Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་བཟློག་བསྡུས་པའི་ལག་ལེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་བཟློག་བསྡུས་པའི་ལག་ལེན།next

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་བཟློག་བསྡུས་པའི་ལག་ལེན།


TNT14_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་བཟློག་བསྡུས་པའི་ལག་ལེན་བཞུགས་སོ། །


TNT14_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། མྱུར་མཛད་ཡེ་ཤེས་ཀྱི་མགོན་པའི་གཏོར་ཟོར་བསྡུས་པའི་ལག་ལེན་ནི། གཏོར་ཤོམ་སོགས་གཏོར་ཆོག་དང་བསྐང་གསོ་གཞུང་སྲང༌། ལྕགས་སྣོད་སོགས་སུ་དམར་གཏོར་ཟུར་གསུམ་དབལ་ཅན་ཁྲག་གིས་སྦགས་པ། ཡུངས་ཀར་གྱི་གང་བུ་དང༌། ཚེར་མ་ཟན་ལིང་སོགས་བཙུགས། ཆོས་འབྱུང་གྲུ་གསུམ་མེ་རི་དང་བཅས་པའམ། སྟག་ལྤགས་དང་མི་ལྤགས་སོགས་ཀྱི་སྟེང་དུ་སྟེགས་བུའི་ཁ་ལ་བཞག །སྒཽས་ཀྱི་མཆོད་པ་བཤམས། ཁྲག་གམ་ཁྲག་ཏུ་རྫུས་པའི་མཆོད་ཡོན་ཞབས་བསིལ། དབང་པོ་ལྔའི་མེ་ཏོག །འཁྲིས་པའི་དྲི་ཆབ། ཞལ་ཟས་དམར་རྒྱན་ཅན་གྲུ་གསུམ་སོགས་དྲག་པོའི་མཆོད་རྫས་བཤམས། གཏོར་ཆོག་བསྐང་བཤགས་བསྟོད་པ་ཚར་གཅིག་སོང་བའི་མཚམས་སུ་སླར་ཡང་མཆོད་པ་བྱིན་རླབས་བྱ་སྟེ། དགྲ་བགེགས་ཀྱི་ཤ་ཁྲག་ཏུ་མོས། གཏོར་མ་


TNT14_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུས་བཞིན་བྱིན་གྱིས་བརླབས། དེཉིད་གཏོར་ཆོག་ལྟར་མགོན་པོ་འཁོར་བཅས་སུ་བསྐྱེད་ཅིང་སྤྱན་འདྲེན་མཆོད་བསྟོད་བྱ། བསྐང་གཏོར་ཡང་གསོས། རྒྱག་གཏོར་ལ་མཐེབ་སྐྱུ་གྲུ་གསུམ་ཤ་ཁྲག་གིས་བརྒྱན་པ་བདུན་ལས་མི་ཉུང་བ་བཏབ། ཆབ་དང་ནང་མཆོད་ཀྱིས་བྲན། གཏོར་མ་གསོས་པ་རྣམས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དགྲ་བགེགས་ཐམས་ཅད་བཀུག་ཅིང་ཚར་བཅད་གཏོར་མ་ལ་ཐིམ་པས་ཤ་ཁྲག་གི་རྒྱ་མཚོར་གྱུར། དགྲ་བགེགས་ཀྱི་ཤ་ཁྲག་ནམ་མཁའ་གང་བ་ཞལ་དུ་བསྟབ་པར་མོས་ཏེ། གཏོར་ཆོག་ལྟར་གཏོར་མ་འབུལ། ཤཱ་ས་ན་མང་དུ་བཟླས། སླར་ཡང་བསྐང་གསོ་མཆོད་བསྟོད་ཚར་གཅིག་སོགས་ཇི་ལྟར་འོས་པ་བྱ། དེའི་མཚམས་ནས་མགོན་པོའི་བསྟོད་པ་ཇི་ལྟར་འོས་པ་ཞིག་དང༌། འཁོར་གྱི་བསྐུལ་རྣམས་བྱ་སྟེ།


TNT14_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་ཡི། །ཤར་གྱི་ཕྱོགས་ཀྱི་བཀའ་མཉན་པ། །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག །ཕྱག་གཡས་གྲི་གུག་དགྲ་སྲོག་གཅོད། །གཡོན་པ་ཐོད་སྙིང་གཙོ་ལ་སྟོབས། །ཞལ་གདངས་མཆེ་གཙིགས་འཇིགས་པའི་གཟུགས། །དོམ་ནག་རྒྱུག་ཅིང་དགྲ་ལ་རྔམ། ཁྱོད་ཀྱིས་མི་ཐུབ་གང་ཡང་མེད། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་བསྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །བླ་མའི་སྐུ་དགྲ་ཁྱོད་ཀྱིས་སྒྲོལ། །རྣལ་འབྱོར་འཕྲིན་ལས་ཁྱོད་ཀྱིས་བསྒྲུབས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །དྲག་ལས་དམིགས་གསལ་ཡོད་ན་འདི་ཞེས་འཇུག་ཅིང༌། དེ་མིན། གནོད་བྱེད་ཐལ་བ་རྡུལ་དུ་རློག །ཅེས་བརྗོད། དེས་རིགས་བསྒྲེས་ཏེ། དཔལ་ལྡན་མགོན་པོ་ནག་པོ་ཡིས། །ལྷོའི་ཕྱོགས་ཀྱི༴ དབང་ཕྱུག་ཛི་ན་མི་ཏྲ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །ཕྱག་གཡས་ཅང་ཏེའུ་མཁའ་ལ་འཁྲོལ། །གཡོན་པ་གཅོད་པའི་འཁོར་ལོ་འཕེན། །སྤྱན་རྩ་དམར་པོ་གློག་ལྟར་འཁྱུག །སེང་གེ་རྒྱུག་ཅིང་༴ ཁྱོད་ཀྱིས༴ སངས་རྒྱས་བསྟན་པ༴ སོགས་སྔར་དང་འདྲ། དཔལ་ལྡན༴ ནུབ་ཀྱི༴ གཤིན་རྗེ་ཊཀྐི་རཱ་ཛ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཕྱག་གཡས་རྒྱུ་ཞགས་དགྲ་ལ་འཕེན། གཡོན་པ་སྡིགས་མཛུབ་བགེགས་ལ་སྡིགས། །མེ་འོད་འབར་བའི་སྤྱན་གསུམ་བགྲད། །


TNT14_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་མོ་རྒྱུག་ཅིང་༴ ཁྱོད་ཀྱིས༴ དཔལ་ལྡན༴ བྱང་གི༴ སྲོག་བསྡུད་ཏྲཀྴད་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །ཕྱག་གཡས་རུ་མཚོན་རྩེ་གསུམ་འཛིན། །གཡོན་པ་ཙནྡན་བིང་ཆེན་བསྣམས། །རྔམ་བརྗིད་ཁྲོས་ལ་འཇིགས་པའི་སྐུ། །རྟ་ནག་རྒྱུག་ཅིང་༴ ཁྱོད་ཀྱིས༴ ཞེས་པས་བསྐུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྙིང་པོའི་མཐར། སུ་ཏིཥྛ་ཛཿཧཱུཾ་བཾ་ཧོཿ གཏོར་མའི་ལྷ་བྲིས་སྐུའི་ཐུགས་ཀར་ཐིམ། གཏོར་མ་ལ་དགྲ་བགེགས་བཀུག་པའི་དམིགས་པ་ཡང་བྱ། ཤ་ཁྲག་གི་རྒྱ་མཚོར་གྱུར་པ་གོང་བཞིན་དུ་བསྟབ། ལྷག་མ་དུག་དང་མེ་དང་མཚོན་ཆའི་ཕུང་པོ་ཆེན་པོར་གྱུར། དེ་ནས་སྒོ་དབྱེ་བྱ་སྟེ། ཧཱུཾ་བཀའ་ནི་དཀོན་མཆོག་གསུམ་གྱིས་བཀའ། །ལས་ནི་དམ་ཅན་ཡོངས་ཀྱི་ལས། །དོ་ནུབ་དགྲ་ལ་ཟོར་འཕེན་གྱི། །འབྱུང་པོ་ཐམས་ཅད་སྐུ་ཟུར་ཅིག །སྒོ་བ་རྣམས་ཀྱིས་སྒོ་ཕྱེ་ཞིང༌། །འཕྲང་བ་རྣམས་ཀྱིས་འཕྲང་སོལ་ཅིག །དོ་ནུབ་ཟོར་ཁ་གཉན་པོ་འདི། །སྟེང་གི་ལྷ་ལ་མི་འཕེན་ནོ། །འོག་གི་ཀླུ་ལ་མི་འཕེན་ནོ། །བར་གྱི་བཙན་ལ་མི་འཕེན་ནོ། །སྡེ་བརྒྱད་རྣམས་ལ་མི་འཕེན་ནོ། །ཡུལ་ལྷ་རྣམས་ལ་མི་འཕེན་ནོ། །ས་བདག་རྣམས་ལ་མི་འཕེན་ནོ། །མཐོ་བ་རྣམས་ནི་ཞབས་བསྐུམ་ཤིག །དམའ་བ་རྣམས་ནི་དབུ་ཆུམས་ཤིག །བར་པ་རྣམས་ནི་སྐུ་ཟུར་ཅིག།ཟོར་འདི་སྡང་བའི་དགྲ་ལ་འཕེན། །ཟོར་འདི་གནོད་པའི་བགེགས་ལ་ཡ། ཞེས་སྒོ་ཕྱེ་ནས། སྒོས་མཆོད་རྣམས་འཕེན་


TNT14_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ལ་བཏབ། ཆོས་འབྱུང་ཡོད་ན་དེ་ཡང་ཕྱགས་ཏེ་བླུག །གསེར་སྐྱེམས་དང་གཏོར་མ་ཕྱི་རོལ་དུ་ཁྱེར་ནས། ཕྱོགས་སྐྱོང་བཅུའི་བསྐུལ་འདི་སྒོའི་ཕྱི་རོལ་ཏུ་བྱས་ཀྱང་རུང་སྟེ། དཔལ་ལྡན་མགོན་པོ་ནག་པོ་ནི། །ཤར་གྱི་ཕྱོགས་ཀྱི་དུར་ཁྲོད་ནས། །དྲི་ཟ་འབུམ་གྱི་འཁོར་དང་བཅས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དེ་ཁས་རིགས་འགྲེ་སྟེ། དཔལ་ལྡན་མགོན་པོ་ནག་པོ་ནི། །ཤར་ལྷོ༴ མེ་ལྷ༴ ལྷོ་ཡི༴ གཤིན་རྗེ༴ ལྷོ་ནུབ༴ སྲིན་པོ༴ ནུབ་ཀྱི༴ ཆུ་ལྷ༴ ནུབ་བྱང་༴ རླུང་ལྷ༴ བྱང་གི༴ གནོད་སྦྱིན༴ བྱང་ཤར༴ འབྱུང་པོ༴ སྟེང་གི༴ ཚངས་པ༴ དཔལ་ལྡན༴ འོག་གི༴ ས་བདག༴ ཁྱོད་ཀྱི༴ དཔལ་ལྡན༴ གནས་བདག་མ་མོའི་ཕོ་བྲང་ནས། །འཇིགས་བྱེད་མ་མོ་ཆེན་མོ་ནི། །མཐིང་ནག་དྲེ་རྟ་རྐང་གསུམ་ཆིབས། །ཕྱག་ན་ཁྲམ་ཤིང་ནད་རྐྱལ་བསྣམས། །འཁོར་དུ་མ་མོ་འབུམ་གྱིས་བསྐོར། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། རེ་རེའི་མཐར། དགྲ་བགེགས་ཐལ་བ་རྡུལ་དུ་རློག །ཅེས་པ་རེ་སྦྱར་ཀྱང་ཆོག །དེ་ནས་གཏོར་མ་རྒྱག་སར་ཁྱེར་ནས། གསེར་སྐྱེམས་དང་པོ་ནམ་མཁའ་མཛོད་ཀྱིས་སྔགས་རྒྱས། བླ་མ་དཀོན་མཆོག་ལ་འབུལ། གཉིས་པ་སྡེ་བརྒྱད་སྤྱི་ལ་འབུལ། གསུམ་པ་ཡུལ་ལྷ་གཞི་བདག་ལ་འབུལ། བཞི་པ་ལམ་ན་གནས་པ་ལ་འབུལ། ལྔ་པ་དགྲ་བགེགས་ཀྱི་ལྷ་ལ་བྱིན་ལ། གདུག་པ་ཅན་ལ་བསྲུང་སྐྱོབ་མ་བྱེད་ཅིག་ཅེས་བྱ། གོང་གི་སྒོ་དབྱེ་དེ་ལས་སྒོ་བ་རྣམས་ཀྱི་སོགས་ཚིག་གཉིས་བཞག །ཧཱུཾ་དུར་ཁྲོད་འཇིགས་སུ་རུང་བའི་ཤར་ཕྱོགས་ནས། ཁྱོད་ཀྱིས་


TNT14_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཉན་ལས་བྱེད་ཕོ་ཉ་པོ། །མིའི་གཟུགས་ལ་སྲིན་པོའི་གདོང་པ་ཅན། །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་ལས་མཛོད་ཅིག །ཧཱུཾ་དུར་ཁྲོད་འཇིགས་སུ་རུང་བའི་ལྷོ་ཕྱོགས་ནས། ཁྱོད་ཀྱི་བཀའ་གཉན་ལས་བྱེད་ཕོ་ཉ་པོ། ཁ་ནས་དུག་དང་ཁྲག་གི་ཟོར་འཕེན་པ། །དབང་ཕྱུག་ཛི་ན་མི་ཏྲ་ལས་མཛོད་ཅིག །དེས་རིགས་འགྲེ་སྟེ། ནུབ་ཕྱོགས་ནས༴ མི་ཤ་ཁྲག་གི་དྲི་ཚོར་བཟོད་རླགས་མེད། །གཤིན་རྗེ་ཊཀྐི་རཱ་ཛ་ལས་མཛོད་ཅིག །ཧཱུཾ། དུར་ཁྲོད་འཇིགས་སུ་རུང་བའི་བྱང་ཕྱོགས་ནས། ཁྱོད་ཀྱི་བཀའ༴ བདུད་མགོན་མི་ནག་རྟ་ནག་རྫུ་འཕྲུལ་ཅན། །སྲོག་བདུད་ཏྲཀྴད་ནག་པོ་ལས་མཛོད་ཅིག །ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་ནི། །གྲི་གུག་འབར་བས་དགྲ་སོགས་གཅོད། །ཐོད་རློན་འབར་བས་དགྲ་ཁྲག་གསོལ། །སྤུ་གྲི་རྣོན་པོས་དགྲ་སྙིང་ཐོན། །ཅང་ཏེའུ་སྒྲ་ཡིས་དབང་དུ་བསྡུས། །ཙནྡན་བིང་ཆེན་ཀླད་ལ་རྒྱོབ། །བདག་གི་བསམ་པའི་དོན་སྒྲུབས་ལས། །གནོད་བྱེད་རྡུལ་ཕྲན་བཞིན་དུ་མཛོད། །ཅེས་པའི་མཐར་རོལ་མོའི་སྒྲ་ཆེན་པོ་དང་བཅས་ཏེ་གཏོར་མ་ཟོར་དུ་འཕང༌། དམིགས་པ་བླ་མའི་ཞལ་ལས་བླངས། སླར་ཡང་ལོག་སྟེ། ཡཾ་རཾ་བཾ་ལཾ། ཞེས་འབྱུང་བཞིའི་ར་བས་ལམ་བཅད། སློབ་དཔོན་གྱིས་རྟིང་མནན་ནས་འོངས། ནང་དུ་མཆོད་བསྟོད་སོགས་རྗེས་ཆོག་རྣམས་བྱའོ།། །།གཏོར་བཟློག་བསྡུས་པའི་ཡི་གེ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །ཞུས་དག །དགེ་ལེགས་འཕེལ།།


previousདཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་བཟློག་བསྡུས་པའི་ལག་ལེན།next