང་བཏགས། དེའི་མདུན་དུའང་མཆོད་པ་རྣམས་བསྐོར་བའམ། ཕྲེང་ལ་སྒྲིག་པ་གང་བདེ་ཡིན། སྣོད་ཆེ་བ་གཅིག་ཏུ་དཀར་གཏོར་བཤམས་ལ་བཞག །ཀླུ་སྨན་སྣ་ཚོགས་བཏབ་པས་གང་བའི་བུམ་པ་རྩི་སྨན་གྱི་བུམ་པར་གྲགས་པ་དང༌། འོ་མས་གང་བའི་བུམ་པ་དང༌། ཀ་ཏོ་ར་གཅིག་ཏུ་མཐེབ་ཀྱུ་གང་མང་དང༌། ཡང་གཞན་ཞིག་ཏུ་ཕག །བྱ་ཁྱུང༌། གླ་བ། རྨ་བྱ་བཞི་མ་གཏོགས་པའི་སྲོག་ཆགས་སྣ་ཚོགས་པའི་གཟུགས་འགྲོས་འཚོགས་ཚད་བཅུག་པ་རྣམས་གོ་སྐབས་གང་ཡངས་པ་ཞིག་ཏུ་བཞག །རྒྱལ་ཆེན་བཞིའི་གཏོར་མ་ཡང་ཕྱོགས་བཞིར་བཞག །ཆ་གསུམ་གཏོར་མ་ཡང་ཕྱོགས་གང་འོས་ཞིག་ཏུ་བསྒྲིགས། རྡོ་དྲིལ་ལ་སོགས་པ་ཡོ་བྱད་གཞན་དགོས་པ་རྣམས་ཀྱང་ཚོགས་པར་བཤམས། གཉིས་པ་ལྷའི་སྒྲུབ་མཆོད་ལ། དང་པོར་མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་གི་སྙིང་གར་ཟླ་བའི་སྟེང་དུ་ཧྲཱིཿ དེའི་འོད་ཀྱིས་ལུས་གང༌། ལུས་འོད་ཀྱི་གོང་བུར་གྱུར། སྡིག་སྒྲིབ་སྦྱངས། ཕྱིར་འཕྲོས་ཏེ་རང་བཞིན་གྱི་གནས་ནས་བླ་མ་དང་རྗེ་བཙུན་སེང་གེ་སྒྲ་འཁོར་བཅས་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མོ་བྷཊྚརཱ་ག་སིངྷ་ནཱ་ཐ་བྷྱཿ


TNT14_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿསརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿ ཨོཾ་སིངྷ་ན་དཱ་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ལན་གསུམ། ཚད་མེད་བཞི་སྤྱི་དང་འཐུན། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོའི་སྟེང་དུ། སེང་ལས་སེང་གེ་དཀར་པོ་ཉལ་སྟབས་མགོ་གཡས་སུ་ཕྱོགས་ཤིང༌། གདོང་པ་གྱེན་དུ་ཕྱོགས་པ། རལ་པ་དམར་སེར་ཐུར་དུ་འཕྱང་ཞིང་རིན་པོ་ཆེའི་དྲ་བས་གཡོགས་པའི་སྟེང་དུ། ཨ་ལས་ཟླ་བ་ལ་ཧྲཱིཿདཀར་པོ་དེ་ལས་འོད་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕངས་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སེང་གེ་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་ཀྱི་སྟེང་དུ་བརྐྱངས་ཤིང༌། གཡོན་རྒྱབ་ཀྱི་ཆར་གདན་ལ་བརྟེན་པ། སྤྱན་གསུམ་དང་ལྡན་ཞིང་རལ་པའི་ཐོར་ཚུགས་ཅན། ཞབས་གཡས་བརྐྱངས་པའི་རྒྱལ་པོ་རོལ་བའི་སྟབས་ཀྱིས་བཞུགས་པ། རྒྱན་སྤངས་པ་དཀའ་ཐུབ་ཀྱི་ཆ་ལུགས་ཅན། །ཚངས་པའི་སྐུད་པ་དང་ལྡན་པ། དར་དམར་པོའི་ཤམ་ཐབས་དང། རི་དྭགས་ནག་པོའི་པགས་པས་ནུ་མ་གཡོན་པ་བཀབ་པ། སྐུའི་གཡས་ལོགས་སུ་ཏྲི་ཤུ་ལ་ལྗང་ཁུ་ལ་སྦྲུལ་དཀར་པོས་དཀྲིས་པ་དང༌། གཡོན་ལོགས་སུ་མེ་ཏོག་པདྨའི་སྟེང་དུ་ཐོད་པ་མེ་


TNT14_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་སྣ་ཚོགས་ཀྱིས་གང་བ་དང༌། པད་དཀར་གྱི་སྡོང་པོ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་རལ་གྲི་མེ་འབར་བ་དང་བཅས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཧྲཱིཿ དེ་ལས་འོད་འཕྲོས་རྗེ་བཙུན་སེང་གེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ གོང་ལྟར་མཆོད། ཛཿཧཱུཾ་བཾ་ཧོཿ ཡང་འོད་འཕྲོས། དབང་གི་ལྷ་རྒྱལ་བ་རིགས་ལྔ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་ནས། ཤྲཱི་ཡེ་ཧཱུཾ་ཞེས་གསུངས་ཤིང༌། བུམ་པའི་ཆུས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན། སྤྱི་གཙུག་ཏུ་རྣམ་སྣང༌། དཔུང་པ་གཡས་ལ་མི་བསྐྱོད་པ། གཡོན་ལ་འོད་དཔག་མེད། དཔྱི་གཡས་པར་རིན་འབྱུང། གཡོན་པར་དོན་གྲུབ་རྣམས་སྤྲུལ་པ་དཔག་ཏུ་མེད་པ་འཕྲོ་ཞིང་བཞུགས་པར་གྱུར། བཟླས་དམིགས་གསལ་བཏབ་ལ། ཨོཾ་ཨཱཿཧྲཱིཿསིངྷ་ནཱ་ད་ཧཱུཾ་ཕཊ། སྙིང་པོ་ཅི་འགྲུབ་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭ་ཡ། མཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊི།


TNT14_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཊཾ་ཀ་ཊི ཀ་རོ་ཊི། ཀ་རོ་ཌི། བིདྱེ་སྭཱཧཱ། གཟུངས་ཉི་ཤུ་རྩ་གཅིག་བཟླས། མདུན་བསྐྱེད་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཞེས་པ་ནས། བཞུགས་པར་གྱུར་གྱི་བར་བདག་བསྐྱེད་དང་འདྲ་བ་ལས། རང་ཉིད་ཅེས་པ་བོར་རོ། །ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ཡོན་ཏན་དམ་པ་ཀུན་གྱིས་བརྒྱན། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །བར་འདིར་བཟླས་པ་ཅི་འགྲུབ་བྱ། སླར་ཡང་མཆོད་པ་འབུལ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །ལྷ་རྫས་དམ་པའི་ཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་ཨཱཿཧྲི་སིངྷ་ནཱ་ད་ས་པ་རི་ཝཱ་ར་ཨདྱཾཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མ་ཡེ་ཤྲཱི་ཡེ་ཧཱུཾ། དེ་བཞིན་དུ་ཞབས་བསིལ་དང༌། པཱདྱཾ། དེ་བཞིན་དུ་ཤཔྟའི་བར་དུ་སྦྱར། མཆོད་པའི་ཚིག མཆོད་ཡོན་ཕལ་ཆེར་མ་དང༌། རབ་འབྱམས་རྒྱ་མཚོ་མ་སོགས་སྤྱི་འགྲོ་གང་བདེས་ཆོག མི་འཇིགས་ཐོགས་མེད་སེང་གེའི་ཁྲི་སྟེང་དུ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་འཁོར་མཛེས། །སྐུ་མདོག་དཀར་གསལ་གངས་རིའི་ཕུང་པོ་འདྲ། །རྗེ་བཙུན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །བདུད་ཀྱི་གཡུལ་བཟློག་སྤྱན་དམར་མཚན་དཔེས་སྤྲས། །ཆོས་སྐུ་སྟོང་ཉིད་ནམ་མཁའ་ལྟ་བུ་ལ། །གཟུགས་སྐུ་འགྲོ་བའི་དོན་དུ་ཅིར་ཡང་སྤྲུལ། །དཔའ་བོ་སེང་


TNT14_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གེ་སྒྲ་ལ་ཕྱག་འཚལ་ལོ། །ཕྱག་གཡས་རྩེ་གསུམ་རྒྱལ་རིགས་སྦྲུལ་གྱིས་དཀྲིས། །གཡོན་པ་ཐོད་པ་རལ་གྲི་འབར་བ་ཡིས། །སྒྲུབ་པ་པོ་ལ་དངོས་གྲུབ་བློ་སྩོལ་བའི། །དམ་པ་སྐྱབས་མཆོག་ཁྱེད་ལ༴ སྐུ་ལས་དེ་བཞིན་གཤེགས་པ་ལྔ་སྤྲོ་ཞིང༌། །སློབ་དཔོན་འོད་དཔག་མེད་པར་དབུ་ལ་བརྒྱན། །སྤྱན་གསུམ་གཟིགས་པས་སྡུག་བསྔལ་ཞི་བར་མཛད། རྗེ་བཙུན་ཐུགས་རྗེ་ཅན་ལ༴ སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །གྲོང་གི་ཆ་དང་ཡུལ་ལྗོངས་སྤངས་པའི་སར། །བག་མེད་ཉལ་དང་སྤྱོད་ལམ་ཐམས་ཅད་དུ། །རྗེ་བཙུན་ཁྱོད་ཀྱིས་ཐུགས་རྗེས་བཟུང་དུ་གསོལ། །ཞེས་བསྟོད། སྐབས་འདིར་བུམ་བསྐྱེད་ནི་གོང་གི་མདུན་བསྐྱེད་སྒྲུབ་ཚུལ་དེས་རིགས་འགྲེ། ཡང་མདོར་བསྡུས་པའི་ཚེ་ན་མདུན་བསྐྱེད་དང་བུམ་བསྐྱེད་ཕྱོགས་གཅིག་ཏུ་སྒྲུབ་པས་ཆོག་སྟེ། མཎྜལ་པདྨ་འདབ་བརྒྱད་དཀར་པོ་ཚོམ་བུ་ཅན་ཞིག་བྱ། ཕྱོགས་གང་ཡང་རུང་བར་བུམ་པ་སྤྱི་དང་མཐུན་པར་བཤམས། མཆོད་པ་དང་དཀར་གཏོར་གང་འོས་བསྒྲིགས། བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། མདུན་བསྐྱེད་བུམ་པ་དང་བཅས་པ་བསངས་སྦྱངས། སྟོང་པའི་ངང་ལས་མཎྜལ་གྱི་སྟེང་དང་བུམ་པའི་ནང་དུ་པཾ་ལས་པདྨ་ཞེས་པ་ནས། དབུ་བརྒྱན་གྱི་བར་གོང་བཞིན། རྟེན་ཅིང་འབྲེལ་འབྱུང་སོགས་ཀྱིས་མཆོད། མི་འཇིགས་ཐོགས་མེད་སོགས་ཀྱིས་བསྟོད་ཅིང་གསོལ་བ་བཏབ་ནས། མཎྜལ་དང༌། བུམ་པའི་ལྷ་ལ་དམིགས་ནས་བཟླས་པ་ཅི་འགྲུབ་བྱ། དེ་གཉིས་ལ་ཐུན་མོང་དུ་གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། གཟུངས་


TNT14_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རིང་གི་སྭཱཧཱའི་གོང་དུ། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཅུག་པ་ལན་ལྔས་མདུན་བསྐྱེད་བུམ་པ་གཉིས་ཆར་ལ་དམིགས་ནས་འབུལ། ཨརྒྷཾ་ལ་སོགས་པས་མཆོད། ཆོས་སྐུ་མཉམ་ཉིད་ངང་ལས་མ་གཡོས་ཀྱང༌། །མཐའ་ཡས་འགྲོ་བའི་སྡུག་བསྔལ་ཞི་བའི་ཕྱིར། །ཀླུ་འདུལ་བྱམས་པའི་རང་བཞིན་གཟུགས་སྐུར་བསྟན། །འཕགས་པ་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འདོད་དོན་གསོལ་བ་བཏབ། མཆོད་ཡོན་ཕུལ་བས་བུམ་ནང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བར་བསམ། བར་འདིར་རྒྱལ་ཆེན་བཞིའི་གཏོར་མ་གོང་བཞིན་བྱིན་གྱིས་བརླབས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཨོཾ་ཨེ་ཧྱེ་ཧི་ཙ་དུར་མཧཱ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་བརྗོད། ཨོཾ་དྷྲི་ཏ་རཥྟ་ཡ། བི་རུ་ཌྷ་ཀ་ཡ། བི་རུ་པཀྵ་ཡ། བཻ་ཤྲ་ཝ་ཎ་ཡ་ས་པ་རི་ཝཱ་ར་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་ནས། ག་ག་ན་ཁཾ་གྲྀཧྞེ་དཾ་བཱ་ལིང་ཏ་སྭཱཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། སྤྲོ་ན་རེ་རེའི་མཚན་སྔགས་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་སྦྱར་ལ་ལན་གསུམ་གསུམ་གྱིས་ཕུལ་ན་ཤིན་ཏུ་ལེགས་སོ། །ཙ་ཏུར་མཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །མར་གད་མདོག་ཅན་པི་ཝཾ་འཛིན། །དྲི་ཟའི་ཚོགས་ལ་དབང་བསྒྱུར་པའི། །ཡུལ་འཁོར་བསྲུང་ལ་ཕྱག་འཚལ་ལོ། །


TNT14_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་ཆེན་པོ་སྟོབས་པོ་ཆེ། ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་བའི། །འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ། །མངའ་བདག་ཆེན་པོ་མཐུ་བོ་ཆེ། ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་༴ མིག་མི་བཟང་ལ༴ དེད་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་༴ རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །དད་ལྡན་རྒྱལ་བའི་བཀའ་ཐོས་ཞལ་མཐོང་ཞིང༌། །སྒྲུབ་ལ་བརྩོན་པས་བྱང་ཆུབ་ཐུགས་སུ་ཆུད། །ཐབས་མཁས་སྙྀྀྀང་རྗེས་ཚོགས་གཉིས་རྫོགས་མཛད་པ། །བདག་དང་གཞན་དོན་འབྱོར་བ་ཁྱེད་ལ་འདུད། །རྒྱལ་ཆེན་སྡེ་བཞི་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ནས། ཀུན་འགྲུབ་ཤོག་གི་བར་གྱིས་ཕུལ། དེ་ནས་ཆ་གསུམ་གཏོར་མ་གཏོང༌། རྩི་སྨན་གྱི་བུམ་པ་ལ་དམིགས་ནས། ཨོཾ་དེ་བྱ་ཨ་མྲྀ་ཏེ་ན་པྲ་ཏཱིཙྪ་ན་མ་སྭཱཧཱ། ཞེས་པ་ཉེར་གཅིག་ཙམ་དང༌། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནཻ་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། ཞེས་ཅི་རིགས་པར་བཟླས་ལ་བྱིན་གྱིས་བརླབས། མཐེབ་སྐྱུ་དང་གཟུགས་འགྲོས་ལ་རྒྱས་པར་ན་སྔགས་དྲུག་ཕྱག་རྒྱ་དྲུག་དང༌། བསྡུ་ན། ན་མཿསརྦ་ཏཱ་ཐ་ག་ཏ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་ལན་གསུམ་གསུམ་དང༌། ཁ་འབར་མའི་སྔགས་གསུམ་གསུམ་གྱིས་བྱིན་གྱིས་བརླབས། ཀླུའི་མཆོད་པ་བྱིན་རླབས་ཀྱང་སྤྱི་དང་མཐུན་པར་བྱས་ལ། མཎྜལ་དང་རྟེན་གཏོར་བསངས་སྦྱངས། སྟོང་པའི་ངང་ལས་ཆུའི་དཀྱིལ་འཁོར་གྱི་དབུས་


TNT14_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་གཞལ་མེད་ཁང་གི་ནང་དུ་པདྨ་དཀར་པོའི་ལྟེ་བར་བཾ་དང༌། འདབ་མ་བརྒྱད་ལ་ནཾ་ཡིག་རྣམས་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། དབུས་སུ་ཆུ་བདག་ཝ་རུ་ཎ། ཤར་དུ་སྟོབས་ཀྱི་རྒྱུ། ཤར་ལྷོར་པདྨ། ལྷོ་རུ་ནོར་རྒྱས། ལྷོ་ནུབ་ཏུ་དུང་སྐྱོང༌། ནུབ་ཏུ་འཇོག་པོ། ནུབ་བྱང་དུ་པདྨ་ཆེན་པོ། བྱང་དུ་མཐའ་ཡས། བྱང་ཤར་དུ་རིགས་ལྡན། ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་ལྷའི་ལུས་ཅན། ཕྱག་གཉིས་ཐལ་མོ་སྦྱར་བ། སྦྲུལ་མགོ་བདུན་གྱི་གདེང་ཀ་དང་སྦྲུལ་མཇུག་འཁྱིལ་བ། དར་དང་རིན་པོ་ཆེས་བརྒྱན་པའོ། །གནས་གསུམ་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཀླུའི་རྒྱལ་པོ་རྣམས་འཁོར་དང་བཅས་པ་ཨེ་ཧྱེ་ཧི་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ས་མ་ཛཿ ཞེས་ལན་གསུམ་འདོད་རྒྱལ་གྱིས་ཕྱག་རྒྱས་བཀུག ཛཿཧཱུཾ་བཾ་ཧོཿ རང་གི་ཐུགས་ཀ་ནས་སྤྲུལ་པའི་དབང་གི་ལྷ་རྣམས་ཀྱིས་དབང་བསྐུར་ཏེ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་ནི། རྟེན་ཅིང་འབྲེལ་འབྱུང་མའི་ཚིགས་བཅད་ལ། ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །ཞེས་འདོན་པ་སྤོ། སྔགས་ཀྱི་སྐབས། །ཨོཾ་ཝ་རུ་ཎ། པདྨ། ཀརྐོ་ཊ། བ་སུ་ཀི །ཤངྐ་པཱ་ལ། ཏཀྵ་ཀ མཧཱ་པདྨ། ཀུ་ལི་ཀ ཨ་ནནྟ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་སྦྱར་ལ་རོལ་མོའི་བར་དུ་འབུལ། ཡང་སྔགས་དེ་ཉིད་ལ། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ། གདེངས་ཀ་ནོར་བུ་འབར་བའི་འོད་


TNT14_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི། །ས་འོག་མུན་པ་ཐམས་ཅད་སེལ་མཛད་ཅིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་བསྟོད་པ་འབུལ། །མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། །བདག་དང་བསྒྲུབ་བྱ་འཁོར་བཅས་ལ། །ནད་མེད་ཚེ་དང་སོགས་འདོད་དོན་གསོལ་བ་བཏབ། བར་འདིར་ཀླུ་གཏོར་གྱི་རིགས་ཤེས་ཚད་བཏང་བས་ཀྱང་ལེགས་པར་འགྱུར་རོ། །གསུམ་པ་གདོན་གྱི་བྱ་བ་ལ། བྲིས་སྐུ་དང་རྟེན་གསུམ་ཡོད་ན་ཁྲུས་གསོལ་སྤྱི་དང་མཐུན་ལ་རྒྱས་བསྡུས་གང་རིགས་ཤིག་བྱ། སྐུ་ཁྲུས་གསོལ་བའི་ཁྲུས་ཆུ་དེ་ཡང་བུམ་པར་བླུག་ལ་བཞག །རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུའི་ཚོགས་དང༌། འདོད་པའི་རྒྱལ་པོ་སོགས་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ། ས་བདག་ཀླུ་གཉན་གྱི་རིགས་ཐམས་ཅད་དང༌། ཁྱད་པར་དུ་བསྒྲུབ་བྱ་ལ་གནོད་ཅིང་ལན་ཆགས་པའི་ས་བདག་ཀླུ་གཉན་སོགས་གདོན་ཐམས་ཅད་གནོད་སེམས་ཞི་སྟེ་ཕན་པ་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ། གནས་འདི་ཉིད་དུ་བཀུག་ཅིང་འོངས་པར་གྱུར། འདོད་རྒྱལ་གྱི་ཕྱག་རྒྱ་བཅས་ལ། བདེན་བརྡར་རྒྱས་བསྡུས་ཅི་རིགས་པ་བརྗོད་ལ། བདེན་པ་དང་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ས་བདག་ཀླུ་གཉན་གྱི་གདོན་ཐམས་ཅད་དང༌། ཁྱད་པར་དུ་ཡང་བསྒྲུབ་བྱ་འདི་ཞེས་བྱ་བ་ལ་གནོད་ཅིང་ལན་ཆགས་པ་དང་ཤ་འཁོན་གཉེར་བའི་རིགས་སུ་གྱུར་པ་ཐམས་ཅད་ཞི་བའི་སེམས་དང་ལྡན་པས་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་མཆོད་པའི་གནས་འདིར་མཆིས་པར་གྱུར་ཅིག ཡི་དམ་གྱི་སྙིང་


TNT14_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཐར། ཨོཾ་སརྦ་ནཱ་ག་ནཱཾ་ནཱ་གི་ནི་ནཾ། ནཱ་ག་ཀུ་ལ་ནཾ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཊཀྐི་ཧཱུཾ་ཛཿ ཞེས་ལན་གསུམ་མམ། ལྔའམ། བདུན་ལ་སོགས་པས་དགུག །ད་དུང་ཞེ་གནན་པ་རྣམས་མི་ཁུགས་པ་སྲིད་པས། རང་གི་སྙིང་ག་ནས་རྡོ་རྗེ་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་བཀུག་པར་གྱུར། ཨོཾ་ཙུ་རུ་ཀུནྡ་ཙུ་རུ་ཀུནྡ་སརྦ་ནཱ་ག་ཨཱ་ཀརྵ་ཡ་ཧཱུཾ་ཛཿ ཞེས་པ་ལན་ཉི་ཤུ་རྩ་གཅིག་གིས་དགུག སརྦ་ནཱ་ག་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་སྟྭཾ། གྱིས་དམ་ལ་བཞག བང་རིམ་འོག་མའི་གཟུགས་འགྲོས་རྣམས་ལ་ཐིམ་པས་དེ་རྣམས་དངོས་སུ་གྱུར། སརྦ་ནཱ་ག་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བྷྱཿ ཞེས་པ་ཐམས་ཅད་ཀྱི་མགོར་སྦྱར་ཏེ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་གཏོར་མ་ཕུལ། ས་བདག་ཀླུ་གཉན་ལ་སོགས་པའི་གདོན་ཐམས་ཅད་དང༌། བསྒྲུབ་བྱ་འདི་ཞེས་བྱ་བ་ལ་གནོད་ཅིང་ལན་ཆགས་པ་དང་ཤ་འཁོན་རིགས་རྣམས་མཆོད་གཏོར་རྒྱ་ཆེན་པོ་འདིས་ཚིམ་པར་མཛོད་ལ། ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས། བསྒྲུབ་བྱ་འདི་ཞེས་བྱ་བའི་ནད་གདོན་སྡུག་བསྔལ་མི་འདོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་གོང་བཞིན་འདོད་དོན་གསོལ་བ་བཏབ། སླར་ཡང་མེ་ལོང་ལ་ཀླུ་རྣམས་ཀྱི་གཟུགས་འཆར་བར་བྱས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་སོགས་ཀྱི་མཐར་གཟུང་སྔགས་དང་སྙིང་པོ་ལན་གསུམ་གྱིས་མཐར།


TNT14_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་ཀླུ་གཉན་རྣམས་ཀྱིས་སྡིག་སྒྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། ནད་ཐམས་ཅད༴ ཡན་ལག་ཉམས་པ་ཐམས་ཅད༴ དབང་པོ་ཉམས་པ་ཐམས་ཅད༴ ལོངས་སྤྱོད་ཉམས་པ་ཐམས་ཅད༴ གནས་ཁང་ཉམས་པ་ཐམས་ཅད༴ འཁོར་གཡོག་དང་ནོར་ཉམས་པ་ཐམས་ཅད༴ གནད་དུ་ཕོག་པ་ཐམས་ཅད༴ ལུས་སེམས་ལ་སྡུག་བསྔལ་བར་གྱུར་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བཀྲུ། ཤནྟིཾ་ཀུ་རུའི་གནས་སུ། ཨ་པཱ་ན་ཡ་བཅུག་པས་བྱབས། དེ་ནས་སྣོད་གཙང་མ་ཞིག་ཏུ་སྔར་གྱི་གཟུགས་འགྲོས་ཅི་རིགས་པ་དང༌། མཐེབ་སྐྱུ་ཅི་རིགས་པ་བཅུག །འོ་མའི་བུམ་པ་དང༌། རྩི་སྨན་ནས་བླུག་ནམ་མཁའ་མཛོད་ཀྱི་སྔགས་བརྗོད་ཅིང་བསྒྲུབ་བྱའི་ལུས་ལ་གཡས་བསྐོར་དུ་བསྐོར། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་དང༌། ས་བདག་ཀླུ་གཉན་ལ་སོགས་པ་གདོན་གྱི་ཚོགས་རྣམས་དང༌། ཁྱད་པར་དུ་ཡང་བསྒྲུབ་བྱ་འདི་ཞེས་བྱ་བ་ལ་གནོད་ཅིང་ལན་ཆགས་པ་དང༌། ཤ་མཁོན་གཉེར་བའི་རིགས་རྣམས་གཟུགས་བརྙན་སྣ་ཚོགས་པའི་གླུད་གཟུགས་འདི་དག་དང༌། སྨན་དང་གཏོར་མ་དང་མཆོད་ཡོན་རྒྱ་ཆེན་པོ་འདི་དག་འབུལ་བས། ལན་ཆགས་བྱང་བུ་ལོན་ཁྱེར། མཁོན་རྣམས་ཞི་སྟེ། གནོད་པའི་བསམ་སྦྱོར་མ་ལུས་པ་སྤངས་ཏེ། ཕན་པ་དང་བདེ་བ་སྒྲུབ་པའི་འཕྲིན་ལས་མཛད་དུ་གསོལ། །ཞེས་བརྗོད་ནས་ཀླུའི་རྟེན་གཏོར་གྱི་སྣོད་དེར་བླུག །ཚུལ་དེས་ལན་བདུན་ནམ་བཅུ་གཅིག་གམ་ཉི་ཤུ་རྩ་གཅིག་གང་རུང་ལ་གཟུགས་འགྲོས་དང་མཐེབ་སྐྱ་རྫོགས་པར་བྱེད། རྩི་སྨན་ལྷག་མ་ཅུང་ཟད་


TNT14_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འོང་བར་བྱ། དེའི་ཕྱེད་གནོད་བྱེད་རྣམས་ལ་དབང་བསྐུར་བའི་ཚུལ་གྱིས། ཇི་ལྟར་བལྟམས་པ་སོགས་དང༌། ཡི་དམ་གྱི་སྙིང་པོ་དང་རྩ་སྔགས་དང༌། ཨོཾ་ཝ་རུ་ཎ་པདྨ་ཀརྐོ་ཊ་ཞེས་པ་ནས། ཀུ་ལི་ཀ་ཨ་ནནྡ་ཡ་སྭཱཧཱ། ཞེས་ཀླུ་དགུའི་སྔགས་དང༌། ཨོཾ་ཨིནྡྲ་ཡ་ཞེས་པ་ནས། ཨ་དྷོ་པྲི་ཐི་ཝི་སྭཱཧཱ། ཞེས་པའི་བར་ཆ་གསུམ་གྱི་ཕྱོགས་སྐྱོང་གི་མཚན་སྔགས་ལྟར་བརྗོད་ནས། སརྦ་ནཱ་ག་དུ་ཁ་པྲ་ཤ་མ་ན་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་ཅིང༌། ཀླུའི་རྟེན་གཏོར་གྱི་མཐའ་ལ་རྩི་སྨན་ལྡུགས། དེ་འདྲ་ལན་གསུམ་བྱ། འདིས་ཀླུའི་ནད་གདོན་རྩ་བ་ནས་དག་པར་འགྱུར་བ་ཡིན། སླར་མི་ལྡོག་པའི་དོན་དུ་ཤནྟིཾ་ཀུ་རུའི་གནས་སུ་རཀྵ་རཀྵ་བཅུག་ལ་རྡོ་རྗེ་རྒྱ་གྲམ་འཇོག་ཚུལ་བྱས་པས་བསྲུང་བའོ། །དེ་ནས་སྣོད་གཅིག་ཏུ་གླུད་གཟུགས་བཅུག་ལ། དེའི་མགོ་སྟེང་དུ་བསྒྲུབ་བྱ་ཁྲུས་བྱས་པའི་ཁྲུས་ཁུ་འདོར་དུ་བཅུག །བྱབས་པ་ཡང་དེ་ལ་བྱ་སྟེ། བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དེ་ལ་ཐིམ་པར་མོས་སུ་གཞུག །བཀྲུ་བྱབས་ཀྱི་ངག་འདོན་ཡི་དམ་གྱི་སྔགས་འདོན་པ་སྤོ་བ་མ་གཏོགས་ཚེ་ཆོག་དང་འདྲ། གླུད་གཟུགས་ཁྲུས་ཁུ་དང་བཅས་པ་དེ། ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པའི་སྐྱེས་བུའི་ལུས་སུ་གྱུར། ནམ་མཁའ་མཛོད་ཀྱི་སྔགས་བརྒྱ་ལན་གསུམ་གྱིས་གནོད་བྱེད་ཀླུ་རྣམས་ལ་ཕུལ་བར་བསམ། ཀླུ་གཏོར་གྱི་མདུན་དུ་བཞག །དེ་ནས་བསྒྲུབ་བྱ་ལ་བསྲུང་བ་བྱ་སྟེ་བཀྲུ་བྱབས་ཀྱི་རིགས་འགྲེ། དེ་ནས་སྔར་གྱི་རྩི་སྨན་གྱི་འཕྲོས་དེ་འགྲོ་ཕྱོགས་སུ་གཏོར་ཏེ། ཆུ་བདག་ཆེན་པོ་ཝ་རུ་ཎ། །སྟོབས་ཀྱི་རྒྱུ་དང་པདྨ་དང༌། །ནོར་རྒྱས་དུང་སྐྱོང་འཇོག་པོ་དང༌། །པད་ཆེན་མཐའ་ཡས་རིགས་


TNT14_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྣམས། །རིགས་བཞི་གདུག་པའི་ཚོགས་བཅས་དང༌། །གཞན་ཡང་གདོལ་པའི་རིགས་རྣམས་དང༌། ཁྱད་པར་བསྒྲུབ་བྱ་འདི་ཉིད་ལ། །གནོད་པར་བྱེད་པའི་ཀླུ་གཉན་དང༌། །ས་བདག་གདོན་གྱི་ཚོགས་ཐམས་ཅད། །མཆོད་པ་རྒྱ་ཆེན་དཔག་མེད་དང༌། །དམ་རྫས་ཀུན་གྱི་བསྐོང་ཟིན་གྱིས། །གནོད་པའི་བསམ་པ་ཞི་བར་མཛོད། །ཐམས་ཅད་དགེས་ཤིང་ཚིམ་བྱས་ནས། །རང་གི་དམ་ཚིག་ལ་གནས་ཏེ། །འདི་ལ་བདེ་ལེགས་མཛད་པ་དང༌། །སོ་སོའི་གནས་སུ་འགྲོ་བར་གྱིས། །བཅིངས་པ་ཐམས་ཅད་གྲོལ་བར་གྱིས། །བཟུང་བ་ཐམས་ཅད་བཏང་བར་མཛོད། །ནད་དང་གནོད་པ་ཞི་བ་དང༌། །ཚེ་དང་བསོད་ནམས་སྟོབས་རྒྱས་མཛོད། །གལ་ཏེ་བཀའ་ལས་འདས་གྱུར་ན། ཁྱེད་རྣམས་དམོད་པས་ཉམས་པར་འགྱུར། །ཅི་སྟེ་ཕན་པའི་སེམས་ལྡན་ན། །བླ་མེད་བདེ་བའི་གནས་ཐོབ་ཤོག །ཅེས་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་ནས་ཀླུའི་རྟེན་གཏོར་དང་མཆོད་གཏོར་སྦྲགས་པ་གཙང་སྦྲ་དང་བཅས་ཏེ་རབ་ཏུ་མཚོའམ་ཆུ་བོ་ཆེན་པོར་སྐྱེལ། དེ་དག་ཐག་རིང་ན་ཆུ་ཕྲན་རྫིང་བུ་ཆུ་མིག་སོགས་སུ་སྐྱེལ། ཐང་སྟོང་དུ་ས་དོང་བྲུས་ནས་སྦས་ཀྱང་རོང་ངོ༌། །ལམ་གྱི་བཞི་མདོར་བསྐྱུར་བ་དང༌། བྱ་རོག་དང་ཁྱིས་ཟ་བ་སོགས་མི་ལེགས་པར་བཞེད་དོ། །དེ་ནས་བསྒྲུབ་བྱ་དེ་རས་དཀར་སོགས་སྟན་གསར་པ་ལ་འབྲུ་དཀར་གཏོར་བ་ལ་བཞག གང་ལ་སེར་སྣ་རྣམས་ཆགས་པ་སོགས་དང༌། གཞན་ཡང་བཀྲ་ཤིས་ཅི་རིགས་པར་བརྗོད། གཙང་སྦྲ་ཅན་གྱི་དགའ་


TNT14_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་བྱའོ། །བཞི་པ་རྗེས་ཀྱི་བྱ་བ་ནི། དེ་ནས་ཡིག་བརྒྱ་ལན་གསུམ་བཟླ། མ་འབྱོར་བ་དང་སོགས། དེ་ནས་ཀླུའི་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་པ་ཡིན་ན། ཨོཾ་སརྦ་ནཱ་ག་བཛྲ་མུཿ ཞེས་གཤེགས་སུ་གསོལ་ནས་དཀྱིལ་འཁོར་བསྡུའོ། །རས་བྲིས་ཡིན་ན་གཤེགས་སུ་མི་གསོལ་བར། སུ་པྲ་ཏིཥྛས་བརྟན་བཞུགས་བྱས་ནས་སྒྲིལ། དེ་ནས་ཡི་དམ་གྱི་གཏོར་མ་ཁང་ཐོག་ཏུ་སྐྱལ་ལ། མཆོད་པ་ཁ་གསོས། མཆོད་པ་བྱིན་རླབས། མཆོད་བསྟོད་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ། ཚོམ་བུ་ཡིན་ན་གཤེགས་གསོལ། བྲིས་སྐུ་སོགས་ལ་བརྟན་བཞུགས། རང་གི་གནས་གསུམ་བྱིན་གྱིས་བརླབས་པ་སོགས་བསྲུང་བ་རྣམས་དྲན་པར་བྱ། བུམ་ཆུས་བཀྲུ་བ་སོགས་རང་ལའང་བཀྲུ་བྱབས་སྲུང་གསུམ་བྱེད་པ་དང༌། སྨོན་ལམ་དང་བཀྲ་ཤིས་རྣམས་བྱས་ཏེ་ཆོ་ག་གཞན་གྱིས་རིགས་འགྲེའོ། །དེའི་ཉིན་མོ་རབ་ཏུ་ལུས་རིལ་པོ་བཀྲུ། དེ་མིན་ཡང་གདོང་དང་ཁ་ལག་བཀྲུ། ཁྱད་པར་བཟའ་བཏུང་གི་རྗེས་སུ་ཁ་ལག་འཕྲལ་འཕྲལ་འཁྲུད། དཀར་རྡོར་བྱེད་པ་གལ་ཆེ། མ་མཐའ་ཡང་ཆོ་ག་ཧྲིལ་མ་སོང་བ་ལ་དེ་རྣམས་མི་བྱ་བའི་ཐབས་མེད། སེངྒེ་སྒྲའི་བསྙེན་པ་རྒྱས་པའམ། མ་མཐའ་ཡང་སྙིང་པོ་ལ་ཞག་བདུན་མ་གཅིག་སོང་ན། བྱིན་རླབས་ཡིད་ཆེས་རྟགས་ཐོན་མ་རང་ཡོང་ངེས་སོ། །ཞེས་པ་འདི་ཡང་དད་ལྡན་ཀུན་ཆོས་པའི་དོན་དུ། ཆོ་ག་ཟོར་ཡངས་པའི་བྱ་བ་གཙོ་བོར་སྟོན་ཏོ། །ཏཱ་ར་ནཱ་ཐས་སྨྲས་པའོ། །མངྒ་ལཾ། ཞུས་དག།


TNT14_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཤོར་སྟོང་།


previousགདོན་འགྲོལ་གྱི་ཆོ་ག་ཤིན་ཏུ་བསྡུས་པ།next