Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་དམ་པ་ཀུན་དགའ་སྙིང་པོའི་བརྟན་བཞུགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་དམ་པ་ཀུན་དགའ་སྙིང་པོའི་བརྟན་བཞུགས།next

རྗེ་བཙུན་དམ་པ་ཀུན་དགའ་སྙིང་པོའི་བརྟན་བཞུགས།


TNT14_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་དམ་པ་ཀུན་དགའ་སྙིང་པོའི་བརྟན་བཞུགས་བཞུགས་སོ། །ཨོཾ་སྭ་སྟཱི་པྲ་ཛ་བྷྱཿ རབ་འབྱམས་རྒྱལ་བའི་ཐུགས་ཀྱི་གསང་མཛོད་འཛིན། །དཔག་ཡས་འགྲོ་བའི་མིག་གྱུར་རིན་པོ་ཆེ། །མ་ལུས་ཤེས་བྱའི་གནས་ལ་མཁྱེན་པ་རྒྱས། །རྗེ་བཙུན་བླ་མ་ཞབས་པད་བརྟན་གྱུར་ཅིག །འགྲོ་ཀུན་དགའ་བའི་དམ་ཆོས་སྙིང་པོའི་དོན། །བཀྲ་ཤིས་རྒྱལ་མཚན་ལན་བརྒྱར་སྒྲེང་བའི་དཔལ། །འཕྲིན་ལས་བཟང་པོ་འགྲོ་བའི་དེད་དཔོན་མཆོག །དཔལ་ལྡན་བླ་མ་ཞབས་པད་བརྟན་གྱུར་ཅིག །བདེ་ཆེན་སྤྱོད་པའི་རྡོ་རྗེ་སྤྲུལ་པའི་སྐུ། །རྒྱལ་བའི་བསྟན་པའི་སྲོག་ཤིང་ཆོས་ཀྱི་རྗེ། །སྐྱབས་མཆོག་དམ་པ་ཀུན་དགའ་སྙིང་པོའི་ཞབས། །བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་གྱུར་ཅིག །ཤོ་ལོ་ཀ་འདི་གསུམ་བསྟོད་ཡུལ་རང་ཉིད་ཀྱིས་མཛད། ༈ དཔལ་ལྡན་རིགས་བརྒྱའི་ཅོད་པན་མཐོན་པོ་ལ། །ཞབས་ཟུང་བཀྲ་ཤིས་འཁོར་ལོ་ལེགས་བཀོད་ནས། །འགྲོ་ལ་ཡ་མཚན་བགྲང་ཡས་སྩོལ་བཞིན་དུ། །མགོན་ཁྱོད་སྲིད་མཐར་ཞབས་པད་བརྟན་གྱུར་ཅིག །རྒྱལ་བ་ཀུན་གྱི་དགའ་བའི་རང་གཟུགས་ཅན། །ཆོས་ཀུན་སྙིང་པོ་བཀྲ་ཤིས་རྒྱལ་བའི་དངོས། །དགེ་མཚན་དཔལ་འབྱོར་བཟང་པོ་འབྲས་སྩོལ་བ། །མགོན་ཁྱོད་སྲིད་མཐར་ཞབས་པད་


TNT14_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གྱུར་ཅིག །ཤོ་ལོ་ཀ་འདི་གཉིས་བསམ་སྡིངས་ནས་རྗེ་བྱམས་པའི་མཚན་ཅན་གྱིས་ཕུལ། །༈ དཀོན་མཆོག་གསུམ་དང་དྲང་སྲོང་བདེན་པའི་བཀའ། །བཀའ་བསྲུངས་དམ་ཅན་རྒྱ་མཚོའི་མཐུ་སྟོབས་དང༌། །ཆོས་དབྱིངས་འགྱུར་མེད་བདེན་པའི་བྱིན་བརླབས་ཀྱིས། །སྤྲུལ་པ་མཆོག་གི་ཞབས་པད་བརྟན་གྱུར་ཅིག། མཁན་ཆེན་ལུང་རིགས་རྒྱ་མཚོས་ཕུལ། །༈ རྒྱལ་བའི་ལུང་བསྟན་རྣལ་འབྱོར་སྤྱོད་པ་ཡི། །རྣམ་འཕྲུལ་རིམ་བཞིན་འཇམ་མགོན་གྲུབ་པའི་རྗེ། །ཞིང་འདིར་གདུལ་བྱར་དགོངས་པ་ཏཱ་རའི་མཚན། །བསྐལ་བརྒྱར་ཞབས་པད་བརྟན་པར་གསོལ་བ་འདེབས། །སངས་རྒྱས་བསྟན་ལ་ཀུན་དགའ་བའི། །སྙིང་པོའི་བསྟན་པ་ཕྱོགས་བཅུ་ཡི། །འཁོར་འདས་ཡོངས་ཀྱི་དཔལ་མགོན་དུ། །མི་ནུབ་རྒྱལ་མཚན་འཛིན་གསོལ་འདེབས།། །།ཤོ་ལོ་ཀ་གཉིས་པོ་འདི་རྡོ་རྗེ་འཆང་ཆེན་པོ་ལྷ་དབང་གྲགས་པས་ཕུལ། ༈ དུས་རྣམས་ཀུན་དུ་ནད་མེད་ཚེ་རིང་ཞིང༌། །ཕྱི་ནང་འགལ་རྐྱེན་བར་ཆད་ཀུན་ཞི་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་ཕུན་ཚོགས་ཀུན། །འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་བསྟོད་ཡུལ་རང་ཉིད་ཀྱིས་མཛད་པའོ། །མངྒ་ལཾ། །ཤུ་བྷ།། །།


previousརྗེ་བཙུན་དམ་པ་ཀུན་དགའ་སྙིང་པོའི་བརྟན་བཞུགས།next