Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏོར་མ་ཆེན་པོའི་ཆོ་ག་བར་ཆད་ཀུན་སེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོར་མ་ཆེན་པོའི་ཆོ་ག་བར་ཆད་ཀུན་སེལ།next

གཏོར་མ་ཆེན་པོའི་ཆོ་ག་བར་ཆད་ཀུན་སེལ།


TNT14_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཆེན་པོའི་ཆོ་ག་བར་ཆད་ཀུན་སེལ་བཞུགས་སོ། །


TNT14_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འདིའི་ལོ་རྒྱུས་ནི། བླ་མ་བ་རི་བས་བལ་ཡུལ་དུ་བྱོན་ནས། པཎྜི་ཏ་ཞིག་སྤྱན་དྲངས་ནས་བྱོན་པ་དང༌། གསེར་མེད་ནས་པུ་ཧྲངས་སུ་ཕྱིན་ནས་བཙད་པོ་རྩེ་སྡེ་དང་མཇལ་ནས། རྒྱལ་པོ་ལ་དབང་བསྐུར་བྱས། ཆོས་བཤད་པས་རྒྱལ་པོས་གསེར་སྲང་བརྒྱ་ཕུལ་སྐད། དེ་རྣམས་པཎྜི་ཏས་ཚགས་བྱས་ནས་བླ་མས་བདག་ལ་བག་ཙམ་ཞིག་གནང་བ་ཞུ་བྱས་པས། མ་ཕྱིན་པར་སླར་ཡང་རྒོལ་བ་དང་ཁྲོ་བ་ལ་སོགས་པ་བྱེད་དུ་བྱུང་བས། ཤིན་ཏུ་སུན་ཏེ་པཎྜི་ཏ་བལ་ཡུལ་དུ་སྐྱེལ་དུ་ཕྱིན་སྐད། དེ་ནས་བལ་ཡུལ་དུ་སླེབ་པའི་ལམ་དུ་མུ་སྟེགས་ཀྱི་པཎྜི་ཏ་གཅིག་དང་འཕྲད་ནས། ཁོ་ན་རེ། ཁྱོད་ཀྱི་ང་ཡི་ལོ་ཙཱ་བ་གྱིས་ལ་བོད་དུ་འགྲོ་དགོས་ཟེར་ནས་བྱུང་སྐད། དེ་ལ་བླ་མས་མི་བྱེད་བྱས་པས། ཁོ་ན་རེ་ངས་མུ་སྟེགས་ཀྱི་ཆོས་མི་འཆད་པར། སངས་རྒྱས་པའི་ཆོས་བཤད་ཟེར་ཀྱང་བླ་མས་མ་གསན་པས། ཁོ་ན་རེ། ཁྱོད་ལ་མཐུ་བྱེད་ཟེར་བ་ལ། ངས་ཁྱོད་ལ་ཉེས་པ་མ་བྱས་པར་མཐུ་བྱས་པས་ཤ་གས་མེད་བྱས་ནས། རྒྱ་གར་དུ་བྱོན་སྐད། དེ་ནས་བླ་མ་རྡོ་རྗེ་


TNT14_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གདན་པ་དང་མཇལ་ནས་ཆོས་གསན་གྱི་ཡོད་ཙ་ན། རྡོ་རྗེ་གདན་པ་ན་རེ། ཁྱོད་ལ་མུ་སྟེགས་ཀྱི་གནོད་པ་ཡོང་བར་འདུག་གསུང་བས། །མི་ཡོང་བྱས་པས་འོང་བར་འདུག་གསུངས་པས། འོ་ན་བལ་ཡུལ་དུ་མུ་སྟེགས་སྐལ་ལྡན་རྒྱལ་པོ་བྱ་བ་དང་འཕྲད་ནས་འདི་ལྟར་བྱུང་ལགས་ཞུས་པས་འོ་ན་དེ་ཀའི་ཡིན་གསུང་ནས། བླ་མས་བྷ་ཡ་ནའི་སྔགས་བཟླས། གཏོར་ཆེན་ལན་གསུམ་བཏང་བས་ཐ་མ་ལ་ཤི་སྐད། དེས་ན་འདི་བྱིན་རླབས་ཆེ་བ་ཡིན་གསུང༌། རྡོ་རྗེ་གདན་པ། བླ་མ་བ་རི་བ། བླ་མ་ཆེན་པོ། འདི་ལོ་རྒྱུས་དག་པ་ཡིན་གསུང༌། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འགྲོ་རྣམས་སྲིད་མཚོ་ལས་བསྒྲལ་ཞེས། །བློ་ཆེན་དད་ལྡན་བླ་མ་དང༌། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ལ། །བཏུད་དེ་གཏོར་མའི་ཆོ་ག་བྲི། །ངན་རྟོག་སྨྲ་བའི་དྲི་བྲལ་ཞིང༌། །ཕན་པ་བྱིན་པར་བྱེད་པ་འདི། །གང་ཟག་གནས་དུས་ཡོ་བྱད་དང༌། །ཆོ་ག་ཕན་ཡོན་སྡོམ་དྲུག་ཡིན། །དེ་ལ་གཏོར་མ་གཏོང་བའི་སློབ་དཔོན་དང༌། བུམ་པ་ལ་


TNT14_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་བྱེད་པའི་རྣལ་འབྱོར་པ་གཉིས་ནི། དམ་ཚིག་དང་སྡོམ་པ་ལྡན་ཞིང་ཁྲོ་བོ་གང་ཡང་རུང་བའི་བསྙེན་པ་སྔོན་དུ་སོང་བས་བྱའོ། །གཏོར་གཡོག་ཀྱང་ལྷའི་རྣལ་འབྱོར་དང་ལྡན་ཞིང་སྲུང་བ་དང་ལྡན་པ་སྟེ། དེ་ལྟར་བཞི་ཀ་གཏོར་མའི་བྱ་བ་མ་ཚར་གྱི་བར་དུ་ངག་བཅད་པར་བྱའོ། །གཉིས་པ་ནི། མི་དང་དུད་འགྲོ་ལ་སོགས་པས་དབེན་པ། གཙང་བ། སྒོ་ལ་གཏོར་སྣོད་ཤོང་བའི་ས་དེར་ཕྱག་དར་ལེགས་པར་བྱ་བ་དང༌། མེ་ཏོག་ལ་སོགས་པ་དགྲམ་པར་བྱའོ། །གསུམ་པ་ནི། གཟའ་དང་སྐར་མ་བཟང་པོ་འཛོམ་པའི་ཚེ་བྱའོ། །བཞི་པ་རྟེན་གྱི་དཀྱིལ་འཁོར་ཕྱོགས་རེ་ལ་ཁྲུ་བཞི་བཞི་ཡོད་པ་གྲུ་བཞི་པ། དེ་མ་ཤོང་ན་ཡང་ཁྲུ་གསུམ་ལས་ཆུང་བ་མི་རུང༌། བ་བྱུང་ལྔ་དང་ཙནྡན་གྱིས་ལེགས་པར་བྱུགས་ལ། དེའི་ནང་དུ་ཆོས་འབྱུང་རྩེ་མོ་ཕར་ཕྱོགས་བསྒྲུབ་བྱའི་ཕྱོགས་སུ་བསྟན་པ། དབུས་སུ་གཏོར་སྣོད་ཆེན་པོ་རྫའམ་ཟངས་གཞོང་དུ་རུང་བ་ཚོན་རྩི་རེ་ཁ་དཀར་པོས་བྲིས་པ་རྡོ་རྗེའི་སྟེགས་ལ་བཞག །མཆོད་པ་ནི་མེ་ཏོག་སོགས་ལྔའམ་བདུན་སློབ་དཔོན་དང་དཀྱིལ་འཁོར་གྱི་བར་དུ་གཡོན་ནས་རིམ་པ་བཞིན་དུ་བཤམ་མོ། །གཏོར་མའི་ཡོ་བྱད་ནི། ཡུལ་གང་ཡིན་གྱི་བྲེས་བཅལ་བའི་སྲད་ཕྱེད་ལེགས་པར་སྦྲུས་ལ། ཕྱེད་ཆན་དུ་བཙོ། །ཕྱེད་ཟན་དུ་བྱའོ། །དེ་མ་འབྱོར་ན་བྲེ་བཅུ་གཉིས་ལ་སྔ་མ་བཞིན་བྱའོ། །ཟན་ལ་མཐེབ་སྐྱུ་བརྒྱ་རྩ་བརྒྱད་དུ་བྱ་ཞིང༌། ཆན་ལའང་དེ་བཞིན་དུ་མཉམ་པོར་སྣོད་གཅིག་གིས་གཞལ་ཞིང་བྱའོ། །བུམ་པ་ནི་ཟག་རྡོལ་མེད་པ་ཆུ་བྲེ་གསུམ་ཤོང་བ། དེ་མ་ཡིན་ན་ཡང་ཆུ་བྲེ་གང་ཤོང་པ་དེ་ལ་མགུལ་བཅིངས་སོགས་བུམ་རྫས་དང་ཆུས་བཀང་བགེགས་བསལ་ལ། དེ་སློབ་དཔོན་གྱི་གཡས་སུ་དཀྱིལ་འཁོར་ལ་ཁ་ཕྱོགས་པར་བུམ་མཆོག་པའི་མདུན་དུ་བཞག །བུམ་པ་ལ་མཆོད་པ་རྣམས་ཀྱིས་སྐོར། བཟློག་གླུད་ནི་རྗེན་ཕྱེ་བཙོས་པ་ལ་འབྲུ་སྣ་ཚོགས་ཀྱིས་བརྒྱན་ཏེ།


TNT14_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པ་ལ་སོགས་པ་བསྒྲུབ་བྱ་གང་ཡིན་གྱི་གྲུ་གང་པ་བྱས་ལ། ལུང་ཐང་གི་མིག་དང༌། འགྲོན་བུའི་སོ་དང༌། སྐྲ་ཚབ་དང༌། ནོར་བུ་ལ་སོགས་པས་བརྒྱན་དང༌། ཞྭ་ལ་སོགས་པ་བྱའོ། །དེ་ཆོས་འབྱུང་གི་རྩེ་མོར་སྣོད་ཀྱི་ནང་མཐོང་བ་ཙམ་དུ་བཞག་གོ །གཞན་དག་བྱེད་ཁ་བྱེད་པ་སོགས་ཡོད་ན། རང་གི་འཁོར་དུ་ཡོད་པ་ལ་ཟན་ཁམ་རེ་གཏད་ལ་བསྲུང་བ་བྱའོ། །དེ་ལྟར་དཀྱིལ་འཁོར་མཆོད་པ་བཤམས། གཏོར་མའི་ཡོ་བྱད་བཤམས་པ་དང༌། བུམ་པ་བཟློག་པའི་གླུད་བཤམས་པ། རྣམ་པ་ལྔ་ཡི་ཡོ་བྱད་བཤམས། ལྔ་པ་ནི། གང་ཟག་བཞི་ཁྲུས་ལེགས་པར་བྱས་ལ། སློབ་དཔོན་སྟན་བདེ་བ་ལ་འདུག །གཏོར་གཡོག་གཉིས་བདེ་ཆས་སུ་གཞུག སློབ་དཔོན་དང་བུམ་ཆོག་པ་གཉིས་ཀས་བདག་བསྐྱེད་ལྷན་ཅིག་རྣམ་འཇོམས་བསྒོམས། གཟུངས་ཅི་རིགས་པ་བཟླས། མཆོད་བསྟོད་གཏོར་བསྡུས་བྱ། དེ་ནས་བུམ་ཆོག་པས་བུམ་པར་ལྷ་བསྐྱེད་བཟླས་པ་སོགས་ཆོ་ག་ལྟར་བྱེད་ཅིང༌། དེ་ནས་གཡས་ཀྱི་གཏོར་གཡོག་གིས་འབྲུ་ཆན་བླུགས། གཡོན་གྱི་གཏོར་གཡོག་གིས་ཟན་དང་ཨརྒས་བཀང༌། སློབ་དཔོན་གྱིས་འདི་ལ་སྦྱིན་དང་མི་སྦྱིན་པའི་དམིགས་པ་གང་ཡང་མི་བྱ་བར། མདུན་གྱི་གཏོར་མ་ཆན་སོགས་ལ་དམིགས་ནས། ལག་གཡོན་རྡོ་རྗེ་དང་བཅས་སྙིང་གར་ཁུ་ཚུར་བཅངས། གཡས་དྲིལ་བུ་དང་བཅས་གཏོར་མ་ལ་བརྟེན་མཆོག་སྦྱིན་ཕྱག་རྒྱ་ལ་མཐེ་བོང་དཀྱིལ་དུ་བཀུག་ནས་སྲིན་ལག་གི་རྩ་བ་ནོན་པའི་ཆོས་སྦྱིན་གྱི་ཕྱག་རྒྱ་བྱ། སེམས་ཀྱིས་ལག་གཡས་མཐིལ་དུ་རཾ་དམར་རོ། །དེའི་སྟེང་དུ་ཨ་དཀར་པོ་རཾ་ལས་མེ་འབར་ཨ་ཞུ་ནས་བདུད་རྩིའི་རྒྱུན་བབས་པར་བསམ། སམྦྷ་རའི་སྔགས་བདུན་


TNT14_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བརྗོད། ལག་པ་གཡས་ཀྱི་ཕྱག་རྒྱ་སྔར་གྱི་དེ་ཁ་ཕུལ་ལ། མཆོད་པ་རྣམས་ལ་རིམ་པས་རེག་རིང་སོ་སོའི་སྔགས་དང་དྷརྨ་ར་ཎི་ཏ་བརྗོད། དེ་བཞིན་གཤེགས་པ་བཞིའི་མཚན་ནས་བརྗོད་པ་མེད། དེ་ནས་གཏོར་གཡོག་ཆན་བླུགས་པ་ངོས་ཀྱི་སྣོད་ཆེན་པོར་བླུགས་ལ་བཤལ་ལོ། །དེ་ལྟ་བུ་ལྔ་བཅུ་རྩ་བཞི་བཏང་ལ། གླུད་དེ་སྣོད་དེའི་ནང་དུ་གཞུག །དེ་ནས་ཡང་ལྔ་བཅུ་རྩ་བཞིའི་བར་དུ་བཏང་ནས། དེ་ནས་དཔང་གཟུགས་ནི། རྩ་བརྒྱུད་བླ་མའི་ཚོགས་ཐམས་ཅད། །དཔང་པོར་བཞུགས་ལ་དགོངས་སུ་གསོལ། །བདག་ཅག་རྒྱུ་སྦྱོར་འཁོར་བཅས་ཀྱི། །བདེན་པའི་དོན་འདི་འགྲུབ་གྱུར་ཅིག །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས། །དཔང་པོར༴སོགས་ཚིག་གསུམ་འདྲ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །དཔང་པོར་སོགས། དཔའ་བོ་མཁའ་འགྲོ་ཁྲོ་ཚོགས་རྣམས། དཔང་པོར་སོགས། དཔལ་མགོན་བདུན་ཅུ་རྩ་ལྔ་རྣམས། དཔང་པོར་སོགས། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས། དཔང་པོར་སོགས། དཀར་ཕྱོགས་སྐྱོང་བ་མཐུ་ཆེན་རྣམས། །དཔང་པོར་སོགས། གནས་བདག་གཞི་བདག་ཞིང་སྐྱོང་ཚོགས། དཔང་པོར་སོགས། མནའ་དང་མཐོ་ཡི་ཤན་འབྱེད་པ། །ཉེས་མེད་རྣམས་ཀྱི་སྟངས་འཛིན་པ། །ཉེས་ཅན་ཀུན་གྱི་ཚར་གཅོད་མཁན། །ལེགས་ཉེས་ཁྲིམས་ཀྱི་རྗེས་གཅོད་པ། །སྲིད་པའི་ཞལ་ལྕེ་གཅོད་པ་ཀུན། དཔང་པོར་སོགས། བདག་ཅག་དཔོན་སློབ་འཁོར་བཅས་ཀུན། ཡང་ན། རྒྱུ་སྦྱོར་འཁོར་བཅས་ཞེས་བརྗོད། ལྷ་རུ་དཀོན་མཆོག་གསུམ་པོ་མཆོད། །ལག་


TNT14_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དགེ་བ་བཅུ་དང་འབྲེལ། །བྱམས་དང་ངོ་ཚ་ཁྲེལ་ཡོད་བསྒོམ། །མི་རིགས་ངན་པའི་ལས་ཀུན་སྤངས། །བདེན་ཚིག་བརྒྱ་དང་ལྡན་པ་ལགས། །མ་རུངས་སྡིག་ཅན་འདི་པ་ནི། །སྤྱིར་གྱི་དགེ་བའི་ཆོས་ལ་སྨོད། །སྡང་ཞིང་གཏུམ་ལ་དྲག་ཤུལ་ཆེ། །རྫུན་དང་གཡོ་སྒྱུས་རང་གཞན་བསླུ། །འཇིག་རྟེན་ཕུང་བྱེད་མ་གཟིགས་སམ། །མཐུ་རྩལ་ཅན་རྣམས་རྟགས་ཕྱུང་ཤིག །བདག་ཅག་སྡེ་དང་བཅས་པ་ཡི། །མི་མཐུན་འཇོམས་པའི་དུས་ལ་བབ། །བར་ཆད་སེལ་བའི་དུས་ལ་བབ། །འདོད་དོན་སྒྲུབ་པའི་དུས་ལ་བབ། །ཅེས་རོལ་ཚིག་དང་བཅས་ཏེ། དཔོན་སློབ་བཞིའམ། ཀུན་གྱིས་མཉེས་པའི་དཔང་གཟུགས་བྱ། གླུད་རབས། གླུད་བཤད། གླུད་རྫོངས། བསྐུལ་སོགས་སྤྲོས་པ་བྱེད་ན་སྡེབས་གཅིག་ལ་སྐབས་འདིར་བྱེད་པ་ཐོབ་ཐང་ཡིན་པར་འདུག་གོ །གཏོར་བསྔོའི་སྔོན་ལ་བྱེད་པ་ནི་མི་ལེགས། ཡང་ན་འོག་ཏུ་བདེན་བརྡར་གྱི་གོང་ལ་བྱས་ནའང་རུང་ངོ༌། །གླུད་རབས་ནི། ཀྱཻ་གླུད་བྱུང་དང་པོ་གང་ནས་བྱུང༌། །དང་པོ་ལྷའི་ཡུལ་ནས་བྱུང༌། །ལྷ་དབང་བརྒྱ་བྱིན་སྙུང་གིས་ཟིན། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །དར་གྱི་གླུད་ཆེན་བཏང་བ་ཡིས། །ལྷ་དབང་བརྒྱ་བྱིན་སྙུང་ལས་ཐར། །གླུད་བྱུང་བར་པ་གང་ནས་བྱུང༌། །བར་པ་རྒྱ་གར་ཡུལ་ནས་བྱུང༌། །རྒྱལ་པོ་དར་མ་འདུན་རྒྱལ་ནི། །མི་སྙུང་དེ་ནི་དགུ་རུ་སྙུང༌། །རྗེ་བཙུན་བྱམས་པ་མགོན་པོ་ཡིས། །གླུད་ཆེན་བཏང་བས་སྙུང་ལས་ཐར། །གླུད་བྱུང་


TNT14_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་གང་ནས་བྱུང༌། །ཐ་མ་བོད་ཀྱི་ཡུལ་ནས་བྱུང༌། །རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས། །གླུད་ཆེན་རྒྱན་དང་ལྡན་པ་འདི། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སྡེ་བརྒྱད་རྣམས་ལ་བཏང་བ་ཡིས། །བར་ཆད་ཐམས་ཅད་ཞི་བར་བྱས། །ད་ལྟ་སྔགས་འཆང་བདག་ཅག་གིས། །སྦྱིན་པའི་བདག་པོའི་གླུད་ཆེན་འདི། །འདྲེ་སྲིན་རྣམས་ལ་བསྔོས་པ་ཡིས། །ནད་དང་གདོན་ལས་གྲོལ་བར་འགྱུར། །གནམ་ས་གཉིས་ལ་སྲིད་པའི་གླུད། །གླུད་ཀྱི་དེ་ནི་ཕ་སྨོས་པ། །གནམ་གྱི་དེ་ནི་ཀ་ཡང་རྩེ། །གླུད་ཀྱི་དེ་ནི་མ་སྨོས་པ། །ས་ལ་སྲོག་མོ་གླུད་ཀྱི་ཡུམ། །དེ་ལས་དར་གྱི་གླུད་ཆེན་བྱུང༌། །ཀྱཻ་སྣང་སྲིད་ལྷ་འདྲེ་ཚུར་གསོན་དང༌། །སྦྱིན་པའི་བདག་པོ་འཁོར་བཅས་ལ། །ལན་ཆགས་བུ་ལོན་སྙེགས་པ་ཡིས། །སྡེ་བརྒྱད་འདྲེ་སྲིན་ཐམས་ཅད་ཀུན། །གླུད་ཆེན་གཟུགས་མཆོག་རྒྱན་ལྡན་འདི། །འབྱུང་བ་ལྔ་ལས་གྲུབ་པའི་གླུད། །ཏིང་འཛིན་རྒྱལ་པོས་དབང་བསྐུར་བས། །སྦྱིན་པའི་བདག་པོའི་གླུད་དུ་གཏོང༌། །དེ་སྐད་དེ་ནི་བགྱིས་པ་ལས། །གླུད་མཆོག་གོམ་གསུམ་ཕར་འཕར་ནས། །སླར་ཡང་ལོག་སྟེ་འདི་སྐད་སྨྲས། །སྔགས་འཆང་རྒྱལ་པོ་ཚུར་གསོན་དང༌། །འབྲུ་མཆོག་དར་གྱི་མི་པོ་ཆེ། །མི་ཡིས་གླུད་དུ་གཏོང་ལགས་ན། །འབྱུང་བ་བཞི་དང་དབང་པོ་ལྔ། །ཡན་ལག་ལྔ་དང་ཚོགས་དྲུག་དང༌། །ཕུང་ཁམས་སྐྱེ་མཆེད་ཀུན་དང་ལྡན། །


TNT14_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དང་རྒྱན་དང་དཀོར་ཆ་སོགས། །དེ་རྣམས་བདག་ལ་འཚལ་ལགས་ན། །སྐྱེ་འགྲོའི་གླུད་དུ་འགྲོ་བར་བགྱི། །དེ་སྐད་དེ་ནི་ཞུས་པ་ལས། །སྔགས་འཆང་རྒྱལ་པོའི་ཞལ་ན་རེ། །དར་གྱི་གླུད་ཆེན་ཚུར་ཉོན་དང༌། །འབྱུང་བ་གཟུགས་སོགས་ཁྱོད་ལ་ཚང། །ཤ་མེད་འབྱུང་བ་ས་ལ་བྱས། ཁྲག་མེད་འབྱུང་བ་ཆུ་ལ་བྱས། །དྲོད་མེད་འབྱུང་བ་མེ་ལ་བྱས། །དབུགས་མེད་འབྱུང་བ་རླུང་ལ་བྱས། །དུང་ཕོར་དཀར་པོར་རུས་པར་བྱས། །རྡོ་རྒྱུས་བྱང་བལ་རྒྱས་པར་བྱས། །རེག་འཇམ་དེ་ནི་ལྤགས་པར་བྱས། །ཆག་ཚང་ཀུ་བ་ཁྱོད་ཀྱི་མགོ །མགོ་བསྒྱུར་དེ་ནི་ཤིགས་སེ་ཤིགས། །ཟེར་མོ་འཕན་བཟང་ཁྱོད་ཀྱི་སྐྲ། །སྐྲ་ལོ་དེ་ནི་ཤིགས་སེ་ཤིགས། །ལུང་ཐང་འབར་བ་བལྟ་བའི་མིག །ནག་དང་དེ་ནི་ཧྲིགས་སེ་ཧྲིག །སྙན་ཆ་བཟང་མོ་སྙན་དུ་བྱས། །སྒྲ་སྙན་དེ་ནི་ལྷངས་སེ་ལྷང༌། །ཀ་ཀོལ་དྲི་བསྲུང་སྣོམ་པའི་སྣ། །དྲི་བསྲུང་ངད་པ་བྱིངས་སེ་བྱིངས། །ལེབ་རྒན་དམར་པོ་སྨྲ་བའི་ལྕེ། །སྨྲས་མཁས་དེ་ནི་ཐོལ་ལོ་ལོ། །འགྲོན་བུ་ཐོད་དཀར་བཞད་པའི་སོ། །དཀར་དངས་དེ་ནི་ཁྲིགས་སེ་ཁྲིགས། །དབང་པོ་ལག་པ་གཡོབ་པའི་ལག །སོར་བཅུ་དེ་ནི་ཁྲབས་སེ་ཁྲབས། །རྐང་པ་ཐབས་ཤེས་ཟངས་ལྕགས་བྱས། །འགྲོ་མཁས་དེ་ནི་ཤམས་སེ་ཤམས། །མོན་ལུག་བརླ་སྒང་ཁོག་པའི་སྙིང༌། །


TNT14_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་དེ་ནི་རྒྱ་ཆེར་ལྡན། །གླ་གོར་ཞོ་ཤ་གློ་བར་བྱས། །མཁལ་སྲན་དྲེ་བོ་མཁལ་མར་བྱས། །ཕོ་ལོང་ལྒང་པ་མཚན་མར་བྱས། །རྣམ་ཤེས་བརྒྱད་དང་ཚོགས་དྲུག་དང༌། ཁམས་དང་སྐྱེ་མཆེད་ཁྱོད་ལ་ཚང། །གོས་དང་རིན་ཆེན་རྒྱན་གྱིས་སྤྲས། །མི་ནོར་སྣ་དགུ་རྒྱབ་ཏུ་ཁུར། །སྔགས་དང་ཕྱག་རྒྱས་བྱིན་རླབས་པའི། །འདི་འདྲའི་གླུད་མཆོག་ཡ་མཚན་ཅན། །སྒང་བུ་དེ་ནི་མཐོ་མཐོ་ནས། །གསུང་དབྱངས་དེ་ནི་ཀྱུ་རུ་རུ། །བཤོད་བུ་དེ་ནི་དམའ་དམའ་ནས། །འགྲོ་མཁས་དེ་ནི་ཤམས་སེ་ཤམས། །ལྕགས་ཐག་དེ་ནི་བརྡར་བརྡར་ནས། །སྐྱེས་པ་དམག་ལ་ཆས་པ་འདྲ། །རྒྱན་ཆ་མང་པོ་པུར་རུ་རུ། །མོ་བཙུན་བག་མར་ཆས་པ་འདྲ། །དེ་ཙམ་དེ་ནི་འཚལ་བས་ན། །སྐྱེ་འགྲོ་ཡོངས་ཀྱི་གླུད་དུ་སོང༌། །ཀྱཻ་སྣང་སྲིད་ལྷ་འདྲེ་ཚུར་ཉོན་དང༌། །དེ་རིང་བདེན་པའི་ངག་ཉོན་ལ། །སྦྱིན་པའི་བདག་པོ་འཁོར་བཅས་ལ། །ལན་ཆགས་བུ་ལོན་རྙོག་པ་ཡིས། །འདྲེ་སྲིན་འབྱུང་པོའི་ཚོགས་བཅས་ཀུན། །གླུད་ཆེན་གཏོར་མ་འདི་ལོང་ལ། །འགལ་རྐྱེན་བར་ཆད་བཟློག་ཏུ་གསོལ། །ལམ་དང་ཡུལ་བསྟན་པ་ནི། སྡེ་བརྒྱད་འབྱུང་པོའི་ཚོགས་བཅས་ཀུན། །དར་གྱི་མི་ཆེན་ཞལ་ན་རེ། །འགྲོ་བའི་ལམ་དང་ཡུལ་སྟོན་ཟེར། །ཀྱཻ་ལྟོ་མཁན་རྒྱལ་པོའི་ཞལ་ན་རེ། །དཔྱིད་ཟླ་གསུམ་དང་དབྱར་ཟླ་གསུམ། །རླུང་དང་ཆར་ཟིལ་ལྟོ་ཡི་ལམ། །སྟོན་ཟླ་གསུམ་


TNT14_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགུན་ཟླ་གསུམ། །ལོ་ཏོག་གཙང་ཆབ་ལྟོ་ཡི་ལམ། །སྟོང་ལམ་ཤུལ་རིང་ལྟོ་བའི་ལམ། ཁྱོད་ཀྱི་ལམ་ཡང་དེ་རུ་བསྟན། །གླུད་ཆེན་འདྲེ་སྲིན་དེར་སོང་ཞིག །ཅེས་བསྔོ་ཞིང་ཡུལ་བསྟན་པ་ནི། ཕྱོགས་ཕྱོགས་བྱ་བ་ཕ་གི་ན། །ཉི་མ་ཤར་ཕྱོགས་ཕ་གི་ན། །ཡུལ་ཡང་ཤེལ་གྱི་ཡུལ་ལ་བྱས། །མཁར་ཡང་ཤེལ་གྱི་མཁར་ལ་བྱས། །མི་ཡང་ཤེལ་གྱི་མི་ལ་བྱས། །སྨྲ་རེ་མཁས་ལ་ངག་རེ་འཇམ། །ཤེལ་གྱི་རྟ་ཆུང་རྒོ་བ་ཙམ། །འགྲོ་རེ་མཁས་ལ་བང་རེ་མགྱོགས། །ལྷ་འདྲེའི་ཚོགས་པ་དེ་ན་ཆེ། །སྦྱིན་པའི་བདག་པོ་འཁོར་བཅས་ཀྱི། ཁྱིམ་སྒོ་ལམ་འཕྲང་འདི་ཀུན་དུ། །འདྲེ་སྲིན་སྡོད་པའི་གནས་མ་མཆིས། །དེ་ཕྱིར་དཔོན་ཤོང་ལགས་ཀྱང་གཡོག་མི་ཤོང༌། །རྟ་བཤོང་ལགས་ཀྱང་སྒ་མི་ཤོང༌།།མཛོ་ཤོང་ལགས་ཀྱང་ཁལ་མི་ཤོང༌། །ད་རྒྱུག་དེ་ནི་འགྲོ་རེ་རན། །ཉི་མ་ལྷོ་ཕྱོགས་ཕ་གི་ན། །ཡུལ་ཡང་གསེར་གྱི་ཡུལ་ལ་བྱས། །མཁར་ཡང་གསེར་གྱི་མཁར་ལ་བྱས། །མི་ཡང་གསེར་གྱི་མི་ལ་བྱས། །སྨྲ་རེ་མཁས་ལ་ངག་རེ་འཇམ། །གསེར་གྱི་རྟ་ཆུང་རྒོ་བ་ཙམ། །འགྲོ་རེ་མཁས་ལ་བང་རེ་མགྱོགས། །ལྷ་འདྲེའི་ཚོགས་པ་དེ་ན་ཆེ། །སྦྱིན་པའི་བདག་པོ་འཁོར༴ ཁྱིམ་སྒོ་ལམ་འཕྲང་༴ འདྲེ་གདོན་སྡོད་པའི༴ དེ་ཕྱིར་དཔོན་ཤོང་༴ རྟ་ཤོང་ལགས་ཀྱང་༴ མཛོ་ཤོང་ལགས་ཀྱང་༴ ད་རྒྱུག་


TNT14_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་འགྲོ་རེ་རན། །ཉི་མ་ནུབ་ཕྱོགས་ཕ་གི་ན། །ཡུལ་ཡང་ཟངས་ཀྱི་ཡུལ་ལ་བྱས། མཁར་ཡང་ཟངས་ཀྱི་མཁར་ལ་བྱས། །མི་ཡང་ཟངས་ཀྱི་མི་ལ་བྱས། །སྨྲ་རེ་མཁས་ལ་ངག་རེ་འཇམ། །ཟངས་ཀྱི་རྟ་ཆུང་སྒོ་བ་ཙམ། །འགྲོ་རེ་མཁས་ལ་བང་རེ་མགྱོགས། །ལྷ་འདྲེའི་ཚོགས་པ་དེ་ན་ཆེ། །སྦྱིན་པའི་བདག་པོ་འཁོར་བཅས་ཀྱི། ཁྱིམ་སྒོ་ལམ་འཕྲང་འདི་ཀུན་དུ། །འདྲེ་སྲིན་སྡོད་པའི་གནས་མ་མཆིས། །དེ་ཕྱིར་དཔོན་ཤོང་ལགས་ཀྱང་གཡོག་མི་ཤོང། །རྟ་ཤོང་ལགས་ཀྱང་སྒ་མི་ཤོང༌། །མཛོ་ཤོང་ལགས་ཀྱང་ཁལ༴ ད་རྒྱུག༴ ཉི་མ་བྱང་ཕྱོགས་ཕ་གི་ན། །ཡུལ་ཡང་གཡུ་ཡི་ཡུལ་ལ་བྱས། །མཁར་ཡང་གཡུ་ཡི་མཁར་ལ་བྱས། །མི་ཡང་གཡུ་ཡི་མི་ལ་བྱས། །སྨྲ་རེ་མཁས་ལ་ངག་རེ་འཇམ། །གཡུ་ཡི་རྟ་ཆུང་རྒོ་བ་ཙམ། །འགྲོ་རེ་མཁས་ལ་བང་རེ་མགྱོགས། །ལྷ་འདྲེའི༴ སྦྱིན་པའི༴ ཁྱིམ༴ འདྲེ་གདོན༴ དེ་ཕྱིར་དཔོན༴ རྟ་བཤོང་༴ མཛོ་བཤོང་༴ ད་རྒྱུག༴ ཕྲག་དོག་རྒྱལ་པོའི་སྡེ་ལ་འབུལ། །ནད་གཏོང་མ་མོའི་སྡེ༴ འདོད་གཡེང་ལྷ་ཡི༴ གཏི་མུག་ཀླུའི༴ སྲེད་ལེན་གནོད་སྦྱིན༴ ང་རྒྱལ་བཙན་གྱི༴ བཙུན་པ་རྨུ་ཡི༴ དྲང་སྲོང་གཟའ་ཡི༴ སེར་སྣ་ཡི་དྭགས༴ ཤ་ཡི་གླུད་འདི་ས་ལ་གཏོང༌། །ས་ལ་གནས་པའི་ལྷ་འདྲེ་ཀུན། །གླུད་ཆེན་གཏོར་མ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་མཆོད་འཁོར་བཅས་ལ། །གནོད་དང་འཚེ་བ་མ་བྱེད་


TNT14_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག ཁྲག་གི་གླུད་འདི་ཆུ་ལ་གཏོང༌། །ཆུ་ལ་གནས་པའི་ལྷ་འདྲེ་ཀུན། །གླུད་ཆེན་གཏོར་མ༴ རྒྱུ་སྦྱོར༴ གནོད་དང་༴ དྲོད་ཀྱི་གླུད་འདི་མེ་ལ་གཏོང༌། །མེ་ལ་གནས་པའི་ལྷ༴ གླུད་ཆེན༴ རྒྱུ་སྦྱོར༴ གནོད་དང་༴ དབུགས་ཀྱི་གླུད་འདི་རླུང་ལ་གཏོང༌། །རླུང་ལ་གནས་པའི་ལྷ་འདྲེ་ཀུན། །གླུད་ཆེན༴ རྒྱུ་སྦྱོར༴ གནོད་དང་༴ སེམས་ཀྱི་གླུད་འདི་མཁའ་ལ་གཏོང༌། །མཁའ་ལ་གནས་པའི་ལྷ་འདྲེ་ཀུན། །གླུད་ཆེན་གཏོར་མ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །གནོད་དང་འཚེ་བ་མ་བྱེད་ཅིག །ཅེས་ཡུལ་བསྟན་ནོ། །ཁ་འབར་མའི་གླུད་རབས། སློབ་དཔོན་པདྨས་མཛད་པར་གྲགས་ཀྱང༌། འདི་འདྲའི་རིགས་བོན་ལ་རྙིང་མ་པས་འདྲ་དཔེ་བླངས། དེ་གསར་ལུགས་ལ་སྦྱར་བ་ཡིན་ཀྱང༌། བོད་ཀྱི་སྡེ་བརྒྱད་མགུ་བར་བྱེད་པས་སྐྱོན་མེད་དོ།།བསྐུལ་ནི། ཧཱུཾ་བྷྱོཿ བྱམས་མགོན་ཐུགས་རྗེ་ཤཱཀྱ་ཐུབ་པ་ཡིས། །སྲས་ཀྱི་ཐུ་བོ་པར་བུའི་ནང་དུ་སྦས། །གདུང་བས་བླང་ནས་སྲོག་གི་སྙིང་པོ་ཕུལ། །བཀའ་གཉན་ཁ་འབར་ཆེན་མོ་ལས་ལ་བྷྱོཿ སྐུ་མདོག་སྔོ་ནག་དུ་བའི་མདོག་འདྲ་ལ།།བཞིན་འཛུམ་མི་སྡུག་ཁྲོ་གཉེར་མཛོད་སྤུར་བསྡུས། །དམ་ཉམས་དགྲ་བགེགས་ཐམས་ཅད་ཟིལ་གྱིས་གནོན། །འཇིགས་བྱེད་ཁ་འབར་ཆེན་མོ༴ སྐུ་མདོག་དམར་མོ་བྱེ་རུའི་མདོག་འདྲ་ཞིང༌། །བཞིན་འཛུམ་མི་སྡུག་ཁྲོ་གཉེར༴ ནད་དང་གནོད་དང་དགྲ་བགེགས་


TNT14_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བརླག་པར་བྱེད། །བརླག་བྱེད་ཁ༴ ཁ་ནས་མེ་འབར་རྒྱ་མཚོ་གཏིང་ནས་སྐེམས། །མིག་ནས་ཐོག་འཛག་རི་རབ་ཐལ་པར་རློག། སྐད་ཅིག་ཙམ་ལ་ཁམས་གསུམ་དབང་དུ་བསྡུད། །གྱད་མོ་ཁ་འབར་ཆེན་མོ་ལས་ལ་བྷྱོཿ དབུ་སྐྲ་རལ་པ་ཁམས་ནག་བརྫུས་པ་ཡིས། །འཇིག་རྟེན་ལྷ་ཆེན་བརྒྱད་རྣམས་འདར་བར་བྱེད། །ཞབས་གཉིས་བརྐྱང་བསྐུམ་བགྲད་ནས་བཞུགས་པ་ཡིས། །འཇིག་རྟེན་ཀླུ་ཆེན་བརྒྱད་རྣམས་ཟིལ་གྱིས་གནོན། །ཞལ་ནས་རྔམ་པའི་ང་རོ་སྒྲོགས་པ་ཡིས། །གདོན་ཆེན་བཅོ་བརྒྱད་ཚོགས་རྣམས་འབར་བར་བྱེད། །བདུད་དང་འདྲེ་རྣམས་སྐད་ངན་ཙེ་རེ་རེ། །སྟོབས་ཆེན་ཁ་འབར་ཆེན༴ ཤངས་ནས་ཡམ་དང་ནད་ཀྱི་དུ་བ་འཐུལ། །སྦར་ཁྱིམ་སྡང་ནས་དགྲ་བགེགས་སྲོག་རྩ་གཅོད། །ཟ་བྱེད་མཆེ་བ་དྲག་ཏུ་གཙིགས་པ་ཡིས། །དམ་ཉམས་དགྲ་བགེགས་སྲོག་རྩ་མྱུར་དུ་གཅོད། །སྲོག་གཅོད་ཁ་འབར་ཆེན་མོ་ལས་ལ་བྷྱོཿ ཧཱུཾ་བྷྱོཿ བཀའ་ཉན་ཕོ་ཉ་ལྔ་བརྒྱ་ལས་ལ་བྷྱོཿ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །དམ་ཚིག་ཅན་ལ་མཐུ་དང་སྡོང་གྲོགས་མཛོད། །ཆོས་སྐྱོང་ཁ་འབར༴ ཧཱུཾ་བྷྱོཿ གཙང་རིགས་དཔལ་མགོན་རྣམས་ཀྱི་དེད་དཔོན་མཛད། །སྨོན་ལམ་དབང་གིས་སངས་རྒྱས་བསྟན་པ་བསྲུང༌། །འཕྲིན་ལས་དབང་གིས་སྒྲུབ་ལ་དངོས་གྲུབ་སྟེར། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔ། །བཞེས་ནས་ཁ་འབར༴ ཧཱུཾ་བྷྱོཿ བཀའ་ཡི་གཏོར་མ་རྒྱ་ཆེན་འདི་བསྣོམ་


TNT14_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །འདྲེན་པ་ཤཱཀྱ་ཐུབ་པའི་བསྟན་པ་འདི། །ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས་པ་དང༌། ཁམས་གསུམ་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བླ་མེད་བྱང་ཆུབ་ཐོབ་པའི་སྡོང་གྲོགས་མཛོད། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁས་བླངས་པའི། །སངས་རྒྱས་བསྟན་པ་འཛིན་སྐྱོང་བསྲུང་སྤེལ་དང༌། །གཙུག་ལག་འཁོར་བཞི་ཆོས་བྱེད་སྐྱོང་བར་ཆད། །ད་དུང་སངས་རྒྱས་བསྟན་པ་མ་ནུབ་པས། །སྔོན་གྱི་དམ་བཅས་ཁས་བླངས་མ་འདོར་ཅིག །རྣལ་འབྱོར་ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ཀྱི་འབྲས་བུ་མྱུར་དུ་གྲུབ་པར་མཛོད། །ཧཱུཾ་བྷྱོཿ བཀའ་ཡི་གཏོར་མ་འདི་ལོང་ལ། །ཡས་ཀྱི་བདུད་གཡོས་ཐམས་ཅད་བཟློག །མས་ཀྱི་སྲི་ལངས་ཐམས་ཅད་བཟློག །ཕ་རོལ་རྦོད་གཏོང་༴ དམ་སྲིའི་བར་ཆད་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད༴ མཚན་མ་རྩུབ་པ་ཐམས་ཅད༴ ལྟས་ངན་བརྒྱད་ཅུ་རྩ་བཞི༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ ནད་རིགས་བཞི་བརྒྱ་རྩ་བཞི༴ གདོན་རིགས་སུམ་བརྒྱ་དྲུག་ཅུ༴ ཡེ་འཕྲོག་སུམ་བརྒྱ་དྲུག་ཅུ༴ དུས་མིན་འཆི་བ་རྣམ་དགུ༴ དྲང་སྲོང་དམོད་ངན་འདོར་བ༴ ཕུར་པའི་དབལ་ཁྲ་འཕེན་པ༴ ཡུངས་ཀར་ཐུན་ཟོར་འཕེན་པ༴ སྐྱེས་པའི་མདའ་ཟོར་འཕེན་པ༴ བུད་མེད་དམོད་ཟོར་འཕེན་པ༴ ཐེའུ་རང་ཚེ་ལ་རྐུ་བ༴ མུ་སྟེགས་བར་ཆད་བྱེད་པ༴ ནད་ཁ་རིམས་ཁ་དལ་ཁ༴ སྔ་དགྲ་དར་བ་ཐམས་ཅད༴ ཕྱི་དགྲ་སེམས་


TNT14_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད༴ བདུད་ཀྱི་ཐོ་ངན་བྱེད་པ༴ བཙན་གྱི་རྟ་དྲེལ་འཁྲབ་པ༴ ཀླུའི་བྱད་དུ་བཅུག་པ༴ ལོ་སྐེག་ཟླ་སྐེག་ཞག་སྐེག༴ ཆགས་ཆེ་ཉམས་ང་ཐམས་ཅད༴ མི་མཐུན་འགལ་རྐྱེན་བར་ཆད༴ བཟློག་གོ་བསྒྱུར་རོ་དགྲ་ལ་བསྒྱུར། །ལོག་འདྲེན་བདུད་དང་བར་ཆད་དང༌། །ལྟས་ངན་དགྲ་བགེགས་བར་ཆད་རྣམས། །འདི་ཡིས་བཟློག་པར་མཛད་དུ་གསོལ། །བདག་གིས་བཅོལ་བའི་ལས་རྣམས་སྒྲུབས། །མཆོད་པ་རྣམས་དང་ཟན་དང་ཨརྒྷའི་ལྷག་མ་ཐམས་ཅད་སྣོད་དེར་བླུགས་ལ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདིར་མ་ལུས་པ། །ཐོགས་པ་མེད་པར་འབྱུང་འགྱུར་ཅིག །ཅེས་བདེན་སྟོབས་ལན་གསུམ་བརྗོད་དེ། ཁྱད་པར་དུ་ཀླུའི་ནད་སེལ་ན། ཀླུའི་སྨན་སྣ་ཚོགས་དང་བའི་འོ་མ་གུང་དུ་བཤམས་ལ། འབྲས་ཡོས་དང་ཡོས་མར་སྦྱར་བ་བླུག་གོ །གཞན་བགེགས་གང་གནོད་ཀྱང་སྔ་མའི་ཆོག་གོ །དེ་ནས་སློབ་དཔོན་གྱིས་འཁོར་རྣམས་ལ་བསྲུང་བ་བྱས། གཏོར་མ་ཕྱི་ལ་གཏོང་བར་བྱ་སྟེ། དེའང་གཏོར་མའི་སྔོན་དུ་དུང་ལ་སོགས་པའི་སྒྲ་འགྲོ། གཏོར་མ་ཁྱེར་བ་དང་བུམ་ཆོག་པས་གཡས་ངོས་ནས་རང་གི་ཁྲོ་བོའི་སྔགས་དྲག་ཏུ་བཟློས་ཤིང༌། བུམ་པའི་ཆུ་སྒྲེང་ཞིང་འགྲོའོ། །སློབ་དཔོན་གྱིས་ཕྱིས་ནས་རྡོ་རྗེ་གསོར་ཞིང༌། དྲིལ་བུ་སིལ་ཞིང༌། ན་མ་ཙཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ།


TNT14_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སྔགས་བཟླས་ཤིང༌། རྐང་པ་ཁྲོ་བོའི་འགྲོས་ཀྱིས་འགྲོ་བར་བྱའོ། །དེ་ནས་གནོད་པའི་བགེགས་ཡོད་པའི་སའམ། དགྲའི་ཡུལ་མཐོང་བའི་སར་སླེབ་པ་དང༌། བུམ་ཆུས་ཆོས་འབྱུང་བྲིས་པའི་སྟེང་དུ་གཏོར་མ་བཞག་སྟེ། སློབ་དཔོན་གྱིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ལ། ངག་ཏུ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི༴ ལུང་དང་རྟོགས་པས་བསྡུས་པའི་དམ་པའི་ཆོས་རྣམས་ཀྱི༴ ཐེག་པ་གསུམ་ལ་གནས་པའི་འཕགས་པའི་དགེ་འདུན་རྣམས་ཀྱི༴ དེ་བཞིན་གཤེགས་པ་དང༌། །རྡོ་རྗེ་དང༌། །རིན་པོ་ཆེ་དང༌། །པདྨ་དང༌། །ལས་ཀྱི་རིགས་སུ་བཞུགས་པའི་ལྷ་ཚོགས་རྣམས་ཀྱི༴ སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིགས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི༴ དོན་དམ་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པ་དང༌། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣམ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། །རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བ་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི༴ ཁྱད་པར་དུ་ཡང་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་ཀྱི༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ། རྫུ་འཕྲུལ་གྱི་ཞབས་དང་ལྡན་པ་མཐུ་སྟོབས་ཀྱི་རྩལ་དང་ལྡན་པ་རྣམས་ཀྱི༴ ལས་བྱེད་


TNT14_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཕོ་ཉ་དྲག་པོའི་མཐུ་རྩལ་ནུས་པ་ཅན་རྣམས་ཀྱི༴ བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱི༴ ཞེས་སྤྱིར་སྨོས་ནས། དགྲ་ཡིན་ན། སངས་རྒྱས་བསྟན་པའི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐུ་དགྲ། དམ་པའི་ཆོས་ཀྱི་སྨོད་དགྲ། དགེ་འདུན་ཚོགས་ཀྱི་སྡང་དགྲ། སྐྱེ་འགྲོ་སེམས་ཅན་ཡོངས་ལ་འཚེ་བ་རྣམས་དང༌། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་དང༌། སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ལུས་ངག་ཡིད་གསུམ་ལ་གནོད་པར་བྱེད་ཅིང༌། བསམ་སྦྱོར་ཕྱིན་ཅི་ལོག་བྱེད་པའི་བྱད་མ་འདི་ཞེས་སམ། སྔ་དགྲ་ལག་ཏུ་ཁྱེར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་ལྟ་དངོས་སུ་སྦྱོར་བའི་ལས་ངན་གྱི་དགྲ་བོ་བསམ་པ་ངན་པ་སྦྱོར་བ་རྩུབ་པ་ཕོད་འཛུགས་པ། དོ་བསྡོ་བ་འདི་རྣམས་ཀྱི་ཕོ་ལྷ། དགྲ་ལྷ། ཞང་ལྷ། ཡུལ་ལྷ། ལྷན་ཅིག་སྐྱེས་པའི་ལྷ། སྲོག་གི་ལྷ། བསྲུང་སྐྱོབས་རྒྱུད་བསྐུལ་བའི་འཇིག་རྟེན་འདས་མ་འདས་གང་ཡིན་ཡང་རུང༌། མཐོ་སྲིད་པའི་རྩེ་མོ་ནས། དམའ་དམྱལ་ཁམས་ཡན་ཆོད། བར་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཕྱོགས་བཞི་མཚམས་བརྒྱད་གང་ན་གནས་པ་ཐམས་ཅད་ཉོན་ཅིག །ཅེས་པ་དང༌། ནད་ཡམ་སོགས་བགེགས་ཡིན་ན། བདག་ཅག་སློབ་དཔོན་ཡོན་མཆོད་རྣམས་ཀྱི་གནས་ལུས་ལོངས་སྤྱོད་འཁོར་ཚོགས་དང༌། ཆོས་སྤྱོད་དང༌། དཔལ་འབྱོར་


TNT14_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྐྱིད་ལ་གནོད་པར་བྱེད་པ་དང༌། བསྟན་པ་དང་འཕྲིན་ལས་ལ་བར་དུ་གཅོད་པའི་འབྱུང་པོ་གདོན་བགེགས། ལྷ་ཀླུ་གནོད་སྦྱིན། ལྷ་མ་ཡིན། རྒྱལ་འགོང་བདུད། བཙན། མ་མོ་དལ་ཡམས་ཀྱི་བདག་མོ་ལ་སོགས་པ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་རིགས་གང་ཡིན་ཡང་རུང༌། ཞེས་འདོན་པ་སྤོ། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་དང༌། བཟློག་གླུད་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་དབང་པོ་དྲུག་དང༌། ཡན་ལག་ཉིང་ལག་དོན་སྙིང་ཐམས་ཅད་ཚང་ཞིང༌། གོས་རྒྱན་སྣ་ཚོགས་དང་བཅས་པ་འདིས་ཚིམ་པར་གྱིས་ལ། ཁྱེད་རྣམས་གནོད་ཅིང་གདུག་པའི་བསམ་སྦྱོར་ཉེ་བར་ཞི་ནས་རང་གི་གནས་སུ་འགྲོ་བར་གྱིས་ཤིག །གང་དག་བསམ་སྦྱོར་ངན་པ་དེ་དག་མི་གཏོང་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བས་མགོ་བོར་བསྣུན་ཞིང་བསྐལ་པའི་མེས་ཚིག་པར་གྱུར་ཅིག། བདག་ཅག་སློབ་དཔོན་ཡོན་མཆོད་རྣམས་ཀྱི་ལུས་ལ་གནོད་པའི་ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ནད་ཡམས་དལ་ཁ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །སྔོན་ཀྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་འབྱུང་པོ་མི་དང་མི་མ་ཡིན་པའི་གནོད་པ་འཁོན་གྲིབ་ལྟས་ངན་བྱུར་དང་སྐལ་བ་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །ཕ་རོལ་ཀྱི་མཐུ་དང་


TNT14_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ཁ་མནན་གཏད་འཁྲུལ་འཁོར་ལ་སོགས་པའི་རྦོད་གཏོང་ཐམས་ཅད་ཕྱིར༴ དེས་བཟླས་པའི་སྔགས་དང་བྱད་ཁ་རྦད་འདྲེ་ཐམས་ཅད་དེ་ཉིད་ལ་བཟློག་པར༴ རྨི་ལམ་ངན་པ་དང༌། མཚན་མ་ངན་པ་དང༌། ལྟས་ངན་པ་དང༌། ལོ་སྐེག་ཟླ་སྐེག་ཞག་སྐེག་ཟ་མའི་སྐེག་ཆགས་ཆེ་ཉམས་ང་བ་བཀྲ་མི་ཤིས་པ་ཐམས་ཅད་ཕྱིར༴ གཞན་ཡང་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས་གཟའ་དང་རྒྱུ་སྐར། དམུ་དང་བདུད། བཙན་དང་གཤིན་རྗེ། ཀླུ་གཉན་ས་བདག །རྒྱལ་འགོང་ཐེ་རང༌། དམ་སྲི་སེན་མོའི་རིགས་ཀྱི་གནོད་པ་ཐམས་ཅད་ཕྱིར༴ མདོར་ན་བདག་དང་ཡོན་བདག་འཁོར་དང་བཅས་པའི་ཕྱི་ནང་གསང་གསུམ་གྱི་ཉོན་མོངས་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །མི་འབྱུང་བར་གྱུར་ཅིག །དཀོན་མཆོག་བསླུ་བ་མེད་པ་དང༌། །ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། །དགྲ་བགེགས་གནོད་པ་བཟློག་པ་དང༌། །བསྲུང་སྐྱོབས་མཐུ་དང་ལྡན་གྱུར་ཅིག །ཨོཾ་སརྦ་དུཥྟན་པྲ་ཏྱངྒི་ར་ཕཊ། རཀྵ་རཀྵ་ཀུ་རུ་སྭཱཧཱ། ཞེས་གཏོར་མ་དྲག་ཏུ་འཕངས། ལྷག་མ་མ་ལུས་པར་བྱ། གཏོར་མ་ཁ་ཕུབ་བ་ལ་རྡོག་པ་གཡོན་པས་མནན་སྟངས་ཙམ་བྱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ན་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། མཧཱ་དཾཥྟོཊ་ཀ་ཊ་བྷཻ་ར་ཝཱ་ཡ། ཨ་སི་


TNT14_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ས་ལ། བ་ར་ཤུ་པ་ཧསྟཱ་ཡ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྤོ་ཊ་ཡ་བི་སྤོ་ཊ་ཡ། སརྦ་བིགྷྣཱན། བི་ནཱ་ཡ་ཀཱ་ན། མཧཱ་ག་ན་པ་ཏི། ཛི་ཝི་ཏ། ཨནྟ་ཀ་ར་ཡ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་དྲག་ཏུ་བཟླས་སོ། །དགྲ་ལ་བྱེད་ན། མཁར་ངོས་ལ་རྒྱག །ཀླུའི་གནོད་པ་བཟློག་ན། ཆུ་བོར་སྐྱལ་ལོ། །དེ་ནས་ཀུན་གྱི་ཕྱི་མིག་མི་བལྟ་བར་སློབ་དཔོན་གྱིས་རྟིང་མནན་ཏེ། བསྲུང་བའི་སྔགས་བཟློས་ཤིང་ལོག་ལ། གོང་གི་བདག་བསྐྱེད་ཀྱི་ཡེ་ཤེས་པ་ཕྱུང་ལ་མཆོད་བསྟོད་བསྡུས་པ་བྱེད། མ་ཕྱུང་པར་རྣལ་འབྱོར་བླ་མེད་ལྟར་བྱེད་ན། རང་ཉིད་ལ་མཆོད་བསྟོད་བྱས་ལ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་བ་ཅི་རིགས་བཟླས་ནས། མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་བཟོད་གསོལ་དང༌། ཡེ་ཤེས་པ་ཕྱུང་ན། བཛྲ་མུཿ ནམ་མཁའི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། དགེ་བ་འདི་ཡིས་མྱུར་དུ་བདག།རྡོ་རྗེ་རྣམ་འཇོམས་འགྲུབ་གྱུར་ནས། །སོགས་དང༌། སྟོན་མཆོག་དམ་པ་སོགས་དང༌། ཞི་བ་ཆགས་བྲལ་སོགས། །ཚོགས་ཀྱི་དམ་པ་སོགས་བཀྲ་ཤིས་བྱའོ། །དཀྱིལ་འཁོར་གྱི་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཕན་ཡོན་ནི་ངེས་པར་འཆི་བ་བསླུ་བ་དང༌། གཞན་གྱི་རྦོད་གཏོང་ཕྱིར་བཟློག་པ་དང༌། གདུག་པའི་ཀླུའི་གནོད་པ་སེལ་བ་དང༌། རིམས་ནད་ལ་


TNT14_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བསྲུང་བར་ནུས་པ་དང༌། སྡང་བའི་དགྲ་བརླག་པར་བྱེད་པ་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་ཀྱང༌། འདིར་གཙོ་བོར་རང་གི་གནོད་པ་བསྲུང་ཞིང༌། གཞན་གྱི་གནོད་པ་བཟློག་པ་ཡིན་ནོ། །དེ་ལྟར་གཏོར་མའི་ཆོ་ག་གསལ་བར་བྱས་པ་ཡིས། །དགེ་བ་འདི་ཡིས་འདི་བྱེད་སྐྱེ་བོ་མ་ལུས་རྣམས། །གདུག་པའི་གདོན་ལས་རྣམ་གྲོལ་ཚེ་རིང་ནད་མེད་དང༌། །བདེ་བ་ཕུན་སུམ་ཚོགས་པའི་འབྲས་བུ་མྱུར་འབྱིན་ཤོག །དོན་གཉེར་འགའ་ཞིག་གིས་ནན་གྱིས་བསྐུལ་བ་ལ་བརྟེན། ཁ་འབར་མའི་གཏོར་ཆེན་གྱི་ཆོ་ག་བ་རི་བའི་མན་ངག །སློབ་དཔོན་བསོད་ནམས་རྩེ་མོས་སྦྱར་བར་གྲགས་པ་ལ་ཡིག་ནོར་དང་ལྷད་དུ་མངོན་པ་ཚོ་སྤངས། ཅུང་ཟད་ཁ་བསྐོངས་བྱས་པ་ནི་ཀུན་དགའ་སྙིང་པོས་ཡིན་ནོ།། །།མངྒ་ལཾ། །གཅིག་ཞུས། །


TNT14_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཇ་མཆོད་བདུད་རྩིའི་འབྱུང་གནས་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །རྣམ་དག་ཡིད་འོང་བདུད་རྩིའི་རྒྱ་མཚོ་ཆེ། །ཐ་མལ་འཁྲུལ་བའི་སྣང་བ་རབ་སྦྱངས་ཤིང༌། །ཡེ་ཤེས་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་རྒྱ་ཆེར་སྤེལ། །ཨོཾ་ཨཱཿཧཱུཾ། འདི་ནི་ཡིད་ལ་བསམས་པས་ཀྱང་འགྲུབ་བོ། །རབ་འབྱམས་ནམ་མཁའི་མཐའ་ཀླས་པར། །ལྷ་རྫས་མཆོད་པ་དཔག་མེད་སྤྲུལ། །ཚད་མེད་མཆོད་སྤྲིན་གསང་སྔགས་དང༌། །ཡིད་སྤྲུལ་སྨོན་ལམ་སྟོབས་ལས་བྱུང༌། །བདག་པོས་ཡོངས་སུ་མ་བཟུང་དང༌། །བདག་གཞན་ལོངས་སྤྱོད་ཐམས་ཅད་ཀྱང༌། །མཚན་འཛིན་དྲི་མ་ཀུན་སྤངས་ནས། །ཞིང་ཀུན་གང་བར་བྱས་ཏེ་འབུལ། །ཀུན་བཟང་རྣམ་འཕྲུལ་རྗེས་འགྲོ་བ། ཁ་དོག་དྲྀ་རོ་རེག་བྱའི་མཆོག །སྤྲོས་བྲལ་ཟུང་འཇུག་བདེ་བའི་རོ། །ཡེ་ཤེས་མཆོད་ཡོན་བླ་ན་མེད། ཁྱབ་བདག་རྗེ་བཙུན་ཆོས་ཀྱི་རྗེ། །རྩ་བའི་བླ་མར་མཆོད་པ་འབུལ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང༌། །མཆོད་འོས་རྒྱ་མཚོར་བཞེས་སུ་གསོལ། །མཆོད་བྱ་མཆོད་བྱེད་མ་དམིགས་ཀྱང༌། །གཉིས་མེད་ཡེ་ཤེས་རང་སྣང་དུ། །ཟག་མེད་བདེ་ཆེན་འཕེལ་བ་དང༌། །ཚོགས་


TNT14_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འབྱོར་བའི་གཙོ་བོར་ཤོག །ཅེས་པའང་རང་གི་སློབ་མ་གྲགས་པ་བཟང་པོས་བསྐུལ་ནས། ཏཱ་ར་ནཱ་ཐས་སྦྱར་བ་སྟེ། ས་གའི་ཟླ་བའི་ཚེས་དྲུག་ལ་དིང་རི་གླང་བསྐོར་དུའོ། ༈ ན་མོ་གུ་རུ། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང༌། །འཁོར་ལོ་སྡོམ་པ་འབར་བའི་གཙོ། །ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སྤྱོད་པའི་རྡོ་རྗེ་བྷ་ཧུ་ལ། །རོང་ཟོམ་ལོཙྪ་འབམ་རོང་པ། །ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨ་ཝ་དྷཱུ་ཏཱི་ཞང་སྟོན་རྗེ། །གཉོས་ཆེན་སངྒྷ་བྷ་དྲའི་ཞབས། །ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །འཇམ་དབྱངས་ཆོས་རྗེ་པཎྜི་ཏ། །གྲུབ་པའི་དཔའ་པོ་ས་སྐྱོང་མཚན། །ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སྲིད་ཞིའི་དཔལ་གྱུར་འགྲོ་བའི་མགོན། །ལུང་རྟོགས་བསྟན་པའི་རྒྱལ་མཚན་འཛིན། །འཇམ་མགོན་ཀུན་དགའ་སྙིང་པོའི་ཞབས། །རྩ་བརྒྱུད་བླ་མར་མཆོད་པ་འབུལ། །རྒྱལ་བ་སྲས་བཅས་ཐམས་ཅད་དང༌། །བསྟན་སྲུང་དམ་ཅན་རྒྱ་མཚོ་ལའང༌། །ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།། །།མངྒ་ལཾ།།


previousགཏོར་མ་ཆེན་པོའི་ཆོ་ག་བར་ཆད་ཀུན་སེལ།next