Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
གཏོར་མ་བརྒྱ་རྩའི་ངག་འདོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོར་མ་བརྒྱ་རྩའི་ངག་འདོན།next

གཏོར་མ་བརྒྱ་རྩའི་ངག་འདོན།


TNT14_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བརྒྱ་རྩའི་ངག་འདོན་བཞུགས་སོ། །


TNT14_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མགྲོན་ཐམས་ཅད་བཛྲ་ས་མཱ་ཛཿ ན་མོ་བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདིར་རུ། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་ལ། །སྤྱན་འདྲེན་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །རྒྱལ་བ་སྲས་བཅས་རང་


TNT14_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཉན་ཐོས་དང༌། །ལྷ་སྲིན་སྡེ་བརྒྱད་འགྲོ་དྲུག་སེམས་ཅན་རྣམས། །བགེགས་རྣམས་གཏན་པ་མེད་པའི་མཆོད་སྦྱིན་ལ། །སྤྱན་འདྲེན་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཡོ་བྱད་ཚོགས་ཤིང་ལག་ལེན་ལྟར་བཤམས་ལ། ཐམས་ཅད་སྤྱི་མཐུན་དུ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོཧཾ། གིས་སྟོང་པར་སྦྱངས། ཟན་བཅུ་ཆུས་སྦྱངས་ལ། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཞེས་ལན་ཉེར་གཅིག་བརྗོད། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་འཕགས་པའི་ཚོགས་དང་བཅས་པ་རྣམས་


TNT14_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབུལ་ལོ། །བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་དང་བཅས་པས་གཙོ་བྱས་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱདྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་ཏྱེ་ཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། བཞི་པ་ཡན་ཆད་ལ་སྔགས་ཉེར་གཅིག་རེས་བསྔོ་བ་དང༌། དེ་མན་ཆད་ལ་བདུན་བདུན་བསྔོ། ཐོག་མར་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པ་དང༌། བཞི་པ་ཡན་ཆད་ལ་ཨརྒྷཾ་ལ་སོགས་པའི་མཆོད་པ་ཡང་གོང་གིས་རིགས་འགྲེ་བར་བྱས་ནས། ཁྱད་པར་སོ་སོ་ལ་གཉིས་པ་ནི། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ་སྟེ། དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་དང༌། རྡོ་རྗེ་ནག་པོ་ཆེན་པོ་དང༌། དཔལ་ལྷ་མོ་འཁོར་དང་བཅས་པ་རྣམས་དང༌། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། ཕྱོགས་སྐྱོང་བཅུ། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་དགུ། རྒྱལ་པོ་ཆེན་པོ་སྡེ་བཞི་སྟེ། དཔལ་གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་རྣམས་དང༌། ལག་ན་རྡོ་རྗེ་ལྔ་བརྒྱ་ལ་སོགས་ཏེ་དཀར་ཕྱོགས་སྐྱོང་བ་ཁྱད་པར་ཅན་བསྟན་པ་ལ་མངོན་པར་དགའ་


TNT14_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྷ་ཀླུ་འབྱུང་པོའི་ཚོགས་ཐམས་ཅད་ལ་དབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། བདག་ཅག་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། གསུམ་པ་ནི། རིག་པ་འཛིན་པའི་ས་ལ་གནས་པ་རྣམས་དང༌། དགེ་སྦྱོང་དང༌། བྲམ་ཟེ་དང༌། ལྷའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ངག་ཚིག་གི་མཐུ་གྲུབ་པ་རྣམས་ལ་དབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་ལ་བདེ་སྐྱིད་འཕེལ་བ་དང༌། བདག་ཅག་ལ་འགལ་རྐྱེན་ཞི་བ་དང༌། མཐུ་རྐྱེན་འགྲུབ་པའི་སྨོན་ལམ་བཟང་པོ་གདབ་ཏུ་གསོལ། བཞི་པ་ནི། བདག་ཅག་འགྲོ་བ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་ལྷ་དང༌། རྣམ་ཐོས་སྲས་ལ་སོགས་པ་ནོར་ལྷའི་ཚོགས་རྣམས་དང༌། བསྲུང་སྐྱོབ་མཛད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་དབུལ་ལོ། །ནད་དང་དབུལ་འཕོངས་ཞི་ཞིང༌། འཇིགས་པ་ལས་བསྐྱབ་པ་དང༌། ཚེ་དང་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། འདི་མན་ཆད་ལ་ཨརྒྷཾ་ལ་སོགས་པ་མཆོད་པའི་དོད་དུ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ་ཕྱག་


TNT14_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ཞེས་བརྗོད་དགོས་ཤིང༌། ལྔ་པ་ནི། རྡོ་རྗེ་གདན་གྱིས་གཙོ་བྱས་འཛམ་བུའི་གླིང་གི་གཞི་བདག་རྣམས་དང༌། ཁྱད་པར་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། སྒོས་ཡུལ་ཕྱོགས་འདི་ཉིད་ལ་གནས་པའི་གཞི་བདག་རྣམས་ཀྱིས་གཙོ་བྱས་པའི། སྡེ་བརྒྱད་མཐུ་བོ་ཆེ་ཐམས་ཅད་ལ་དབུལ་ལོ། །འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་འབེབ་པ་དང༌། ནད་དང་མུ་གེ་དང་འཁྲུག་པ་རྣམས་ཞི་བ་དང༌། ཁྱད་པར་དུ་བདག་ཅག་གི་མཐུན་རྐྱེན་སྒྲུབ་པའི་གནས་པོ་བཟང་པོ་མཛད་དུ་གསོལ། དྲུག་པ་ནི། གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་ནོར་བུ་བཟང་པོ་དང༌། འབྲོག་གནས་མཆེད་ལྔ་དང༌། ཕྱོགས་མཚམས་བསྲུང་བ་ཉི་ཤུ་རྩ་བརྒྱད། སྟོབས་ཆེན་སུམ་ཅུ་རྩ་གཉིས། འཕྲོག་མ་བུ་ལྔ་བརྒྱ་དང་བཅས་པ་སོགས་གནོད་སྦྱིན་མཐུ་བོ་ཆེ་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །སེམས་ཅན་ལ་གནོད་ཚེའི་བསམ་པ་ཞི་བ་དང༌། བདག་ཅག་ལ་བར་ཆད་བསྲུང་ཞིང༌། བསམ་དོན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བདུན་པ་ནི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ནད་བདག་རིམས་བདག་ལ་སོགས་པ་གནོད་སྦྱིན་ཐམས་ཅད་ལ་སྦྱིན་ནོ། །དེང་ཕྱིན་ཆད་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བ་


TNT14_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གཞན་ཕན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་གྱུར་ཅིག །བདག་ཅག་ལ་ཕན་སེམས་མཆོག་དང་ལྡན་པར་གྱུར་ཅིག བརྒྱད་པ་ནི། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །རིགས་དྲུག་སོ་སོའི་ལན་ཆགས་བུ་ལོན་བྱང་ཞིང༌། སྡུག་བསྔལ་མཐའ་དག་དང་བྲལ་ནས། ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིག དགུ་པ་ནི། ཡི་དྭགས་ཀྱི་གཙོ་མོ་ཁ་ལ་མེ་འབར་མ་ལ་སོགས་ཏེ་ཡི་དྭགས་ཀྱི་ཚོགས་ཐམས་ཅད་ལ་སྦྱིན་ནོ། །སོ་སོའི་མདུན་དུ་ཟས་སྐོམ་བདུན་རྩིའི་ཆར་ཆེན་པོ་བབས་ནས། བདེ་བར་ལོངས་སྤྱོད་པས་ཚིམ་པར་གྱུར་ཅིག །སེར་སྣའི་སྡིག་སྒྲིབ་བྱང་ཞིང་དབུལ་འཕོངས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག བཅུ་པ་ནི། བདག་ཅག་ལ་ཚེ་རབས་སྔ་མ་ནས་ལན་ཆགས་པའི་མགྲོན་བུ་ལོན་མ་ཁྱེར་བ་དང་ཚེ་འདིར་ཡང་ཐུགས་ཟུར་དང༌། སྐུ་ཟུར་དང་སྤྱན་ཟུར་ལ་ཕོག་པ་རྣམས་དང༌། གནོད་བྱེད་ཀྱི་གདོན་ངོས་མ་ཟིན་པ་རྣམས་ལ་སྦྱིན་ནོ། །ལན་ཆགས་བྱང་ཞིང་བུ་ལོན་ཁྱེར་བར་གྱུར་ཅིག ཁྱེད་རྣམས་གཏོར་མ་འདིས་ཚིམ་ཞིང༌། རེ་བ་ཐམས་ཅད་སྐོངས་བར་གྱུར་ཅིག བཅུ་གཅིག་པ་ནི། མདང་ད་ནང་བསད་པ་ཤི་བ་ད་ལྟ་སྲིད་པ་བར་དོར་


TNT14_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱམས་པའི་བར་དོའི་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །བར་དོའི་འཇིགས་པ་ལས་གྲོལ་ནས། ལོངས་སྤྱོད་རྫོགས་པའི་སྐུ་མྱུར་དུ་ཐོབ་པར་གྱུར་ཅིག བཅུ་གཉིས་པ་ནི། མ་ཐོབ་པ་མ་སླེབ་པ་ཁས་ཞན་ཅིང་དབང་ཆུང་བ། ལྷག་མ་ལ་དབང་བ་རྣམས་དང༌། གློ་བུར་དུ་ལྷག་པ་རྣམས་ལ་སྦྱིན་ནོ། །སོ་སོར་ཟས་སྐོམ་གྱིས་ཚིམ་པ་དང༌། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག པཾ་ཨཿཧྲཱིཿཧཱུཾ། བདག་ཉིད་འཕགས་པ་སྤྱན་རས་གཟིགས་སུ་གྱུར། འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམས་བྱས་ནས། ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག མ་ཎི་ཉེར་གཅིག་དང༌། ཨོཾ་ཨཱཿཧྲཱིཿཧཱུཾ། ཞེས་ཆུ་སྦྱིན། ཨོཾ་ཛྭ་ལ་མི་དཾ་སརྦ་པྲེ་ཏ་བྷྱཿསྭཱཧཱ། ས་གཙང་སར་ཆུ་བླུགས། སེ་གོལ་གཅིག་གཏོགས། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང༌། །སེམས་ཅན་ཀུན་ལ་ཕན་བཏགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཆོས་རྣམས་གང་དག་ནས།


TNT14_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་གྲོལ་གྱི་བར་དང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། ཁམས་གསུམ་དག་པའི་ཞིང༌། །སྲིད་གསུམ་སྙིང་རྗེའི་མགྲོན། །མ་ལུས་ཁྱབ་པའི་རྫས། །ཆོས་ཉིད་རྟོགས་པའི་མཐུས། །མི་ཟད་གཏེར་དུ་བསྔོ། །གཏོར་མ་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །བསོད་ནམས་འདི་ཡིས་སོགས། དགེ་བ་བསྔོ། ཨོཾ་བཛྲ་མུཿ ཡེ་ཤེས་པ་རྣམས་གཤེགས། མཆོད་སྦྱིན་གནས་འདིར་གང་ལྷགས་པ། །འབྱུང་པོ་ས་འོག་རྒྱུ་བ་དང༌། །གང་ཡང་ས་སྟེང་འཁོད་པ་དང༌། །ས་བླར་འཁོད་པ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐམས་ཅད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪ། སརྦ་པྲེ་ཏ་གཙྪ། སརྦ་བིགྷྣཱན་གཙྪ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་སྨོན་ལམ་དང་བཀྲ་ཤིས་གང་འོས་བྱ།། །།གཏོར་མ་བརྒྱ་རྩའི་ངག་འདོན་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །བཀྲ་ཤིས། ཞུས་དག། ༈ ཨོཾ་སྭཱ་


TNT14_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྟི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བསུར་གྱི་ལག་ལེན་འདོད་པས། སྐྱབས་སེམས་སྔོན་དུ་བཏང་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་བསུར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་བྱུང་བའི་བསུར་ལྷ་རྫས་ལས་གྲུབ་པ། ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུཾ། གསུམ་བརྗོད་ལ། ཨོཾ་ཨ་ས་པྲ་ཏི་སུ་ར་ཕུག་པ་སྭཱཧཱ། ཞེས་ལན་བདུན། ན་མཿསརྦ་ཏ་ཐཱ་ག་ཏ་ཨཱ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་བརྗོད་ནས། དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །བརྗོད་ལ། བསུར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། དྲི་ཟའི་རྒྱལ་པོ་རབ་དགའ་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ལ་སོགས་པ་དྲི་ཟ་ཞིང་དྲི་ལ་ལོངས་སྤྱོད་པའི་རིགས་སུ་གཏོགས་པ་རྣམས་ལ་འབུལ་ལོ། །དྲིའི་འདོད་པས་ཚིམ་ནས་གནོད་འཚེ་མེད་ཅིང་གཞན་ཕན་བྱང་ཆུབ་ཀྱི་


TNT14_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་ལྡན་པར་གྱུར་ཅིག །གཞན་ཡང་སེམས་ཅན་མདང་ད་ནང་ཤི་བ་བསད་པ། ལྕེབས་པ་སྲིད་པ་བར་དོ་ན་གནས་པ། ལུས་སྔ་ལུས་བོར་ནས། ཕྱི་ལུས་མ་ལོན་པ་རིག་པ་གཏད་མེད་དུ་འཁྱམས་པ། བར་དོའི་སྡུག་བསྔལ་གྱིས་གཟིར་བ་རྣམས་ལ་བསྔོའོ། །བར་དོར་བཟའ་བཏུང་ལོངས་སྤྱོད་ཆར་བཞིན་བབས་ནས་ལུས་གཟུགས་སྐུ་རྣམ་གཉིས་དང༌། སེམས་ཆོས་སྐུར་མངོན་པར་རྫོགས་པར་སངས་རྒྱ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱ་བར་གྱུར་ཅིག །ངན་སོང་སྡུག་བསྔལ་མ་མྱོང་ཞིང༌། །དཀའ་བ་སྤྱད་པ་མེད་པ་ཡང༌། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་ཡི་སངས་རྒྱས་མྱུར་ཐོབ་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་སོགས་བརྗོད་ཅེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ། །དགེ་ལེགས་འཕེལ། ཞུས་དག །


previousགཏོར་མ་བརྒྱ་རྩའི་ངག་འདོན།next