Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསོ་སྦྱོང་གི་ཆོ་ག་དུས་བཟང་མཆོད་པ་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསོ་སྦྱོང་གི་ཆོ་ག་དུས་བཟང་མཆོད་པ་དང་བཅས་པ།next

གསོ་སྦྱོང་གི་ཆོ་ག་དུས་བཟང་མཆོད་པ་དང་བཅས་པ།


TNT14_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་སྦྱོང་གི་ཆོ་ག་དུས་བཟང་མཆོད་པ་དང་བཅས་པ་བཞུགས་སོ། །


TNT14_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སངས་རྒྱས་ཀུན་ལ་ཕྱག་འཚལ་ནས། །ལས་ཀྱི་མཐའ་ལས་འཚོ་བ་ཡང༌། །སྐྱབས་འགྲོ་སེམས་བསྐྱེད་བླངས་གྱུར་པས། །ཆོ་ག་འདི་ལ་འཇུག་པར་བྱ། །ཚེས་བརྒྱད་དང༌། བཅུ་བཞི་དང༌། བཅོ་ལྔ་དང༌། གནམ་སྟོང་ལ་སོགས་པ་དུས་བཟང་པོ་རྣམས་ལ། དཀོན་མཆོག་གསུམ་གྱི་རྟེན་རྣམས་བཀྲམ། ཁྱད་པར་སངས་རྒྱས་གྱི་སྐུ་གཟུགས་དང༌། བཀའ་རྩོད་མེད་ཀྱི་པོ་ཏི་གཅིག་འབྱོར་ན་ངེས་པར་གལ་ཆེ་ཞིང༌། འབྱོར་རུང་མ་འབྱོར་རུང་མཎྜལ་ཚོམ་བུ་ལྔ་པ་གཅིག་བཀོད། མཆོད་ཡོན་གྱི་སྣོད་ཀྱིས་སྣ་དྲངས་པའི་མཆོད་པ་རྒྱ་ཆེར་བཤམས། དཀར་གཏོར་འབྲང་རྒྱས་ལྟ་བུ་ཞིག་དང༌། ཟས་སྣ་མང་པོ་དང་བཅས་པ་དང༌། སྲུང་མ་རྣམས་ཀྱི་གཏོར་མ་ཞིག་ཀྱང་བཤམས། ལུས་ཐམས་ཅད་བཀྲུ་བའམ། ཁ་དང་ཡན་ལག་ལྔ་དབང་པོའི་སྒོ་རྣམས་བཀྲུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་བཟླ། སྣོད་གཙང་མར་དྲི་བཟང་གི་ཆུ་བླུག་སྟེ།


TNT14_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་བཟླས་ནས། ཀུ་ཤས་གནས་དང་ཡོ་བྱད་གང་ཟག་རྣམས་ལ་གཏོར། ན་མོ་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་རྣམས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པ་དང༌། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་སྟོབས་ལས། དམིགས་པའི་རྟེན་འདི་ཙམ་ལ་བརྟེན་ནས་སའི་ཕྱོགས་འདིར་འཕགས་པ་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་འབྱོན་ཞིང་བཞུགས་པའི་གནས། ཞིང་ཁམས་རྣམ་པར་དག་པ་བདེ་བ་ཅན་ལྟ་བུ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་དང༌། གཞལ་མེད་ཁང་མཚན་ཉིད་ཐམས་ཅད་དུ་ཡོངས་སུ་རྫོགས་པ། རྡོ་རྗེ་རིན་པོ་ཆེ་སེང་གེའི་ཁྲི་དང༌། རིན་པོ་ཆེའི་པད་མ་ལ་སོགས་པ་གདན་གྱི་བཀོད་པ་ཕུན་གསུམ་


TNT14_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་དང་ལྡན་པ། ཕྱི་ནང་ཐམས་ཅད་དུ་འཕགས་པ་ཀུན་དུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ཡོངས་སུ་གང་བ་རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་པ། ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། འཕགས་པ་ཆོས་སྐྱོང་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་དང༌། དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་སྤྱན་ལམ་དུ་འབྱུང་བར་གྱུར་ཅིག །ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་འབྱུང་བར་གྱུར་ཅིག །ནམ་མཁའི་མཐས་གཏུགས་པའི་ཞིང་ཁམས་ཐམས་ཅད་གང་ཞིང་རྒྱས་པར་གྱུར་ཅིག །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ཨོཾ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ ཨོཾ་བཛྲ་སྥ་ར་ཎ་ཁཾ། རོལ་ཆེན་དང་བཅས། ན་མོ་བྷ་ག་ཝ་ཏེ། བཛྲ་ས་ར་པྲ་མ་རྡན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མཧཱ་བཛྲེ་མཧཱ་ཏེ་ཛ་བཛྲེ་མཧཱ་བིརྱ་བཛྲེ་མཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མནྟྲོ་པ་སཾ་ཀྲ་མ་ཎེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤོ་དྷ་ན་ཡེ་སྭཱཧཱ། དེ་ལྟར་མཆོད་པ་བྱིན་རླབས་ཚར་གསུམ་བྱ། དེ་ནས་འགྲུབ་ན་ཕྱོགས་བཅུའི་སངས་རྒྱས་ལ་དམིགས་ནས་ཕྱག་འཚལ་བ་དང༌། བཤགས་པ་རྒྱས་པར་བྱ། གཞན་རྒྱས་པ་མ་འགྲུབ་ཀྱང་ཕུང་པོ་གསུམ་པའི་མདོ་འདོན་པ་ནི་


TNT14_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་བྱ་དགོས་ཏེ། དེ་རྗེས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་ཚར་གསུམ་བྱ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལའང༌། རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བླངས། དེ་ནས་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླང་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། མུ་གེ་


TNT14_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་སྟེ་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ནི་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང༌། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། ཁྲི་གདན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུ་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་བཞིན་སྲོག་གཅོད་ལ་སོགས་སྤོངས། །བླ་མེད་བྱང་ཆུབ་གནས་ཐོབ་ཤོག །སྡུག་བསྔལ་མང་དཀྲུགས་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ལན་གསུམ་བརྗོད། ཨོཾ་ཨ་མོ་གྷ་ཤཱི་ལ་སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ། སཏྭ་པདྨ་བི་བྷུ་ཥེ་ཏ། བྷུ་ཛ་དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུཾ་ཕཊ། ཅེས་ཚུལ་ཁྲིམས་ཡོངས་དག་གི་གཟུངས་བདུན་


TNT14_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཉེར་གཅིག་བཟླ། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཞེས་སོགས་སྨོན་ལམ་གདབ་བོ། །དེ་ནས་སྤྱན་འདྲེན་པ་ནི་སྤོས་སྦར་ཞིང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེར་དགོངས་པ་ཡོངས་རྫོགས་པ། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་སྒྲོལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱའི་ཏོག །རྒྱལ་སྲས་རིག་པའི་ལྷ་མོ་ཚོགས་དང་བཅས། ཁྲོ་བོའི་རྒྱལ་པོ་བཀའ་སྡོད་ཕོ་ཉ་སོགས། །ཐམས་ཅད་མ་ལུས་གནས་འདིར་གཤེགས་སུ་གསོལ། །ཐུགས་རྗེས་འགྲོ་བའི་དོན་དུ་གཤེགས་ནས་ཀྱང༌། །འདིར་བཞུགས་མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་རྣམས་ལ་དངོས་གྲུབ་མཆོག་སྩོལ་ཞིང༌། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨཱ་གཙྪ་ཨཱ་གཙྪ་བྷ་ག་ཝཱན། མཧཱ་ཀ་རུ་ཎི་ཀ་ཨེ་ཧྱ་ཧི། ལན་གསུམ།


TNT14_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ལན་བདུན་གྱིས་མི་མཐུན་པ་རྣམས་སྦྱངས། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གིས་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཨོཾ་ག་ག་ན་ས་མ་ཡ་ཧཱུཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་སོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ༴ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱི་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལ་ཡེ་སྟྭཾ། དབུས་སུ་བཅོམ་ལྡན་ཤཱཀྱའི་རྒྱལ་པོ་ནི། །རྒྱལ་བ་རིགས་ལྔ་ལ་སོགས་ཕྱོགས་བཅུ་དང༌། །དུས་གསུམ་བཞུགས་པའི་སངས་རྒྱས་ཡུམ་ཚོགས་བཅས། །གསང་བའི་བདག་པོ་ལ་སོགས་རྒྱལ་བའི་སྲས། །གཤིན་རྗེ་གཤེད་སོགས་ཁྲོ་བོའི་དབང་པོ་དང༌། །རྡོ་རྗེ་མ་སོགས་བྱང་ཆུབ་སེམས་མའི་ཚོགས། །གཎྜ་རི་དང་རྡོ་རྗེ་ལྕགས་སྒྲོག་མ། །རིག་པའི་ཁྲོ་མོ་གྲངས་ལས་འདས་པ་སོགས། །གཡས་ཀྱི་ཕྱོགས་སུ་


TNT14_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་པའི་དབྱངས། །ལྷ་མོ་བཞི་དང་སེམས་དཔའ་གྲངས་མེད་བཅས། །གཡོན་ཕྱོགས་ཐུགས་རྗེ་ཆེན་པོ་འཇིག་རྟེན་མགོན། །འཕགས་མ་སྒྲོལ་མ་ལ་སོགས་འཁོར་གྱིས་བསྐོར། །མཐའ་བསྐོར་ཡེ་ཤེས་མགོན་པོ་ལྕམ་དྲལ་དང༌། །རྒྱལ་ཆེན་བཞི་དང་འཇིག་རྟེན་སྐྱོང་བ་བཅུ། །དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་ཡོངས་བསྐོར་ཏེ། །བདག་ལ་རབ་ཏུ་དགྱེས་པ་བཞུགས་པར་གྱུར། །དེ་ནས་མཆོད་པ་འབུལ་བ་ནི། ཆུ་བོ་གང་གཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་ཆད་དེ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དྲི་ཞིམ་རེག་ན་བདེ་བ་ཡི། །ཞབས་བསིལ་རྒྱུན་ཡང་མི་ཆད་དེ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་པཱདྱཾ་པྲ་ཏཱིཙྪ་སྭཱཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །དེ་ལྟར་བདག་གིས་ལྷ་རྣམས་ལ། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་དེ་བ་བཛྲ་ཨརྩི་ཏ་ཨ་མྲྀ་ཏ་སྭཱཧཱ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་


TNT14_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་སརྦ་དེ་བ་བཛྲ་ཝཎྜ་ཡེ་སྭཱཧཱ། ཕྲེང་བ་རིན་ཆེན་སེ་མོ་དོ་ཤལ་དང༌། །རྒྱན་གྱི་དམ་པ་མ་ལུས་ཕུལ་བ་ཡིས། །བྱང་ཆུབ་མཆོག་གི་རྒྱན་དང་ལྡན་གྱུར་ནས། །བླ་མེད་ཐེག་པ་མཆོག་ལ་གནས་པར་ཤོག །ཨོཾ་སརྦ་དེ་བ་བཛྲ་ཨ་ལང་ཀ་ར་སྭཱཧཱ། ཐེག་མཆོག་བླ་རེ་མགོན་སྐྱབས་གདུགས་དང་ལྡན། །བདུད་བཅོམ་རྒྱལ་མཚན་བ་དན་ཏིང་འཛིན་འཕན། །བདག་དང་འགྲོ་བའི་དོན་དུ་འབུལ་ལགས་ཀྱི། །དབང་མཆོག་དམ་པ་དུས་འདིར་སྩལ་དུ་གསོལ། །ཨོཾ་སརྦ་དེ་བ་བཛྲ་ཨུ་པསྠ་ན་སྭཱཧཱ། སྣ་ཚོགས་རོལ་མོ་སྙན་པའི་སྒྲ་དག་དང༌། །ལྷ་དང་མི་ཡི་མཆོད་པའི་གླུ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་རབ་བརྒྱན་པ། །ཐེག་པ་མཆོག་གིས་ངེས་པར་བགྲོད་པར་ཤོག །ཨོཾ་སརྦ་དེ་བ་བཛྲ་སྭ་ར་ན་ད་སྭཱཧཱ། གཙང་ཞིང་གཙང་མ་ལས་བྱུང་བའི། ལྷ་རྫས་བཟང་པོའི་དྲི་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་དེ་བ་བཛྲ་གནྡྷེ་སྭཱཧཱ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱཧཱ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གིས་དད་པས་འབུལ་


TNT14_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་དེ་བ་བཛྲ་པུཥྤེ་སྭཱཧཱ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ། །དྲི་ཡི་རྒྱས་པ་ལྷ་ཡི་རྫས། །ནགས་ཚལ་བཅུད་ནི་ཡིད་འོང་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་དེ་བ་བཛྲ་དྷུ་པེ་སྭཱཧཱ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱཧཱ། སྨན་རྣམས་བཅུད་གཙང་ཡིད་གར་འོང༌། །སྔགས་ཀྱི་ཞལ་ཟས་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་དེ་བ་བཛྲ་ནཻ་ཝེ་ཏྱ་སྭཱཧཱ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱཧཱ། གནོད་པ་འཇོམས་ཤིང་བཀྲ་ཤིས་པ། །དགེ་ཞིང་མུན་པ་རྣམ་སེལ་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་དེ་བ་བཛྲ་ཨཱ་ལོ་ཀེ་སྭཱཧཱ། ཨཱ་ལོ་ཀ་ཨཱ་ལོ་ཀ་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱཧཱ། པི་ཝཾ་མ་དང་གླིང་བུ་མ། །རྫ་རྔ་མ་དང་རྫ་རྔ་ཆེ། །བཞད་མ་སྒེག་མོ་གླུ་གར་མ། །མེ་ཏོག་མ་དང་སྤོས་འཆང་མ། །མར་མེ་མ་དང་དྲི་ཆབ་མ། །མེ་ལོང་མ་དང་རོ་འཛིན་མ། །རེག་བྱ་མ་དང་ཆོས་ལྡན་མ། །ནམ་མཁའ་གང་བའི་ཚོགས་རྣམས་ཀྱིས། །དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི། །ཨོཾ་ན་ན་ཨ་ར་ཙི་ཏ་སྥ་ར་ཎ་ཁཾ། མཐོན་མཐིང་འོད་ཆགས་རྡོ་རྗེ་པི་ཝཾ་མ། རྒྱུད་མང་སྙན་པའི་སྐད་ཀྱིས་ཡིད་སྒྱུར་བྱེད། །


TNT14_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལྷ་མོས་མཆོད་པའི་རོལ་བ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་བཱི་ནི་སྭཱཧཱ། མཆོག་གི་གསེར་མཚུངས་རྡོ་རྗེ་གླིང་བུ་མ། །སྙན་རྒྱུད་རིན་ཆེན་གླིང་བུའི་སྒྲ་དབྱངས་ཅན། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་པ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་ཝཾ་སེ་སྭཱཧཱ། བིམྤ་ལྟར་དམར་རྡོ་རྗེ་རྫ་རྔ་མ། །སྐད་སྙན་ལྷ་རྫས་བཟང་པོའི་རྫ་རྔ་འཁྲོལ། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་པ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་མུ་ར་ཛེ་སྭཱཧཱ། མརྒད་མདོག་མཚུངས་རྡོ་རྗེ་རྔ་ཆེན་མ། །རྔ་ཟླུམ་ཆེར་སྒྲོག་ནམ་མཁའ་ཕྱོགས་ཀུན་འགེངས། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་བ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་མྲྀ་ཏང་གེ་སྭཱཧཱ། པདྨ་རཱ་གའི་མདངས་ཅན་བཞད་པ་མོ། །འཛུམ་ཞལ་རྒྱས་པས་གཞན་གྱི་ཀུན་དགའ་བསྐྱེད། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་བ་འདིས། རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་ཧ་སྱ་སྭཱཧཱ། མཐོན་ཀ་ཆེན་པོའི་འོད་ཅན་རབ་སྒེག་མ། །རྡོ་རྗེ་དྲིལ་འཆང་དཀུར་བརྟེན་སྙན་པའི་ཚུལ། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་བ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་ལ་སྱ་སྭཱ་ཧཱ། བཙོ་མའི་གསེར་མདོག་རྡོ་རྗེ་གླུ་དབྱངས་མ། །ཤེས་རབ་དབྱངས་ཅན་རྣ་བའི་བཅུད་ལེན་མཁན། །རྡོ་རྗེ་ལྷ་མོས་མཆོད་པའི་


TNT14_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་བ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་གཱི་ཏི་སྭཱཧཱ། རྨ་བྱའི་སྤུ་ལྟར་སྔོ་ལྗང་གར་མཁན་མ། །མཉེན་ལྕུག་ཡན་ལག་མཆོག་གུས་ཁྲོ་གར་བསྒྱུར། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་བ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་ནིརྟི་སྭཱཧཱ། སྟོན་ཟླ་ལྟར་དཀར་རྡོ་རྗེ་མེ་ཏོག་མ། །ལྷ་རྫས་མེ་ཏོག་བྱེ་བའི་ཆར་འབེབས་བྱེད། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་བ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་པུཥྤེ་སྭཱཧཱ། སྔོ་སྐྱ་དུད་སྤྲིན་ལུས་ཅན་བདུག་པ་མ། །མཁའ་ཁྱབ་དྲི་ཞིམ་བདུག་པའི་སྤོས་སྤྲིན་ཅན། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་བ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་དྷཱུ་པེ་སྭཱཧཱ། གུར་གུམ་གཞོན་ནུའི་ལུས་ཅན་སྣང་གསལ་མ། །རིན་ཆེན་སྣང་བས་ཕྱོགས་བཅུའི་མུན་སེལ་བྱེད། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་བ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་དཱི་པཾ་སྭཱཧཱ། འཆར་ཀའི་མདངས་ལྟར་དམར་སྐྱ་བྱུག་པ་མ། །ལེགས་སྦྱར་དྲི་མཆོག་དགེ་བས་རྟོག་པ་སེལ། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་བ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་གནྡྷེ་སྭཱཧཱ། ཁ་བ་དུང་ལྟར་རྣམ་དཀར་གཟུགས་བརྙན་མ། །རྣམ་དག་


TNT14_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་དངུལ་དཀར་མེ་ལོང་གཡོན། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་བ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་རཱུ་པེ་སྭཱཧཱ། ལེབ་རྒན་རྩི་ལྟར་ལུས་དམར་རོ་ལྡན་མ། །བདུད་རྩིའི་བཅུད་ལྡན་ལྷ་ཡི་ཞལ་ཟས་འཛིན། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་བ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་རཱ་སེ་སྭཱཧཱ། དུར་བའི་འདབ་ལྟར་ལྗང་སེར་རེག་བྱ་མོ། །རེག་པའི་བདེ་བ་མཆོག་སྟེར་ན་བཟའ་འཛིན། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་བ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་སྤར་ཤེ་སྭཱཧཱ། ཀུན་ད་ཀུ་མུད་རྒྱས་འདྲ་ཆོས་དབྱིངས་མ། །རྒྱལ་བ་ཀུན་བསྐྱེད་སྐྱེ་གནས་ཕྱག་རྒྱ་ཅན། །རྡོ་རྗེ་ལྷ་མོས་མཆོད་པའི་རོལ་བ་འདིས། །རྒྱལ་བ་སྲས་བཅས་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་སརྦ་དེ་བ་བཛྲ་དྷརྨ་དྷཱ་ཏུ་སྭཱཧཱ། །བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་ཆད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་དེ་བ་བཛྲ་ཙཀྲ་རཏྣ་སྭཱཧཱ། རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །དབུལ་ཞིང་ཕོངས་པ་རྒྱུན་ཆད་ནས། །འབྱོར་བ་ཕུན་སུམ་ཚོགས་པར་ཤོག །ཨོཾ་སརྦ་དེ་བ་བཛྲ་མ་ཎི་རརྣ་སྭཱཧཱ བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་ཆད་


TNT14_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ཏེ། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཨོཾ་སརྦ་དེ་བ་བཛྲ་ཝསྟི་རཏྣ་སྭཱཧཱ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་ལྡན་ཞིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་སརྦ་དེ་བ་བཛྲ་མཧཱ་ཏ་རཏྣ་སྭཱཧཱ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ཞིང༌། །བླ་མེད་ཐེག་པ་རབ་ཞོན་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཨོཾ་སརྦ་དེ་བ་བཛྲ་ཧསྟི་རཏྣ་སྭཱཧཱ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཞིང༌། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་ཀུན་བགྲོད་པར་ཤོག །ཨོཾ་སརྦ་དེ་བ་བཛྲ་ཏུ་རངྒ་ཨ་ཤྭ་རཏྣ་སྭཱཧཱ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ཏེ། །ཕས་ཀྱི་སྒོལ་བ་ཚར་བཅད་ནས། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་སརྦ་དེ་བ་བཛྲ་ཁདྒ་རཏྣ་སྭཱཧཱ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་དེ་བ་བཛྲ་རཱུ་པ་ཀཱ་མ་གུ་ན་སྭཱཧཱ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་དབྱངས་ཅི་མཆིས་རྣམས། །མོས་བློས་


TNT14_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་རྩལ་དུ་གསོལ། །ཨོཾ་སརྦ་དེ་བ་བཛྲ་ཤཔྟ་ཀཱ་མ་གུ་ན་སྭཱཧཱ། ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང༌། །ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་དེ་བ་བཛྲ་གནྡྷེ་ཀཱ་མ་གུ་ན་སྭཱཧཱ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་དེ་བ་བཛྲ་ཀཱ་མ་གུ་ན་སྭཱཧཱ། །ཕྱོགས་དུས་ཀུན་ན་འཇམ་མཉེན་འབྲེལ་ཆགས་པ། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ༴ བཞེས་ཤིག་བླ་མེད༴ ཨོཾ་སརྦ་དེ་བ་བཛྲ་པ་ར་ཀཱ་མ་གུ་ན་སྭཱཧཱ། །བར་འདིར་སྤྲོ་ན། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །ཞེས་པ་ནས། བརྟུལ་ཞུགས་མཆོག་ལའང་ཕྱག་འཚལ་ལོ། །ཞེས་པའི་བར་ཡང་བརྗོད། དེ་ནས་བསྟོད་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སོགས་དང༌། མགོན་པོ་ཐུགས་རྗེ་སོགས། དཀོན་མཆོག་གསུམ་དང༌། རིགས་གསུམ་པོའི་བསྟོད་པ་སོགས་འདོན། བསྡུ་ན་དེ་ཙམ་གྱིས་ཆོག །ཤིན་ཏུ་རྒྱས་པ་ལ་སྤྲོ་ན། སེམས་ཅན་རྣམས་ལ་བརྩེ་བ་ཅན་སོགས་དང༌། འགྲོ་བ་རྒྱུད་ལྔ་སོགས་དང༌། རྒྱལ་བ་རིགས་ལྔའི་བསྟོད་པ་སོགས་དང༌། མཉམ་


TNT14_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མི་གཡོ་མ་དང༌། ཐུབ་པའི་དབང་པོ་དང༌། འཇམ་དབྱངས་དང༌། སྤྱན་རས་གཟིགས་དང༌། སྒྲོལ་མའི་སྒོས་ཀྱི་བསྟོད་པ་སོགས་དང༌། དེ་བཞིན་དུ་མཚན་ཡང་དག་པ་སོགས་ཀྱང་འདོན་པར་བྱའོ། དེ་ནས་གཏོར་འབུལ་ནི། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བྷྲུཾ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ལན་གསུམ་སོགས་ཀྱིས་བྱིན་གྱིས་རླབས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱ་ཧཱུཾ་ཕཊ་སྭཱཧཱ། ལན་མང་པོས་ཕུལ། བར་འདིར་ཡི་དམ་དང༌། ཆོས་སྐྱོང་དང་གཞི་བདག་སོགས་སྒོས་ཀྱི་གཏོར་བསྔོ་བྱེད་པར་སྤྲོ་ན། ཇི་ལྟར་སྐབས་སུ་བབ་པ་ཡང་བྱ། སྤྱི་གཏོར་འབྲང་རྒྱས་དེའི་ཕུད་ཕུལ། ལྷག་མ་རྣམས་ཙ་རུའི་བཟའ་བར་ལོངས་སྤྱོད། སླར་ཡང་མཆོད་པ་རྣམས་ཁ་གསོས། གོང་བཞིན་བྱིན་རླབས་ཚར་གཅིག་བྱས་ན་ལེགས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་ནི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཞིང་དང་རྒྱ་ཆེན་ཞིང་གཞན་དང༌། །ལྷ་རྫས་མེ་ཏོག་ཡིད་འོང་བ། །ཆུ་དང་ཐང་སྐྱེས་ཡིད་བྱུང་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །ཕྱོགས་བཅུ་ཀུན་ན་བདུག་སྤོས་


TNT14_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ལྷ་རྫས་སྤོས་ཀྱི་ཤིང་ལ་སོགས། །དྲི་ཞིམ་ཡིད་འོང་དང་ལྡན་པ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །འཇིག་རྟེན་འདིའམ་ཕྱོགས་བཅུ་ན། །རིན་ཆེན་མར་མེ་ལ་སོགས་པ། །སྣང་བའི་ཁྱད་པར་གང་ཡོད་པ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ལྷ་ལ་སོགས་པ་དྲི་ཡི་རྫས། །ཕྱོགས་བཅུ་ཀུན་ན་གང་ཡོད་པ། །ཚིམ་བྱེད་ཡིད་འོད་དང་ལྡན་འདི། །སངས་རྒྱས་སྲས་དང་བཅས་ལ་འབུལ། །འཇིག་རྟེན་འདིའམ་ཕྱོགས་བཅུ་ན། །ལྷ་དང་མི་ལ་སོགས་པའི་ཟས། །ཡོན་ཏན་ཀུན་ལྡན་གང་ཡིན་དེ། །ཐུབ་དབང་ལ་ནི་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞེས་སོགས་དང༌། ན་མོ་བྷ་ག་ཝ་ཏེ། བཛྲ་ས་ར་སོགས་ཀྱིས་རོལ་མོའི་སྒྲ་བྱའོ། །གཙོ་བོ་ནུས་པ་མ་མཆིས་པས། །མ་རྙེད་ཡོངས་སུ་མ་ཚང་དང༌། །འདིར་ནི་བྱ་བ་གང་ནོངས་པ། །འདི་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཛ་ཡ་ཛ་ཡ། སྭ་སྟི་སྭ་སྟི། གཙྪ་གཙྪ་སྭ་བྷཱ་ཝ་ནཾ། འཇུག་ཏུ་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བྱའོ། །འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱིའི་མཆོད་པ་བྱ་ཚུལ་ཡིན་ལ། སྒོས་ཀྱི་མཆོད་པ་ནི། རང་རང་གི་གཞུང་བཞིན་


TNT14_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ་ཞིང༌། འདི་དང་སྒོས་མཆོད་རྣམས་སྦྲཻལ་བར་འདོད་ན། སྤྱིའི་མཆོད་པ་ནི་སོང༌། ཙ་རུའི་མཆོད་པ་མ་ཕུལ་བའི་བར་དེར། སྒོས་ཀྱི་ཆོ་ག་རྣམས་བྱའོ། །དུས་བཟང་མཆོད་པའི་བྱ་བ་ནི། །ཐེག་པ་ཆེན་པོའི་ཁྱད་ཆོས་ཡིན། །མདོ་སྔགས་གཉིས་ཀྱི་ཐུན་མོང་ཡིན། །སྔགས་ལ་ཞུགས་པ་མིན་ཡང་སླ། །དཀྱིལ་འཁོར་མཐོང་ན་མཆོག་ཏུ་བསྔགས། །གུས་པའི་ཡིད་ཀྱིས་འདི་བསྒྲུབས་ན། །ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །དགེ་བས་དེ་ཡང་བྱང་ཆུབ་བསྔོ། །ཞེས་པ་དུས་བཟང་མཆོད་པའི་རིམ་པ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །མངྒ་ལཾ། དུས་བཟང་ཉིན་ཞག་ཕྲུགས་རེ་ལ། །ཚུལ་ཁྲིམས་ལུས་བཟང་རབ་མཛེས་པས། །དཀོན་མཆོག་མཆོད་པའི་སྤྲིན་ཕུང་འདིར། །འབད་ལས་བྱང་ཆུབ་མཆོག་ཐོབ་ཤོག།


previousགསོ་སྦྱོང་གི་ཆོ་ག་དུས་བཟང་མཆོད་པ་དང་བཅས་པ།next