Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྐང་གསོའི་ཆོག་སྒྲིག་འཕྲིན་ལས་རྣམ་རོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྐང་གསོའི་ཆོག་སྒྲིག་འཕྲིན་ལས་རྣམ་རོལ།next

བསྐང་གསོའི་ཆོག་སྒྲིག་འཕྲིན་ལས་རྣམ་རོལ།


TNT14_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་གསོའི་ཆོག་སྒྲིག་འཕྲིན་ལས་རྣམ་རོལ་བཞུགས་སོ། །


TNT14_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་དང་ལྷག་པའི་ལྷ་དང༌། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཇོ་ནང་བ་ཆེན་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ལ་ཕྱག་འཚལ་ལོ། །འདིར་གཏོར་ཆོག་སྙིང་པོ་གསལ་བ་དང་རྗེས་སུ་འབྲེལ་བར། ཡི་དམ་དང་བསྟན་སྲུང་ཁྱད་པར་ཅན་རྣམས་མཆོད་པའི་བསྐངས་བཤགས་ཀྱི་གོ་རིམ་ཅུང་ཟད་གཅིག་བཤད་པར་བྱ་ལ། དེ་ལ་སོ་སོ་ཐད་ཀའི་ཚིག་རྣམས་ནི། སྔོན་བྱོན་གོང་མ་སྐྱེས་བུ་མཆོག་རྣམས་ཀྱིས་མཛད་པ་ཉིད་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་མེད་པ་ཡིན་པས། དེ་དག་ལ་བཅོས་བསླད་དང༌། རང་བློས་གསར་དུ་བརྟགས་པའི་ཚིག་སྦྱོར་ལྷུར་བྱེད་པ་སྤངས་ཤིང༌། གོ་རིམ་མ་འཁྲུགས་པར་སྒྲིག་པ་དང༌། ཚིག་རྒྱ་ཆེན་པོ་དག་གི་སྙིང་པོ་ཅུང་ཟད་བསྡུས་ནས་བརྗོད་དོ། །འདི་ལ་དོན་ཚན་བཅུ་གསུམ་ལས། དང་པོ་ཡོ་བྱད་བཤམས་པ་ནི། བསྙེན་སྒྲུབ་ལས་གསུམ་གྱི་སྐབས་སོ་སོའི་དཀྱིལ་འཁོར་དང་འབྲེལ་བར་དགོས་ཀྱང༌། བསྐངས་བཤགས་ཙམ་ལ། དཀྱིལ་འཁོར་རྒྱས་བསྡུས་རྣམས་མ་འགྲུབ་ན། བྲིས་སྐུའམ་


TNT14_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ལ་སོགས་པ་རྟེན་གང་རུང་ལ་བརྟེན་པས་ཆོག་ཅིང༌། མཆོད་གཏོར་ལས་གཞན་པའི་རྟེན་མེད་ཀྱང༌། བསྐང་བཤགས་ཙམ་ལ་མི་རུང་བ་མ་ཡིན་ནོ། །དེས་ན། གཞན་རྣམས་མན་ངག་གི་ཡི་གེ་རྣམས་ལས་ཤེས་པར་བྱ་ལ། འདིར་དང་པོར་ཕུད་ལ་ཡི་དམ་འཁོར་བཅས་ཀྱི་གཏོར་མ་དང༌། དཀོན་མཆོག་སྤྱི་ལ་འབུལ་རྒྱུའི་ཞལ་ཟས་སོགས་བྱ། དེ་རྗེས་ཆོས་སྐྱོང་བསྲུང་མ་ཡེ་ཤེས་ཀྱི་གཏོར་མ་དང་ཞལ་ཟས་སོགས་བཞེངས། དེ་རྗེས་ཆོས་སྐྱོང་འཇིག་རྟེན་པ་ཡོད་ན་དེའི་གཏོར་མ་དང༌། དེ་ནས་མཁའ་འགྲོ་སྤྱི་གཏོར་དང༌། ལྷག་མ་ལ་སྔོན་འགྲོ་གཏོར་མ་དང་གཞི་བདག་གཏོར་མ་སོགས་བྱའོ། །དེ་ལ་ཡི་དམ་གཏོར་མ་ནི། ཟླུམ་གཏོར་བརྗིད་བག་ཅན་ལ་བཤོས་བུ་དྲུག་གིས་བསྐོར་བའམ། གཙོ་བོའི་གཏོར་མའི་མདུན་དུ་བཤོས་བུ་དྲུག་ལྟར་བྱེད་པའི་ལུགས་ཀྱང་ཡོད། རྟག་གཏོར་དུ་བྱེད་ན་ཐམས་ཅད་ཟུར་གསུམ་དུ་བྱེད་པ་ཡིན་ཀྱང༌། དཀྱུས་ལ་ཟླུམ་གཏོར་དུ་བྱ་ཞིང༌། མགོན་པོའི་གཏོར་མ་ལས་ཅུང་ཟད་ཚད་ཆུང་བར་བྱ་ཞིང༌། དེའི་ཚེ། སྟེགས་བུ་ལྷག་པར་མཐོ་བར་བྱས་པས། ཆོས་སྐྱོང་གི་གཏོར་མ་རྣམས་ལས་རྩེ་མོ་


TNT14_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་བ་འོང་བར་བྱ། ཡི་དམ་གྱི་གཏོར་མའི་གཡོན་ཕྱོགས་སྟེགས་དམའ་བར། ཆོས་སྐྱོང་གི་གཏོར་མ་རྣམས་བཤམས་པར་བྱ་སྟེ། དང་པོར་དཔལ་གུར་གྱི་མགོན་པོ་ལ། གཏོར་མ་ནོར་གཟུགས་མའམ། སྙིང་གཟུགས་མར་གྲགས་པ། རྩ་བ་ཟླུམ་ལ་རྒྱས་པ། སུམ་ཆ་ཡན་ཆད་སྐེད་པ་ངོས་རྣམས་ཟླུམ་ཤིང་རྒྱས་ལ། ཟུར་གསུམ་དབལ་དུ་དོད་པ། རྩེ་མོ་ཟླུམ་པོ་ཅུང་ཟད་རྣོ་བའི་ཚུལ་དུ་བྱ། དེའི་རྩ་བ་པད་འདབ་ཀྱི་རྣམ་པ་ཅན་ནམ། ཟན་ལེབ་གྲུ་བཞིའི་རྣམ་པ་ཅན་གྱི་འཐེབ་སྐྱུས་བསྐོར། དཔལ་ལྷ་མོ་འཁོར་དུ་སྒྲུབ་པ་ཡིན་པས། གཏོར་མ་ལོགས་པ་མེད་ཀྱང་ཆོག །ཅི་སྟེ་བྱེད་ན། སྔ་མ་དང་མཚུངས་པར་བྱེད་པའི་ལུགས་ཀྱང་ཡོད་མོད། གྲུ་གསུམ་དུ་མཛད་པ་ལེགས་པར་མཐོང་སྟེ། མགོན་པོའི་གཏོར་མའི་གཡོན་དུ་བཤམས། དེའི་གཡོན་དུ། རྣམ་ཐོས་སྲས་ཀྱི་གཏོར་མ་རྒྱ་ནག་མ་ལྟར་ཁང་བཟངས་སུ་བྱེད་ན། རྟེན་གཏོར་ལ་སུམ་ཐོག་དགོས་ཀྱང༌། འབུལ་གཏོར་ལ་ཐོག་གཅིག་མ་སོགས་ཇི་ལྟར་བདེ་བས་རུང་ཞིང༌། འོན་ཀྱང་བསྐང་གསོ་ཙམ་ལ་དེ་ལྟར་མ་འགྲུབ་ན་ཟླུམ་གཏོར་གྱིས་ཆོག་ཅིང༌། རྒྱ་གར་མ་ལ་གཏོར་མ་འདི་ཁོ་ན་ཡིན་ཞེས་གྲགས་སོ། །དེ་ཡང་དཀར་གཏོར་དུ་མཛད་པའི་ལག་ལེན་ཤས་ཆེ་ཞིང༌། ཤ་གཙང་མས་རྒྱན་དུ་རུང་བར་ཡང་བཤད་པས། དེ་ལྟར་ཡང་བྱ་ལ། དབྱིབས་ཟླུམ་པོ། རྩ་བ་རྒྱས་པ། རྩེ་མོ་ཧ་ཅང་རྣོ་བ་ཡང་མ་ཡིན་པ་དབུས་ལྡིར་ཞིང༌། རྩེ་མོ་དང་དབུས་ཀྱི་མཚམས་ཕྱེད་པ། རྩ་བའི་མཐའ་བསྐོར་དུ་ཟན་ལེབ་ཕྲ་མོས་བསྐོར་བ། གཙོ་འཁོར་ཐམས་ཅད་དེ་ལ་འདུས་པའམ། འཁོར་གྱི་གཏོར་མ་ལོགས་སུ་བྱེད་ན། བཤོས་ཕྲན་བརྒྱད་ཀྱིས་བསྐོར་བར་བྱེད། ཞལ་བཞི་པ་ལ་བསྐང་བ་བྱེད་ན་དེའི་གཡོན་དུ་བཤམས་ཏེ། གུར་གྱི་མགོན་པོའི་གཏོར་མ་དང་འདྲ་བ་ལས། ཕྱོགས་བཞིར་བཤོས་ཕྲན་ཟུར་གསུམ་རེ་དང༌། མཚམས་བཞིར་ཟན་གྱི་ཐོད་གཟུགས་རེ་བྱེད་པ་ཡང་ཡོད་ཅིང༌། དབུས་ཀྱི་གཏོར་མ་ཡང་ཟུར་གསུམ་འཕྲ་རིངས་


TNT14_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱེད་པའི་ལུགས་ཀྱང་ཡོད་པ་སྤྱིར་འདམ་ཀ་ཡིན་ཀྱང༌། འདི་ཉིད་ཆོས་སྐྱོང་གི་གཙོ་བོར་བྱེད་ན་སྔ་མ་དང༌། ཆོས་སྐྱོང་གོང་མའི་ལས་མཁན་དུ་འདོགས་ན་ཕྱི་མ་ལྟར་ལེགས་སོ། །བསྐང་གསོ་མི་བྱེད་པར་གཏོར་འབུལ་ཙམ་བྱེད་པ་ཡིན་ན། ཐུན་གཏོར་བཤམས་པ་ཁོ་ནས་ཆོག་པས། གཏོར་མ་ཆེན་པོ་མི་དགོས། ལས་མཁན་པུ་ཊ་སོགས་ལ། ལྕམ་དྲལ་གྱི་གཏོར་མའི་འཕྲོ་ནས་བསྔོ་བ་ཡིན་པས། སྒོས་བསྐང་དང་སྒོས་སྒྲུབ་ཀྱི་སྐབས་མ་གཏོགས། སྒོས་གཏོར་ངེས་པར་བཤམས་དགོས་པ་ནི་མ་ཡིན། བཤམ་པར་སྤྲོ་ན། དཀྱུས་དེ་ལ་མི་བཤམ་པར། སྟེགས་བུ་དམའ་བ་ལ། ལྷ་མོའི་གཏོར་མའི་མདུན་ཙམ་དུ་ཟུར་གསུམ་ལྔ་ཚར་རམ་གཅིག་བཤམས། ལྔ་ཚར་དུ་བྱེད་ན་དབུས་མ་མཐོ་བར་བྱ། སྔར་གྱི་གྲལ་གྱི་འཕྲོས་ལ་མཁའ་འགྲོ་སྤྱི་གཏོར་དང༌། གཞི་བདག་གཏོར་མ་རྣམས། ཟླུམ་གཏོར་འཕྲ་རིང་རེ་བྱ། འཇིག་རྟེན་པའི་གཏོར་མ་གཞན་ཡོད་ན། པུ་ཊ་སོགས་ལ་བཤམས་པ་ལྟར་མདུན་དུ་བཤམས་པར་བྱའི། དཀྱུས་ལ་སྒྲིག་པ་མི་ལེགས་པར་མཐོང་ངོ༌། །དེ་དག་གི་མདུན་དུ་མཆོད་པ་རྣམས་བཤམས་པར་བྱ་སྟེ། དེ་ཡང་ཡི་དམ་གྱི་གཏོར་མའི་མདུན་ནམ་མཐའ་བསྐོར་དུ། མཆོད་པ་བཅུ་གཉིས་སམ་སྤྱི་འགྲོས་ཀྱང་རུང་སྟེ། གཡོན་བསྐོར་དུ་བཤམས། ཆོས་སྐྱོང་རྣམས་ལ་བསྒོས་མཆོད་རེ་རེ་འགྲུབ་ན་ལེགས་ཀྱང༌། བསྡུ་ན་གཅིག་གིས་ཆོག་ཅིང་མཆོད་པ་དེའི་ཕྱི་རོལ་དུ། སྤྱི་མཆོད་སྣོད་ཆེ་བ་གཅིག་ཏུ་བཤམས། ཤིན་ཏུ་བསྡུ་ན་སྤྱི་མཆོད་ཙམ་ལ་བསྡུས་པས་ཆོག །ཡང་ཅུང་ཟད་སྤྲོ་ན། མགོན་པོ་ལ་དམ་རྫས་དང་འབྲེལ་བའི་མཆོད་པ་དང༌། རྣམ་ཐོས་སྲས་ལ་གཙང་མའི་མཆོད་པ་བཤམས་ན་ཡང་ལེགས། མཐོ་དམན་གང་ཡང་རུང་བར། མགོན་པོའི་གཏོར་མའི་གཡས་ཀྱི་ཐད་ཀར། མན་ཛི་


TNT14_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་ཀ་པཱ་ལར་ཀ་ཕུད་ཀྱིས་བཀང་བ་དང༌། གཡོན་གྱི་ཐད་ཀར་སྨན་ཕུད་ཀྱིས་བཀང་བ་བཞག་གོ །གཞན་ཡང་སྤྱན་གཟིགས་སྣ་ཚོགས་བགྲམ། དབང་པོ་ལྔའི་མེ་ཏོག་ལ་སོགས་པ་སྒོམ་དོན་དང་མཐུན་པའི་བྲིས་པའམ། རང་ལ་འདུས་བྱས་པ་ངེས་པར་བཤམས། སྒྲུབ་པ་པོའི་མདུན་དུ་རྡོར་དྲིལ་དང་ནང་མཆོད་སོགས་ཆ་ཚང་བར་བཤམས། བསྐང་གསོ་ཞག་སྦྲེལ་དུ་བྱེད་ན། ནུབ་ཐ་མ་མ་གཏོགས་ཐུན་གཏོར་རྒྱས་པ་གལ་ཆེ། ནུབ་གཅིག་མ་ལ་ཡང༌། དམ་རྫས་ཀྱི་རྣམ་གྲངས་ཡིན་པས་ཐུན་གཏོར་རེ་དགོས་ཤིང༌། དེ་ཡང་སྲུང་མ་དྲུག་བཅུའི་ཐུན་གཏོར་ཟླུམ་པོའམ་གྲུ་གསུམ་དཀར་གཏོར་གཅིག་དང༌། མགོན་པོ་ལ་གྲུ་གསུམ་དང༌། རྣམ་ཐོས་སྲས་ལ་ཟླུམ་གཏོར་ཤོ་ལུ་ལྟ་བུ་བྱ། དེ་དག་གཤོམས་སྤྱིར་ཇི་བདེ་བ་ཡིན་གྱི་ངེས་ཅན་མེད་ནའང༌། བསྐང་བ་ལས་མཐོ་སར་མི་བཤམ་མོ། །བསྐང་གསོ་དང་མཆོད་སྤྲིན་གྱི་ཚིག་རིགས་ལ་ཡོད་པའི་མཆོད་རྫས་བཤམ་པར་འོས་པ་རགས་རིམ་རྣམས་དངོས་སུ་ཡོད་ན་བཤམས་པས་ལེགས་ཤིང༌། ཅི་སྟེ་དངོས་སུ་མེད་ན། བྲིས་ཐང་ངམ། གཟུགས་འགྲོས་ཀྱི་ཚུལ་ཀྱིས་ཀྱང་བཤམ་པ་གལ་ཆེའོ། །གཉིས་པ་ཆོ་ག་སྤྱིའི་སྔོན་འགྲོ་ཆོས་གཉིས་ནི། དེ་ནས་སྒྲུབ་པ་པོ་རྣམས་ཚོགས་ལ། སྔོན་འགྲོ་གཏོར་མ་བཏང༌། གནས་དང་ཡོ་བྱད་བྱིན་རླབས་བྱེད་དགོས་ཏེ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་གར་བལྟ་བར་བྱའོ། །གསུམ་པ་བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པ་ནི། དཔལ་དུས་ཀྱི་འཁོར་ལོ་ལ་རྟེན་པ་བྱེད་ན། བསྲུང་འཁོར་ཡོངས་སུ་རྫོགས་པ་ལ་རྟེན་པ་དང༌། དཀྱིལ་འཁོར་ཡོངས་རྫོགས་ལ་རྟེན་པ་དང༌། ཐུགས་དཀྱིལ་ཙམ་ལ་རྟེན་པ་ནས། ལྷན་སྐྱེས་ཀྱི་བར་གང་གིས་ཀྱང་རུང་མོད། བསྲུང་འཁོར་ལ་རྟེན་པ་དང༌། གཙོ་རྐྱང་ཞལ་ཕྱག་ཡོངས་རྫོགས་ལ་རྟེན་པ་གཙོ་ཆེ་ཞིང༌། ཕྱིས་གཞན་དུ་ཤེས་


TNT14_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ལ། དང་པོ་ལྟར་ན། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་སྔོན་དུ་བཏང༌། རྡོ་རྗེའི་ཞལ་དག་པའི་ཆོ་ག་ནས་བཟུང༌། མཐར་བསྲུང་འཁོར་ཡོངས་སུ་རྫོགས་ཀྱི་བར་བྱས་ཀྱང་རྒྱས་ཤིང་ལེགས་པར་འགྱུར་ལ། འོན་ཀྱང་འདི་ལ། གོང་དུ་སྔོན་འགྲོ་གཏོར་མ་བཏང་ཟིན་ན། འདིར་ཡུལ་བདག་གྲོང་བདག་གི་གཏོར་མ་མི་དགོས་ལ། འདིར་དེ་བྱེད་པར་སྤྲོ་ན། གོང་གི་དེ་མི་དགོས་ཀྱང༌། ལག་ལེན་སྤྱི་དང་མཐུན་པར་སྔོན་འགྲོ་གཏོར་མ་བཏང་ནས། འདིར་ཡུལ་བདག་གི་གཏོར་མ་མི་མཛད་དོ། །འོན་ཀྱང་རྡོ་རྗེའི་ཞལ་དག་པ། རིགས་དྲུག་དགོད་པ་ནས། བདུད་བསྲེག་པའི་བར། ཆོ་ག་ལུགས་གཞན་ཡིན་པས་མ་འགྲུབ་ཀྱང་ཆོག་ལ། སྒྲུབ་ཐབས་ནས་འབྱུང་བ་ལྟར། བདག་ཉིད་དུས་ཀྱི་འཁོར་ལོར་གསལ་བའི་ཐུགས་ཀར་ཞེས་པ་ནས། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པའི་བར་གྱི་ཚོགས་བསགས་གཉིས་བྱས་ནས། སྟོང་པའི་ངང་ལས་ཧཾ་ལས་བྱུང་བའི་ཞེས་པ་ནས་བརྩམས་ཏེ། རིང་དུ་བྲོས་པར་གྱུར། ཞེས་པའི་བར་གྱི་ཕུར་བཏབ་ཡན་ཆད་རྫོགས་པར་བྱས། ཨོཾ་བཛྲ་གནྡྷཾ་སོགས་མཆོད་པ་བཅུ་གཉིས་ཀྱིས་མཆོད། རྡོ་རྗེ་འཇིགས་བྱེད་སོགས་ཀྱིས་བསྟོད། བར་འདིར་བཟླས་པ་གང་ཡང་རུང་བ་ཞིག་གང་ནུས་བྱ། སླར་ཡང་མངོན་རྟོགས་བཞིན་མཆོད་བསྟོད་བྱས་ནས། འབྱུང་པོའི་འཁོར་ལོ་རྣམས་གཤེགས་སུ་གསོལ་གྱི་བར་བྱས་ནས་འཁོར་རྣམས་རང་ལ་བསྡུས།བཞི་པ་ཡི་དམ་གྱི་གཏོར་མ་འབུལ་བ་ནི། །དེ་ནས་གཏོར་མ་རྣམས་ཆང་ཆུ་ནང་མཆོད་ཀྱིས་བྲན་ལ། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཅེས་པ་ནས། རྒྱལ་བ་རིགས་དྲུག་གོ་འཕང་མྱུར་ཐོབ་ཤོགཅེས་པའི་བར་གཏོར་ཆོག་བཞིན་ནོ། །ལྔ་པ་མགོན་པོའི་གཏོར་འབུལ་ལ། དོན་ཚན་དང་པོ་ཐུན་


TNT14_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མ་ཡིན་པའི་མཆོད་རྫས་བྱིན་བརླབ་ནི། དེ་ནས་ཆོས་སྐྱོང་གི་གཏོར་མ་ཡིག་འབྲུ་བཞིས་བྱིན་གྱིས་བརླབ་པ་གསོས་བཏབ། རཀྟ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་ནང་དུ། རཾ་ལས་ཉི་མའི་སྟེང་དུ། ར་ཡིག་ཞུ་བ་ལས། ཤ་ཁྲག་རུས་པའི་རྦ་ཀློང་འཁྱིལ་བར་གྱུར། ཨོཾ་མཧཱ་རཀྟ་ཨཱཿཧཱུཾ། ལན་བདུན། སྨན་ཕུད་ཀྱང་དེ་བཞིན་དུ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་ནང་དུ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་རྣམས་ཞུ་བ་ལས་བྱུང་བའི་ཡེ་ཤེས་བདུད་རྩི་ལྔའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུཾ། ཞེས་ལན་བདུན་གྱིས་བྱིན་གྱིས་བརླབས། འོག་ནས་འབྱུང་བ་ལྟར་སྔགས་དྲུག་གིས་ཐུན་མོང་དུ་བྱིན་རླབས་བྱས་ནའང་ལེགས་སོ། །དོན་ཚན་གཉིས་པ་ལྷ་བསྐྱེད་ཅིང་སྤྱན་འདྲེན་པ་ནི། དེ་ནས་སྭ་བྷཱ་ཝས་སྟོང་པར་སྦྱངས་པ་ནས། མགོན་པོ་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿའི་བར་གཏོར་ཆོག་ཏུ་བཤད་པ་ལྟར་རོ། །ཧཱུཾ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མཧཱ་ཀཱ་ལའི་ཚོགས། །བསྒྲུབ་ཅིང་མཆོད་པའི་གནས་འདི་རུ། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །མཧཱ་ཀཱ་ལ་གནས་འདིར་གཤེགས། །ལྷ་ཆེན་དཔལ་འབར་གནས་འདིར་གཤེགས། །ལྷ་མཆོག་སྲས་པོ༴ ཚོགས་བདག་ཆེན་པོ་གནས༴ འཇིགས་བྱེད་ཆེན་པོ་གནས༴ ལེགས་ལྡན་ནག་པོ༴ ཡུམ་ཆེན་ཨེ་ཀ་ཛ་ཏི༴ སྲིད་གསུམ་ནག་མོ༴ གནོད་སྦྱིན་ལྕམ་དྲལ༴ པུ་ཊ་མིང་སྲིང་༴ གདོང་ཅན་རྣམ་བཞི༴ ཕོ་ཉ་མངག་གཞུགས་ཤ་ཟའི་ཚོགས། །མ་མོ་མཁའ་འགྲོ་དྲེགས་པ་ཅན། །རང་རང་དམ་ཚིག་བཀའ་ཉན་རྣམས། །མཐུ་དཔུང་གཟི་


TNT14_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་ཆེར་བསྐྱེད་ལ། །ལས་ལ་མ་གཡེལ་ད་ཚུར་བྱཽན། །དོན་ཚན་གསུམ་པ་མཆོད་ནས་དམ་ལ་བཞག་པ་ནི་གཏོར་ཆོག་ཏུ་ཤེས་པར་བྱ་བ་ལས། ཁྱད་པར་ལྷག་པོ་ནི། དམ་བཞག་གི་སྐབས། གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་བ་བདེ་བའི་རྡོ་རྗེ། ཤུདྡྷ་ཀ་ར་ཝརྨ། ལོ་ཙཱ་བ་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་བློ་གྲོས་གྲགས། བླ་མ་ས་སྐྱ་བ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། ཆོས་རྒྱལ་འཕགས་པ། ཨ་གཉན་དམ་པ། བདག་ཉིད་ཆེན་པོ། དགའ་ལྡན་པ་ཀུན་བསོད། ཤར་པ་ཀུན་དགའ་སེང་གེ། ཀུན་མཁྱེན་ཆེན་པོ་དོལ་པོ་པ། སློབ་དཔོན་དོན་གྲུབ་རྒྱལ་མགོན། བླ་མ་བཀྲ་ཤིས་རིན་ཆེན་པ། ཉི་མ་རྒྱལ་མཚན། དཀོན་མཆོག་རྒྱལ་མཚན། བསོད་ནམས་རྒྱལ་མཚན། ཆོས་ཀྱི་དབང་ཕྱུག །ཀུན་དགའ་དཔལ་འབྱོར། བཀྲ་ཤིས་རྣམ་རྒྱལ། ལུང་རིགས་རྒྱ་མཚོ། རྩ་བའི་བླ་མ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། ཞེས་བརྗོད། དོན་ཚན་བཞི་པ་གཏོར་མ་བསྔོ་བ་ནི་གཏོར་ཆོག་ཏུ་ཤེས་པར་བྱའོ། །དོན་ཚན་ལྔ་པ་མཆོད་ཕྲེང་ནི། དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །རཀྟའི་རྒྱ་མཚོ་རབ་བསྐྱིལ་བ། །སྦུ་བའི་འཕྲེང་བ་འཁྲིགས་པ་ཡི། །ཨརྒྷཾ་མཆོག་གི་མཆོད་པ་འདི། །དཔལ་ལྡན་མཧཱ་ཀཱ་ལ་དང༌། །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང༌། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ། མཧཱ་ཀཱ་ལི་དེ་བི་ཡེ། མཧཱ་རཀྟ་


TNT14_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ས་མུན་དྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །རྣ་བ་མིག་དང་དེ་བཞིན་སྣ། །ལྕེ་དང་ཙིཏྟ་ཡང་དག་ལྡན། །དབང་པོ་ལྔའི་མེ་ཏོག་འདི། །དཔལ་ལྡན༴ འདོད་ཁམས༴ དམ་ཚིག༴ བཅོལ་བའི༴ ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ། མཧཱ་ཀཱ་ལི་དེ་ཝི་ཡེ། པཉྩ་ཨིན་ཏྲ་གུ་ཧྱ་པུཥྤེ་ཨཱཿཧཱུཾ། དགྲ་བགེགས་ཀུན་གྱི་ཚུལ་ཆེན་པོ། །བདུད་རྩི་ལྔ་དང་ཡང་དག་ལྡན། །བྱིན་ཟ་ཆེན་པོས་བསྲེགས་པ་ཡི། །བདུག་པའི་སྤྲིན་གྱི་མཆོད་པ་འདི། །དཔལ་ལྡན༴སོགས། ཨོཾ་ཤྲི་མཧཱ་ཀཱ་ལ་ཡེ། མཧཱ་ཀཱ་ལ་དེ་ཝི་ཡེ། མཧཱ་མེ་ད་གུ་ཧྱ་དྷུ་པེ་ཨཱུཿཧཱུཾ། དགྲ་བགེགས་རྣམས་ཀྱི་སྦྲང་ཆེན་པོ། །སྲ་བ་རས་ཀྱི་སྡོང་བུར་བཅས། །ཡི་དྭགས་མེ་ཡིས་སྦར་བ་ཡིས༌། །སྣང་གསལ་མཆོག་གི་མཆོད་པ་འདི། །དཔལ་ལྡན༴ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། མཧཱ་ཀཱ་ལི་དེ་ཝི་ཡེ། མཧཱ་མ་དུ་ར་གུ་ཧྱ་ཨཱ་ལོ་ཀེ་ཨཱཿཧཱུཾ། དགྲ་བགེགས་རྣམས་ཀྱི་ཤ་དང་ཁྲག །བདུད་རྩི་ལྔ་ཡིས་ཡང་དག་སྦགས། །ནུས་པ་མཆོག་དང་རབ་ལྡན་པས། །རབ་ཏུ་སྦྱར་བའི་དྲི་མཆོག་འདི། །དཔལ་ལྡན༴ ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡི། མཧཱ་ཀཱ་ལི་དེ་ཝི་ཡེ། བ་སུ་རུ་དྷི་ར་གུ་ཧྱ་གནྡྷེ་ཨཱཿཧཱུཾ། དགྲ་བགེགས་རྣམས་ཀྱི་ཤ་རུས་ཀྱི། །བཟའ་བ་ཁྲག་གི་བཏུང་བར་ལྡན། །རི་དང་རྒྱ་མཚོར་མཉམ་པ་ཡི། །རོ་བརྒྱ་ལྡན་པའི་མཆོད་པ་འདི། །དཔལ་ལྡན༴ ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ། མཧཱ་ཀ་ལི་དེ་ཝི་ཡེ། མཧཱ་མཾ་ས་རཀྟ་བྷུ་ཛ་ཏ་པི་པ་ཐ་ཨཱཿཧཱུཾ། དྲིལ་བུ་དམ་ཚིག་བསྐུལ་བའི་སྒྲ། །རྔ་ཆེན་ཀུན་ནས་བརྗིད་པའི་སྒྲ། །དུང་ཆེན་གླིང་བུ་སྙན་པའི་སྒྲ། །ཅང་ཏེའུ་འཕྲིན་ལས་བསྐུལ་བའི་སྒྲ། །གསང་བའི་རྔ་ཆུང་དབང་བསྡུད་སྒྲ། །སྣ་ཚོགས་རོལ་མོ་མཆོད་པའི་སྒྲ། །འཇིགས་


TNT14_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཆེན་པོ་མཉེས་བྱེད་པའི། །རབ་བརྗིད་སྙན་པའི་སྒྲ་དབྱངས་འདི། །དཔལ་ལྡན༴ ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ། མཧཱ་ཀཱ་ལི་དེ་ཝི་ཡེ་ཤཔྟ་པཱུ་ཛི་ཏེ་ཨཱཿཧཱུཾ། གཡང་གཞིའི་བླ་རེ་ནམ་མཁའི་རྒྱན། །རྒྱུ་རློན་ལྡ་ལྡི་བར་སྣང་རྒྱན། །ཀེང་རུས་ཕྲེང་བ་ས་གཞིའི་རྒྱན། །ཕྱག་རྒྱ་རྣམ་དྲུག་སྐུ་ཡི་རྒྱན། །འཇིགས་བྱེད་ཆེན་པོ་མཉེས་བྱེད་པའི། །བླ་ན་མེད་པའི་མཆོད་པ་འདི། །དཔལ་ལྡན༴ ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ། མཧཱ་ཀཱ་ལི་དེ་ཝི་ཡེ། གུ་ཧྱ་ཨ་ལཾ་ཀྲི་ཏ་པུ་ཙི་ཏེ་ཨཱཿཧཱུཾ། མྱོས་བྱེད་སྟོང་གི་བཅུད་བསྡུས་པ། །ལྕགས་ཀྱུ་ལྔ་དང་ཡང་དག་ལྡན། །བདུད་རྩི་ལྔ་དང་རབ་སྦྱར་ཏེ། །ཡེ་ཤེས་ལྔ་ཡིས་བྱིན་རླབས་པའི། ཁ་དོག་རོ་དང་ནུས་པར་ལྡན། །དངོས་གྲུབ་པདྨོ་འབྱུང་བའི་གནས། །མཁའ་འགྲོ་ངང་པ་འདུ་བའི་གཞི། །གསང་བའི་བདུད་རྩིའི་རྒྱ་མཚོ་འདི། །དཔལ་ལྡན༴ ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ། མཧཱ་ཀཱ་ལི་དེ་ཝི་ཡེ། གུ་ཧྱ་མྲྀ་ཏ་ས་མུན་ཏྲ་པུ་ཙི་ཏེ་ཨཱཿཧཱུཾ། དགྲ་བགེགས་རྣམས་ཀྱི་ཤ་དང་ཁྲག །སྒྲོན་མེ་ལྔ་དང་བདུད་རྩི་ལྔ། །བཟའ་དང་བཏུང་བ་སྣ་ཚོགས་བཅས། །སྣ་ཚོགས་རྒྱན་གྱིས་མཛེས་བྱས་པ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །བཞེད་དགུ་འབྱུང་བའི་རྒྱ་མཚོར་ནི། །མངོན་པར་བྱིན་གྱིས་བརླབས་ནས་ཀྱང༌། །དམ་ཚིག་བཞིན་དུ་བདག་འབུལ་གྱིས། །ཐུགས་དམ་བཞིན་དུ་བཞེས་མཛོད་ལ། །དམ་བཅས་བཞིན་དུ་རྗེས་དགོངས་ནས། །རྣལ་འབྱོར་བདག་གིས་བཅོལ་བ་ཡི། །ལས་རྣམས་ཐམས་ཅད་གྲུབ་པར་མཛོད། །ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ། མཧཱ་ཀཱ་ལི་དེ་ཝི་ཡེ། མཧཱ་པཉྩ་ཨ་མྲྀ་ཏ་བ་ལིང་ཏ་པུ་ཙི་ཏེ་ཨཿཧཱུཾ། མཆོད་འབུལ་ནི། རཀྟ་སྒྲེངས་ལ།


TNT14_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་སྒྲལ་བའི་ཤ་དང་ཁྲག །དབང་པོ་ལྔ་དང་དོན་སྙིང་ལྔ། །བདུད་རྩི་ལྔ་དང་སྲོག་དབུགས་རྣམས། །དཔལ་ལྡན་མགོན་པོའི་ཞལ་དུ་འབུལ། །མཧཱ་མཾ་ས་ལ་ཁཱ་ཧི། མཧཱ་རཀྟ་ལ་ཁཱ་ཧི། མཧཱ་ཙིཏྟ་ལ་ཁཱ་ཧི། མཧཱ་ཀོ་རོ་ཙ་ན་ལ་ཁཱ་ཧི། མཧཱ་བ་སུ་ཏ་ལ་ཁཱ་ཧི། མཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། སྨན་ཕུད་སྒྲེངས་ལ། མཁའ་ལས་བྱུང་བའི་དཀར་དམར་དང༌། །དྲི་སྨན་བདུད་རྩིའི་མཉེས་མཆོད་འབུལ། །སྣ་ཚོགས་འབྲུ་ཡི་བཅུད་བསྡུས་པའི། །མྱོས་བྱེད་རོ་མཆོག་ལྡན་པ་འདི། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་དང་སྦྱར་བའི་སྨན། །དགེས་པ་ཆེན་པོས་རོལ་ཏུ་གསོལ། །ཐུགས་རྗེར་དགོངས་ལ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དེ་ནས་བསྟོད་པ་བསྡུས་པ་གཏོར་ཆོག་ལྟར་བྱའོ། །དེ་ནས་དྲུག་པ་རྣམ་ཐོས་སྲས་ཀྱི་གཏོར་འབུལ་ལ་དོན་ཚན་དང་པོ་རྒྱལ་ཆེན་རྣམ་སྲས་ཀྱི་དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་པ་དགུག་པ་ནི། ཨོཾ་ཨ་མྲྀ་ཏས་བསངས་གཏོར་བྱེད་པ་ནས་བཟུང༌། རྒྱལ་པོ་འཁོར་དང་བཅས་ལ་བཛྲ་ས་མཱ་ཛཿའི་བར་གཏོར་ཆོག་བཞིན། དེ་ནས་གྱེར་དང་བཅས་ཏེ། བཻ། གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་པ་རྒྱལ་མཚན་འཁོར་གྱི་འཁུ་ཟློག་འཇོམས། །གཡོན་པ་ནེའུ་ལེས་སྒྲུབ་ལ་དངོས་གྲུབ་སྟེར། །རིན་ཆེན་གྱིས་བརྒྱན་འཁོར་གཡོག་རྒྱས་པར་མཛད། །ཕྲག་གོང་ཉི་ཟླས་སྒྲུབ་ལ་ཚེ་དཔལ་སྩོལ། །རྣམ་མང་ཐོས་སྲས་དབུས་ནས་སྐུ་བཞེངས་ཤིག།དབང་སྡུད་དམག་ཟློག་ལོངས་སྤྱོད་རྒྱས་པ་དང༌། །བྱག་ཅིང་མངོན་ཤེས་ཞིང་བཅུ་སྒྲོལ་བ་དང༌། །ཚེ་འཕེལ་ལོ་ཐོག་རྒྱས་སོགས་འཕྲིན་ལས་ཕྱིར། །རྟ་བདག་བརྒྱད་པོ་ཕྱོགས་མཚམས་ནས་བཞེངས་ཤིག །འཁོར་ས་བར་པར་གནས་པའི་


TNT14_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ཆེན་བརྒྱད། །ཀླུ་ཕྲན་འབུམ་དང་བཅས་ནས་སྐུ་བཞེངས་ཤིག །འཁོར་ས་ཐ་མར་གནོད་སྦྱིན་བྱེ་བ་དང༌། །ལྷ་སྲིན་སྡེ་བརྒྱད་ལ་སོགས་ཕོ་ཉའི་ཚོགས། །མཚོན་ཆ་སྣ་ཚོགས་ཐོགས་ནས་སྐུ་བཞེངས་ཤིག །སྒྲུབ་མཆོག་དབུལ་ཕོངས་བསལ་བའི་དོན་སླད་དུ། །གཞལ་མེད་ཕོ་བྲང་གནས་མཆོག་དམ་པ་ནས། །བདག་གིས་མོས་པས་བསྐྱེད་པའི་གནས་འདི་རུ། །འཁོར་བཅས་རྟག་པར་འདིར་ནི་གཤེགས་སུ་གསོལ། །གཤེགས་ནས་སྒྲུབ་མཆོག་བསམ་པ་བསྐྱང་དུ་གསོལ། །ཞེས་བརྗོད་དོ།།མགོན་པོ་ཀུན་གཤེགས་ནས། ཕྱྀ་འབྲང་གི་བགེགས་བསྐྲད་པའི་བར་གཏོར་ཆོག་བཞིན་བྱ། དོན་ཚན་གཉིས་པ་མཆོད་ནས་གཏོར་མ་འབུལ་བ་ཡང་གཏོར་ཆོག་བཞིན་བྱའོ། །དེ་ནས་དོན་ཚན་གསུམ་པ་མཆོད་འབུལ་ནི། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷ་རྫས་དགེ་བའི་མཆོད་རྫས་ཀུན། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །ཨོཾ་བཻ་ཤྲཱ་ཝ་ཎ་ས་པ་རི་ཝཱ་ར་བྷྱཿསརྦ་པཱུ་ཛ་མེ་གྷ་ནིརྱ་ཏ་ཡཱ་མི། དཀར་གསུམ་འོ་མའི་རྒྱ་མཚོ་དང༌། །མངར་གསུམ་བུ་རམ་བདུད་རྩི་དང༌། །གཙང་བའི་གསེར་སྐྱེམས་མཆོད་པར་འབུལ། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །ཨོཾ་བཻ་ཤྲཱ་བ་ཎ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མཱ་ཡེ་ཧཱུཾ། མནྡྷ་ར་དང་ཨུཏྤ་ལ། །པུ་རུ་ཤ་ག་ཙམྤ་ཀ།མཉྫུ་ཤ་ཀ་ལི་ཤི་སོགས། །མེ་ཏོག་སྣ་ཚོགས་དབུ་ལ་འབུལ། །ཐུགས༴ པུཥྤེ༴ ཙནྡན་དཀར་དམར་ཨ་ཀ་རུ། །ག་བུར་འབྲས་དཀར་ཕྱེ་མ་དང༌། །ར་དཀར་འོ་མས་བྲན་པ་སོགས། །སྣ་ཚོགས་བདུག་སྤོས་ཤངས་ལ་འབུལ། །ཐུགས༴


TNT14_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

དྷུ་པེ༴ གསེར་སོགས་རིན་ཆེན་སྣོད་ནང་དུ། །ཏིལ་དམར་མཆོག་གིས་ཡོངས་བཀང་སྟེ། །མར་མེ་ཉི་ཟླའི་བསྒྲག་ལ་སོགས། །སྣང་གསལ་སྣ་ཚོགས་སྤྱན་ལ་འབུལ། །ཐུགས༴ ཨཱ་ལོ་ཀེ༴ རིན་ཆེན་སྣ་ཚོགས་སྣོད་ནང་དུ། །ག་བུར་གུར་གུམ་བཟང་ལ་སོགས། །གཙང་མའི་ཆབ་ཀྱིས་བྲན་པ་དང༌། །དྲི་མཆོག་སྣ་ཚོགས་སྐུ་ལ་འབུལ། །ཐུགས༴ གནྡྷེ༴ ནས་གྲོ་འབྲས་དང་སྲན་མ་དང༌། ཁྲེ་རྒོད་འབྲུ་སྣ་སྣ་ཚོགས་དང༌། །ཤིང་ཐོག་རྣམ་པ་དུ་མ་དང༌། །ཟས་སྣ་སྣ་ཚོགས་ཞལ་དུ་འབུལ། །ཐུགས༴ ནཻ་བེ་ཏྱ༴ རྔ་ཆེན་དྲིལ་བུ་ཅང་ཏེའུ་དང༌། །དུང་དང་གླིང་བུ་སྙན་པའི་སྒྲ། །རྣལ་འབྱོར་གདུང་བས་འབོད་པའི་དབྱངས། །རོལ་མོ་སྣ་ཚོགས་སྙན་ལ་འབུལ། །ཐུགས༴ ཤཔྟ༴ གཏོར་ཆོག་ལྟར་བསྟོད་པ་བསྡུས་པས་བསྟོད་དོ། །བདུན་པ་རྗེས་འབྲང་གི་གཏོར་མ་བསྔོ་བ་ནི་བར་འདིར་ཞལ་བཞི་པའི་གཏོར་བསྔོ་ནས་གཞི་བདག་གཏོར་མའི་བར་རྣམས་དང་རྡོ་རྗེའི་གླུ་བཀྲ་ཤིས་སྨོན་ལམ་རྣམས་བྱའོ། །བརྒྱད་པ་ཐུགས་དམ་བསྐང་བ་ལ་གཉིས་ཀྱི། དཔལ་ནག་པོ་ཆེན་པོའི་བསྐང་བ་ནི། སྐང་རྫས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག །ཏིང་ངེ་འཛིན་དྲུག་གིས་བྱིན་གྱིས་བརླབ་སྟེ། དེ་ཡང་ཨོཾ་སརྦ་བི་ཤུདྡྷ་དྷརྨ་ཏེ་བཛྲ་སིདྡྷྱ་ཧཱུཾ། ཞེས་པས་སྦྱངས། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་པས་སྤེལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པས་བདུད་རྩིར་བསྒྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨ་དྱཱ་ནུཏྤནྣ་ཏྭད། ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་པས་འདོད་དོན་བསྒྲུབས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་པས་ཐོབ་པར་བྱས། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱཧཱ།


TNT14_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་མཉམ་པོར་ཐོབ་པར་བྱས། ཞེས་ཏེ། དེ་དག་གི་དམིགས་པ་དང་ཕྱག་རྒྱ་སྤྱི་དང་འདྲའོ། །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འགྲུབ་གྱུར་ཅིག །ཅེས་བདེན་སྟོབས་བརྗོད་ལ། དེ་ནས་འདི་སྐད་ཅེས་གྱེར་རོ། །ཧཱུཾ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་དཔལ་ལྡན་ནག་པོ་ཆེ། །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །འཕྲིན་ལས་རྣམ་བཞི་སྒྲུབ་པའི་ཕྱིར། ཁས་བླངས་དམ་བཅས་མ་གཡེལ་བར། །མཧཱ་ཀཱ་ལ་གཤེགས་སུ་གསོལ། །ཧཱུཾ་ཆོས་ཉིད་ངང་ལས་མ་གཡོས་ཀྱང༌། །བསྟན་སྲུང་ཆོས་སྐྱོང་སྐུར་བསྟན་པ། །ནག་པོ་ཆེན་པོ་སྟོབས་པོ་ཆེ། །དུས་ལ་བབ་ཀྱི་ལས་ལ་བྱོན། །ཧཱུཾ་ནག་པོ་ཆེན་པོ་འཁོར་བཅས་རྣམས། །འབར་བ་ཆེན་པོའི་དཀྱིལ་འཁོར་འདིར། །དྲག་པོའི་ལས་ལ་སྤྱན་འདྲེན་ན། །བཞུགས་ནས་དགྲ་བགེགས་བསྒྲལ་དུ་གསོལ། །ཧཱུཾ་དངོས་གྲུབ་རྣམ་གཉིས་སྩོལ་མཛད་པའི། །མཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །ལྷ་ཆེན་དཔལ་འབར་ཐུགས་དམ་བསྐང༌། །འཇིགས་བྱེད་ཆེན་པོའི༴ ལྷ་མཆོག་ནག་པོའི་ཐུགས༴ གདུག་པ་ཚར་གཅོད༴ བསྟན་སྲུང་ཆེན་པོའི༴ ཁྱེད་ཀྱི་ཐུགས་དམ་བསྐང་བའི་རྫས། །ལུག་ནག་རྒྱལ་མཚན་དག་གིས་བསྐང༌། །གཡབ་དར་ནག་པོས་ཐུགས༴ བདུད་རྩི་སྨན་གྱིས༴ གྲི་རྒོད་སྙིང་གིས༴ ལུག་ནག་སྙིང་གིས༴


TNT14_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ནག་གཤོས་བུས༴ དམར་ཆེན་ཨརྒྷས༴ ཚིལ་ཆེན་དུད་པས༴ རྟེན་གཏོར་ཆེན་པོས༴ རྒྱུན་གྱི་གཏོར་མས༴ འདོད་ཡོན་ཚོགས་ཀྱིས་ཐུགས་དམ་བསྐང༌། །མཐུན་པའི་དམ་རྫས་འདི་དག་གིས། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་སྐོང་གྱུར་ནས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ནད་གདོན་གདུག་པ་ཞི་བར་མཛོད། །དཔལ་འབྱོར་སྙན་གྲགས་རྒྱས་པ་དང༌། །ཚེ་དང་ལོངས་སྤྱོད་འཕེལ་བར་མཛོད། །མི་དང་མི་མིན་སྐྱེ་འགྲོ་རྣམས། །ཐམས་ཅད་མ་ལུས་དབང་དུ་བསྡུས། །བསྟན་ལ་སྡང་བའི་དགྲ་བགེགས་རྣམས། །མངོན་སྤྱོད་དྲག་པོའི་བསྒྲལ་དུ་གསོལ། །ཧཱུཾ་རྣམ་དག་ཚོགས་ཀྱི་གཏོར་མ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་སྤེལ། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་སྐོང་ལ་གཡར་དམ་མཛོད། །ཧཱུཾ་མཛེས་པའི་སྤུ་སྡུག་མཁའ་ལྡིང་ལ། །བྱ་ནག་ལྕགས་ཀྱི་མཆུ་སྡེར་ཅན། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་སྐོང་ལ་འཕྲིན་ལས་མཛོད། །ཧཱུཾ་རྟ་མཆོག་ནག་པོ་སྤྲིན་གྱི་ཤུགས། །མྱུར་མགྱོགས་མཛེས་པའི་རྒྱན་དང་ལྡན། མགོན་པོ༴ ཐུགས་དམ༴ ཧཱུཾ་གཡག་རྒོད་ལྕགས་རྨིག་ཁྲོ་ཆུའི་མིག །མཛེས་པའི་རྭ་དང་རྔ་ཡབ་ཅན། །མགོན་པོ༴ ཐུགས་དམ༴ ཧཱུཾ་ཁྱི་ནག་དུང་གི་མཆེ་བ་ཅན། །སེང་གེའི་སྟོབས་ལྡན་རྔམ་ཞིང་རྒྱུག །མགོན་པོ༴ ཐུགས་དམ༴ ཧཱུཾ་ལུག་ནག་ལྕགས་རུ་དར་གྱིས་བརྒྱན། །བདུད་ཀྱི་སྤུ་ནོར་མཛེས་པ་འདི། མགོན་པོ༴ ཐུགས་དམ༴ ཧཱུ་མི་ནག་འགྱིང་པོ་རྫུ་འཕྲུལ་ཅན། །ལས་ལ་འཁོལ་བའི་སྟོབས་ལྡན་འདི། །མགོན་པོ༴ ཐུགས་དམ༴


TNT14_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ༴ དཔལ་གྱི་ཞལ་ཟས་འབྲང་རྒྱས་མཆོག །རཀྟའི་ཐིག་ལེས་བརྒྱན་པ་འདི། །མགོན་པོ༴ ཐུགས་དམ༴ རཀྟའི་ཡོན་ཆབ་རབ་བསྐྱིལ་བ། །སྲོག་རྩའི་ལམ་ནས་འདོན་པ་འདི། །མགོན་པ༴ ཐུགས་དམ༴ ཧཱུ་གྲི་སྙིང་རྩ་ལག་མ་ཉམས་པ། །རིན་ཆེན་ལྔ་དང་སྨན་གྱིས་བསྐང༌། །མགོན་པོ༴ ཐུགས་དམ༴ ཧཱུཾ་འབྲུ་བཅུད་སྟོང་གི་བཅུད་བསྡུས་པ། །གཟི་བརྗིད་ཆེར་འབར་ལྔ་བསྐྱེད་ཆང༌། །མགོན་པོ༴ ཐུགས་དམ༴ ཧཱུཾ་མཉེན་དྲང་སྦ་སྙུག་རྩེ་རྒྱལ་ལ། སྤུ་སྡུག་བྱ་ཡི་ཕོད་དང་བཅས། །མགོན་པོ༴ ཐུགས་དམ༴ ཧཱུཾ་ནམ་མཁའ་སྐུ་རྟེན་རྒྱང་བུ་ལ། །འཕན་གདུགས་མཛེས་པས་བསྐོར་དང་བཅས། །མགོན་པོ༴ ཐུགས་དམ༴ རྣལ་འབྱོར་བདག་གི་ཉམས་ཆགས་ཀུན། །སྐོང་གྱུར་དབང་དང་དངོས་གྲུབ་སྩོལ། །མཐུན་པའི་དམ་རྫས་ཚང་བ་འདིས། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང༌། ལེགས་ལྡན་ནག་པོའོ༴ ཁྲག་འཐུང་ཆེན་པོའི༴ མ་གཅིག་ལྷ་མོའི༴ ལས་མཁན་ནག་པོའི༴ བཀའ་སྡོད་ཕོ་ཉའི༴ ཁྱེད་ཀྱི་ཐུགས་དམ་སྐོང་གྱུར་ནས། །བདག་ལ་དངོས་གྲུབ་རྣམ་གཉིས་སྩོལ། །དགྲ་དང་འབྱུང་པོ་ཆོམ་ལ་ཕོབ། །ཧཱུཾ་རང་བཞིན་རྣམ་དག་དབྱིངས་ཉིད་ལས། །ཐུགས་རྗེ་ཆེན་པོའི་སྐུ་སྤྲུལ་པ། །སྐྱེ་མེད་ངང་ལས་འཇིགས་བྱེད་སྐུ། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་རྫས་མཆོག་ནི། །བདུད་ལུག་ནག་པོ་སྤྱི་དཀར་དང༌། །མཁའ་ལྡིང་ནག་པོ་གསེར་མིག་དང༌། བདུད་རྩི་རྣམ་ལྔ་སྦྱར་བ་དང༌། །དམར་ཆེན་


TNT14_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གི་རྒྱ་མཚོ་དང༌། །དཔའ་བོ་ཆང་གིས་ར་རོ་དང༌། །སྨན་རྣམས་སྦྱར་བའི་རིལ་བུ་དང༌། །རིན་ཆེན་སྣ་ལྔའི་ཕྱེ་མ་དང༌། །ཞལ་ཟས་ཚོགས་ཀྱི་མཆོད་པ་དང༌། །དྲག་པོའི་བཤོས་བུ་ཟུར་གསུམ་དང༌། །ཤ་ཁྲག་དམར་གྱི་གཏོར་མ་དང༌། །དར་མཚོན་སྣ་ལྔའི་མཆོད་པ་དང༌། །སྣ་ཚོགས་རོལ་མོའི་སྒྲ་དབྱངས་འདིས། །དཔལ་ལྡན་མགོན་པོ་འཁོར་བཅས་མཆོད། །དགེས་པའི་དམ་རྫས་མཆོད་པ་འདིས། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང༌། །ཉམས་ཆགས་ཅི་བགྱིས་བཟོད་པར་བགྱི། །སྔར་བྱས་ལེགས་པའི་བཏང་རག་གཏོང༌། །ད་བཅོལ་ལེགས་པའི་གསེར་སྐྱེམས་འདྲེན། །དམ་རྫས་གསེར་སྐྱེམས་མཆོད་པ་འདིས། །དཔལ་ལྡན་མགོན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉོན་པོ་བསྐང་བར་བགྱི། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཆོས་སྐྱོང་མགོན་པོའི་ཐུགས་དམ་བསྐང༌། །རྒྱལ་བའི་འཕྲིན་ལས་བསྒྲུབ་པའི་ཕྱིར། །ལེགས་ལྡན་ནག་པོའི༴ ལྷ་མིན་དམག་ཚོགས་གཡུལ་བཟློག་ཕྱིར། ལྷ་ཆེན་དཔལ་འབར༴ དམ་ཚིག་གཉེན་པོར་སྲུང་བའི་ཕྱིར། །རྣལ་འབྱོར་དགྲ་ལྷའི༴ བཅོལ་བའི་འཕྲིན་ལས་སྒྲུབ་པའི་ཕྱིར། །རིག་འཛིན་བསྲུང་མའི༴ མྱུར་མགྱོགས་ཆོ་འཕྲུལ་སྟོན་པའི་ཕྱིར། །ཕོ་ཉ་ལས་མཁན༴ འདོད་ཡོན་མཆོད་པ་རྣམ་ལྔ་དང༌། །ཛ་གད་བདུད་རྩིའི་རྒྱ་མཚོ་དང༌། །ལ་དུ་ལ་ཕུག་ཛམ་བུ་ཏི། །ཤ་ཁྲག་དམར་གྱི་གཏོར་ཆེན་དང༌། །དགྲ་བགེགས་རྣམ་གཉིས་བསྒྲལ་བ་ཡི། །དོན་སྙིང་ནང་ཁྲོལ་དབང་པོ་ལྔ། །རུས་པ་རྐང་ཀླད་ཚིལ་བུ་དང༌། །བྱ་རྒོད་


TNT14_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་དང་དར་ནག་འཕན། གྲི་རྒོད་སྙིང་དང་ལུག་ནག་སོགས། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདིས། །མཆོད་དོ་མགོན་པོ་འཁོར་བཅས་མཆོད། །བསྐང་ངོ་ཐུགས་དམ་གཉན་པོ་བསྐང༌། བྷྱོཿ དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ། །ཨེ་ཀ་ཛ་ཊིའི་ཐུགས་དམ་བསྐང༌། །དཔལ་ལྡན་ལྷ་མོ་འཁོར་བཅས་ལ། །ཐུགས་དམ་བསྐང་བའི་དམ་རྫས་ནི། །གཏོར་ཆེན་ཤ་ཁྲག་དམར་གྱིས་བརྒྱན། །མི་དབང་འབྲས་བུ་སྨིན་པའི་ཤ །ཤིང་ལོ་ས་ལ་མ་ལྷུང་དང༌། །བྱ་མོ་ནག་མོ་ལ་སོགས་ཏེ། །འདོད་པའི་དམ་རྫས་དཔག་མེད་ཀྱིས། །མཆོད་དོ་འདོད་ཁམས་དབང་མོ་མཆོད། །བསྐང་ངོ་ལྷ་མོའི་ཐུགས་དམ་བསྐང༌། །དགྲ་བགེགས་གནས་ནས་འགུགས་པའི་ཕྱིར། །ཕོ་ཉ་རྣམས་ཀྱི༴ དགྲ་བགེགས་ཟིལ་གྱིས་གནོན་པའི་ཕྱིར། །གནམ་ལྕགས་ཁྱུང་གི༴ དགྲ་བགེགས་ཤ་ལ་རོལ་བའི་ཕྱིར། །བྱ་ནག་ཚོགས་ཀྱི༴ དགྲ་ཁྲག་སྐོམ་དུ་འཐུང་བའི་ཕྱིར༴ ཁྱི་ནག་ཚོགས་ཀྱིས༴ དགྲ་བགེགས་སྲོག་རྩ་གཅོད་པའི་ཕྱིར། །མི་ནག་ཚོགས་ཀྱིས༴ དགྲ་བོའི་བླ་ཕྱིར་འགྱེད་པའི་ཕྱིར། ལྕགས་སྤྱང་སྔོན་མོས༴ ཁྱོད་ཀྱི་མཐུན་པའི་དམ་རྫས་ནི། །བཟའ་བ་ཤ་ཡི་རི་བོ་ལ། །བཏུང་བ་ཁྲག་གི་རྒྱ་མཚོར་བསྐྱིལ། །དྲི་བསུར་དུད་པ་སྤྲིན་དུ་འཁྲིགས། །ནམ་མཁའི་དབྱིངས་དང་མཉམ་པ་འདིས། །ཕོ་ཉ་ལས་མཁན་ཐུགས་དམ་བསྐང༌། །ཞི་རྒྱས་དབང་དྲག་འཕྲིན་ལས་བཞིས། །ཇི་ལྟར་བཅོལ་བཞིན་གྲུབ་པར་མཛོད། །ཧཱུཾ་དཔལ་ལྡན་མགོན་པོ་འཁོར་བཅས་ཀྱི། །གཞན་ཡང་དགྱེས་པའི་མཆོད་པ་ནི། །རི་རབ་གླིང་བཞི་གླིང་ཕྲན་བཅས། །རི་


TNT14_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་རོལ་བའི་མཚོ་བདུན་དང༌། །རིན་ཆེན་བདུན་དང་རིན་ཆེན་གཏེར། །སྐྱེ་འགྲོ་སེམས་ཅན་སྣ་ཚོགས་བཀོད། ཁྱུང་ཆེན་གླང་པོ་མ་ཧེ་རྟ། །གསེར་གཡུ་མུ་ཏིག་བྱི་རུ་ཤེལ། །དར་ཟབ་གོས་དང་འབྲས་བུའི་ཚོགས། །མི་ཟད་ལོངས་སྤྱོད་གཏེར་དང་ལྡན། །བཞེས་ཤིག་ཐུགས་དམ་སྐོང་བར་མཛོད། །བསྟན་པ་གཉན་པོ་བསྲུང་བ་དང༌། །བསྒྲུབ་པའི་བར་ཆད་སེལ་བ་དང༌། །རྐྱེན་ངན་རྦོད་གཏོང་མེད་པར་མཛོད། །ཧཱུཾ་ལྷ་ཆེན་དཔལ་འབར་མཐུ་མ་ཆུང༌། །མ་མོ་མཁའ་འགྲོ་བང་མ་བུལ། །ཕོ་ཉ་ལས་མཁན་རྩལ་མ་ཞན། །དཔལ་འབར་མཧཱ་ཀཱ་ལ་ནི། ཁྲམ་ཁ་སྒྱུར་བའི་མཐུ་བོ་ཆེ། །བདུད་ཁ་བསྒྱུར་བའི་ང་རོ་ཅན། །དོ་ནུབ་བཟློག་བསྒྱུར་དུས་ལ་བབ། །སྲིད་པའི་ཁྲམ་ཁ་ད་བསྒྱུར་ཅིག།ལྷ་འདྲེའི་དམག་སྣ་དགྲ་ལ་དྲོངས། །གཞན་གྱི་བསམ་སྦྱོར་ངན་པ་དང༌། །བྱད་ཁ་ཕུར་ཁ་གཏོང་བ་བཟློག །ཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག །འབྱུང་པོའི་ཐོད་ཟོར༴ གཤིན་རྗེའི་འཁོར་ལོ་བསྐོར་པ༴ བདུད་ཀྱི་ཁྲམ་ཁ་སྟོན་པ༴ མ་མོའི་ཁྲག་ཟོར་འཕེན་པ༴ ཀླུ་ཡི་བྱད་དུ་བཅུག་པ༴ ཐེ་བྲང་བསྲིས་ལ་རྐུ་བ༴ མུ་སྟེགས་བར་ཆད་བྱེད་པ༴ རྒྱལ་པོའི་སྨྱོ་འབོག་གཏོང་བ༴ ལྟས་ངན་བརྒྱད་ཅུ་རྩ་བཞི༴ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ༴ རྨི་ལམ་ངན་དང་མཚན་ལྟས་སྡིག །ནད་རིམས་གཞི་བརྒྱ་རྩ་བཞི༴ ལོ་སྐེག་ཟླ་སྐེག་ཞག་སྐེག༴ དྲང་སྲོང་གཟའི་ཀི་ཀཾ༴ ཞང་ཞུང་རྩོ་མར་འཕེན་པ༴ སུམ་པའི་གླང་ཟོར་འཕེན་པ༴ བན་དྷེའི་སྔགས་ཟོར་འཕེན་པ༴ བོན་པོའི་རྟ་ཟོར་འཕེན་པ༴ སྐྱེས་པའི་མདའ་ཟོར་འཕེན་པ༴ བུད་མེད་དམོད་ཟོར༴ རླུང་གི་གཤེད་བཞི་མཆིས་པ་དང༌། །མོ་རྩིས་ངན་པ་


TNT14_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད༴ མཁའ་འགྲོ་མ་དང་རོ་ལངས་དང༌། །རྒྱལ་སྲིན་བར་ཆད་བྱེད་པ༴ དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ །ཐམས་ཅད་རྦོད་གཏོང་སྟེང་དུ་བྷྱོཿ །སྲིན་པོའི་གཟུགས་ཀྱི་ནག་པོ་ཆེ། །དཀོན་མཆོག་གསུམ་གྱི་སྲུང་མ་ཁྱོད། །སྔོན་གྱི་དམ་བཅས་བཞིན་དུ་གྱིས། །སྙིགས་མའི་དུས་འདིར་གནོད་བྱེད་པ། །འདི་དག་བསྟན་པའི་དགྲ་བོ་སྟེ། ཁ་ཁ་ཁཱ་ཧི་དགྲ་ལ་རོལ། །གྲྀཧྞ་གྲྀཧྞ་དགྲ་བོ་བཟུང༌། །བནྡྷ་བནྡྷ་དགྲ་བོ་ཆིངས། །ཧ་ན་ཧ་ན་དགྲ་ལ་རྒྱོབ། །ད་ཧ་ད་ཧ་དགྲ་བོ་བསྲེགས། །པ་ཙ་པ་ཙ་དགྲ་བོ་ཚོས། །དི་ན་མེ་ཀེ་དགྲ་བོ་སྒྲོལ། །མ་ར་མ་ར་དགྲ་བོ་བསོད། ཁྲག་གི་རྒྱུན་ཡང་འཐུང་བར་གྱིས། །དམ་ཉམས་དགྲ་ནི་མྱུར་དུ་སྒྲོལ། །རུས་པ་ཀླད་པ་ནང་ཁྲོལ་ཟོ། །ཏིལ་འབྲུ་ཙམ་ཡང་མེད་པར་གྱིས། །ནག་པོ་ཆེན་པོ་འཁོར་དང་བཅས། །དུས་ལ་བབ་པོ་འཕྲིན་ལས་མཛོད། །བདག་གིས་བཅོལ་བའི་ལས་རྣམས་ནི། །ད་ལྟ་ཉིད་དུ་གྲུབ་པར་མཛོད།།རྒྱལ་ཆེན་རྣམ་སྲས་ཀྱི་བསྐང་བ་ནི། བསྐང་རྫས་བྱིན་རླབས་གོང་བཞིན་བྱས་ལ། འདི་སྐད་ཅེས་གྱེར་རོ། །ཧཱུཾ་བཻ། རིན་ཆེན་མང་སྤྲུལ་རྒྱལ་པོ་ཆེན་པོ་སྟེ། །བདེ་མཛད་སྲིད་གསུམ་འཕོངས་དང་རྒུད་པ་ལས། །མྱུར་སྐྱོབ་དཔལ་འབར་བཀྲ་ཤིས་བདེ་སྟེར་བ། མགོན་པོ་དངོས་གྲུབ་གཏེར་མཛོད་ཐུགས་དམ་བསྐང༌། །གོས་སྔོན་ལུང་ཐང་འཕྲེང་བ་ཅང་ཤེས་རྟ། །འདོད་འཇོའི་བ་དང་གཏེར་བུམ་དཔག་བསམ་ཤིང༌། །གསང་ཆེན་བྲིས་སྐུ་བལྟམས་པས་ཐུགས་དམ་བསྐང༌། །དོན་དམ་སྤྲོས་བྲལ་སྐྱེ་འགག་གནས་གསུམ་བྲལ། །རྡོ་རྗེ་འཛིན་དང་རྒྱལ་པོ་ཆེན་པོ་ཡང༌། །ཏིང་འཛིན་འཇའ་ཚོན་ལྟ་བུར་དུས་ཀུན་སྤྱོད། །ལྟ་སྤྱོད་སྒོམ་པ་


TNT14_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོས་ཐུགས་དམ་བསྐང༌། །གསང་སྔགས་བསྙེན་སྒྲུབ་ཐུན་མོང་ཁྱད་པར་དང༌། །སྐུ་དང་གསུང་ཐུགས་སྤྱི་དང་བྱེ་བྲག་གི །དམ་ཚིག་གཙང་མ་དག་པ་ཅི་མཆིས་པས། །མགོན་པོ་འཁོར་དང་བཅས་པའི་ཐུགས་དམ་བསྐང༌། །རྟག་གཏོར་རྒྱུན་གཏོར་དུས་གཏོར་གཉན་པོ་དང༌། །མཆོད་པ་ལྔ་དང་འདོད་ཡོན་རྣམ་ལྔ་དང༌། །རིན་ཆེན་བདུན་དང་བཀྲ་ཤིས་རྫས་བརྒྱད་ཀྱིས། །མགོན་པོ་འཁོར་དང་བཅས་པའི་ཐུགས་དམ་བསྐང༌། །ནས་འབྲས་གྲོ་སྲན་ཏིལ་དང་འབྲས་བུའི་ཚོགས། །ཛ་ཏི་གུར་གུམ་ག་པུར་ཙནྡན་དང༌། །གླ་རྩི་དྲི་ལྔ་འབྲས་བུ་ལྔ་དང་ནི། །བྱ་གྲི་སེང་གྲི་ཧ་ས་དེ་བ་དང༌། །ཀརྞི་ཀ་དང་སྨན་མཆོག་རྣམ་ལྔ་དང༌། །ཆུ་ཡི་སྙིང་པོ་ལན་ཚྭ་རྩི་ཐོག་དང༌། །ཤིང་ཐོག་སྦྲང་རྩི་ཏིལ་མར་བུ་རམ་བཅས། །སྨན་ལྔ་སྙིང་པོ་ལྔ་ཡིས་ཐུགས་དམ་བསྐང༌། །ལུས་འཕགས་པོ་དང་འཛམ་གླིང་བ་གླང་སྤྱོད། །སྒྲ་མི་སྙན་དང་གླིང་ཕྲན་བརྒྱད་པོ་ཡང༌། །རི་རབ་ཉི་ཟླ་ཀུན་བཟང་མཆོད་པས་སྤྲས། །མགོན་པོ་འཁོར་དང་བཅས་པའི་ཐུགས་དམ་བསྐང༌། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐོང་གྱུར་ཅིག །བདག་ཅག་སྒྲུབ་པ་པོ་ལ་དངོས་སྒྲུབ་སྩོལ། །བཻ། མགོན་པོ་གནས་བསྲུངས་འཁོར་བཅས་ལ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །སྔགས་དང་ཏིང་འཛིན་ལས་བྱུང་བའི། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད། །མཆོད་ཡོན་ཞབས་གསིལ་མེ་ཏོག་སྤོས། །མར་མེ་དྲི་བཟང་ཞལ་ཟས་མཆོག །ཟག་མེད་བདེ་བསྐྱེད་ཉེར་སྤྱོད་རྣམས། །འཇིག་རྟེན་མཐའ་དག་བཀང་ནས་འབུལ། །པི་ཝཾ་གླིང་བུ་ཟངས་དུང་དང༌། །དུང་དང་རྫ་རྔ་རྔ་བོ་ཆེ། །རོལ་མོའི་ཁྱད་པར་སྟོང་ཕྲག་བཅུ། །སྙན་པ་སྒྲ་ཡིས་རབ་ཏུ་མཆོད། །དགེ་བའི་སྟོབས་ལས་འཁྲུངས་པ་ཡི། །


TNT14_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་བསམ་ཤིང་ལས་བྱུང་གྱུར་པ། །ལྷ་རྫས་ཡོ་བྱད་མ་ལུས་རྣམས། །བློ་ཡིས་བླངས་ནས་འབུལ་བར་བགྱི། །འཁོར་ལོ་ལ་སོགས་རིན་ཆེན་བདུན། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །གདུགས་སོགས་བཀྲ་ཤིས་བརྒྱད་པོ་ཡང༌། །གནས་བསྲུངས་འཁོར་དང་བཅས་ལ་འབུལ། །གཟུགས་སོགས་འདོད་པའི་ཡོན་ཏན་ལྔ། །རལ་གྲི་ལ་སོགས་གྲུབ་པའི་རྫས། །གྲུབ་པ་ཉི་ཤུ་རྩ་བདུན་ཡང༌། །རྒྱལ་ཆེན་ཐུགས་དགོངས་རྫོགས་ཕྱིར་འབུལ། །དཀོན་མཆོག་གསུམ་གྱི་བདེན་པ་དང༌། །གསང་སྔགས་རིག་སྔགས་མཐུ་སྟོབས་དང༌། །ཆོས་དབྱིངས་རྣམ་དག་བྱིན་རླབས་ཀྱིས། །གཏོར་མ་འདི་ནི་ལྷ་རྫས་ཀྱི། །བདུད་རྩི་ལ་སོགས་ལོངས་སྤྱོད་ཀྱིས། །ཟག་མེད་བདེ་བ་བསྐྱེད་ནུས་པའི། །ངལ་བསོས་འཁོར་བཅས་སྤྱན་ལམ་དུ། །ནམ་མཁའ་གང་བར་འབྱུང་གྱུར་ཅིག ཁྱེད་ལ་བཀྲེས་པ་མི་མངའ་ཡང༌། །ཟག་མེད་བདེ་བ་རྒྱས་པའི་རྒྱུ། །རྣལ་འབྱོར་བདག་གི་དོན་སླད་དུ། །དམིགས་མེད་ཚུལ་གྱིས་བཞེས་སུ་གསོལ། །ལྷ་མིན་གཡུལ་ལས་རྒྱལ་བྱེད་པའི། །ནོར་བུའི་ཏོག་འབར་བ་དན་གཡོ། །རྒྱལ་མཚན་འདི་འབུལ་བདུད་དཔུང་གི །དགྲ་ལས་རྒྱལ་བར་མཛད་དུ་གསོལ། །རིན་ཆེན་བདུན་ལས་གྲུབ་པའི་གཞལ་མེད་ཁང༌། །སྣ་ཚོགས་ན་བཟའི་ཁྱད་པར་མཐའ་ཡས་པ། ཁ་དོག་མཛེས་པའི་རྒྱན་འཕྲེང་དུ་མ་དང༌། །རྟ་མཆོག་རིན་ཆེན་ལྟ་བུ་འདི་དང་ནི། །དཀར་སེར་དམར་དང་འཚལ་ལུ་ཞུར་ཡོད་དང༌། །ངང་པ་འོལ་པ་ལ་སོགས་སྣ་ཚོགས་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ་བར་བགྱི། །འདོད་འཇོའི་བ་དང་ནོར་བུ་དཔག་བསམ་ཤིང༌། །བུམ་བཟང་མ་རྨོས་འཁྲུངས་པའི་


TNT14_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཐོག་དང༌། ཁྲུས་རྫིང་སྨན་ལྗོངས་སྐྱེས་མོས་ཚལ་ལ་སོགས། །མཆོད་རྫས་ཡིད་འོང་ཐམས་ཅད་འབུལ་བར་བགྱི། །ཞོལ་ཆེན་གཡག་འདི་ཁྱེད་ལ་འབུལ་བར་བགྱི། །ལུག་གི་ཁྱུ་འདིའང་ཁྱེད་ཀྱི་འབྲོག་ཏུ་འབུལ། །སྲ་བརྟན་མཛེས་པའི་གོ་ཆ་སྣ་ཚོགས་འདི། །མི་ཤིགས་རྡོ་རྗེར་བྱིན་གྱིས་བརླབས་ནས་འབུལ། །འཁྲུལ་འཁོར་མདའ་དང་སྟོབས་ཆེན་མེ་མདའ་དང༌། །འབིགས་བྱེད་མདུང་དང་གཅོད་བྱེད་འཁོར་ལོ་དང༌། །འཕང་མདུང་ལ་སོགས་སྣ་ཚོགས་མཚོན་ཆ་རྣམས། །ཡེ་ཤེས་མཆོག་ཏུ་བྱིན་གྱིས་བརླབས་ནས་འབུལ། །རིན་ཆེན་རྒྱུ་ལས་མཁས་པས་ལེགས་སྦྱངས་ཤིང༌། །རྣོ་ངར་རྩལ་དང་ལྡན་པའི་རལ་གྲི་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ་བར་བགྱི། །བསྟན་པའི་དགྲ་རྣམས་གཞོམ་ཕྱིར་བཞེས་སུ་གསོལ། །གསེར་དངུལ་གོས་དར་ཇ་རས་སྟག་གཟིག་དང༌། །སྣམ་བུ་ཤ་མར་ཀ་ར་བུ་རམ་དང༌། །སྤྱན་གཟིགས་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱང༌། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ་བར་བགྱི། །མགོན་པོ་ཁྱེད་ལ་འཕོངས་པ་མི་མངའ་ཡང༌། །བདག་སོགས་སེམས་ཅན་རྣམས་ཀྱི་དོན་སླད་དུ། །བཞེས་ནས་འགྲོ་བའི་འདོད་དོན་སྒྲུབ་པ་དང༌། །སངས་རྒྱས་བསྟན་པ་བསྲུང་བར་མཛད་དུ་གསོལ། །དགུ་པ་བཤགས་པ་ལ། དཔལ་མགོན་པོ་འཁོར་བཅས་ཀྱི་བཤགས་པ་ནི། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །ཞུ་ཞིང་གསོལ་བ་གདབ་པ་ནི། །བདག་ནི་ལས་དང་ཉོན་མོངས་དང༌། །མི་ཤེས་པ་ལས་བག་མེད་དང༌། །མ་གུས་སྙོམས་ལས་དབང་གྱུར་པས། །རང་བཞིན་དང་ནི་བཅས་པ་ཡི། ཁ་ན་མ་ཐོ་བགྱིས་པ་དང༌། །དམ་ཚིག་མི་ལྡན་ཚོགས་འདྲེས་དང༌། །སྤྱོད་ལམ་གཅིག་ཏུ་གྱུར་པ་དང༌། །བསྙེན་པ་སྒྲུབ་ལ་མ་


TNT14_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་དང༌། །སྲུང་མ་ཁྱད་པར་ཅན་རྣམས་ཁྱེད། །དུས་སུ་མ་མཆོད་མ་གསོལ་བའི། །དབང་གི་སྐུ་གསུང་ཐུགས་རྣམས་ཀྱི། །དམ་ཚིག་ཉམས་ཆགས་གྱུར་པ་ཡི། ཁྱེད་རྣམས་ཐུགས་དང་འགལ་གྱུར་པ། །ཐམས་ཅད་སྤྲོས་མེད་མི་རྟོག་པའི། །དབྱིངས་ནས་མཐུ་སྟོབས་ཐུགས་རྗེ་ཡིས། །དབང་ཕྱུག་དམ་པ་ཁྱེད་རྣམས་ལ། །མཐོལ་ཞིང་བཤགས་སོ་བཟོད་པར་གསོལ། །མཁའ་ལ་སྤྲིན་ནི་དེངས་པ་དང༌། །རྒྱ་མཚོའི་རླབས་ནི་ཞི་བ་ལྟར། །ནོངས་དང་ཆགས་ཉམས་མེད་གྱུར་ཅིག །ཞི་ཞིང་རབ་ཏུ་ཞི་གྱུར་ཅིག །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །བྱིན་གྱིས་བརླབས་པའི་མཆོད་གཏོར་དང༌། །རྟ་མཆོག་རྒྱན་གྱིས་བརྒྱན་པ་དང༌། །ཚོགས་ཀྱི་འཁོར་ལོ་བཅས་པ་འདི། །དཔལ་མགོན་ཁྱད་པར་ཅན་རྣམས་ཀྱི། ཁྱེད་ཀྱི་ཐུགས་དམ་བསྐོངས་གྱུར་ཅིག །བཞེད་འགྲུབ་རེ་བ་རྫོགས་གྱུར་ཅིག །དེ་ལྟར་གྱུར་ནས་བདག་ཅག་གི །སྔོན་གྱི་ལས་ལས་གྱུར་པ་དང༌། །འཕྲལ་གྱི་རྐྱེན་ལས་གྱུར་པ་ཡི། །ནད་དང་བར་དུ་གཅོད་པ་ཀུན། །ཐམས་ཅད་བཟློག་པར་མཛད་དུ་གསོལ། །ཚེ་དང་དཔལ་དང་འབྱོར་པ་དང༌། །དབང་ཕྱུག་དམ་པ་ཐམས་ཅད་ཀུན། །ཕུན་སུམ་ཚོགས་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཁྱེད་ཐུགས་གསང་བ་དམ་པའི་མཛོད། །དགྱེས་པ་ཆེན་པོའི་སྒོ་ཕྱེ་ནས། །དངོས་གྲུབ་བྱིན་རླབས་བདུད་རྩི་ཡི། །ཆར་གྱིས་བདག་རྒྱུད་གཏམས་པར་མཛོད། །བྷྱོཿ འགྲོ་བའི་དོན་དུ་སྐུ་མཆོག་འཇིགས་པ་ལས། །ང་རྒྱལ་དྲེགས་པ་མཐའ་དག་འདུལ་མཛད་ཅིང༌། །མ་ལུས་གསལ་བར་ཁྱབ་པར་མཛད་པ་ཡི། །ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་


TNT14_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །འདའ་དཀའ་དམ་ཚིག་གཏན་ནས་གཉེར་མཛད་པ། །སྤྱི་དང་དམ་ཚིག་ལྷག་པའི་དམ་ཚིག་དང༌། །བསྲུང་བར་དམ་བཅས་སྐུའི་དམ་ཚིག་རྣམས། །དམ་བཅས་བཀའ་ལས་འདའ་རྒྱུ་མ་ལགས་ན། །སྐུའི་དམ་ཚིག་ཚུལ་བཞིན་མ་བརྟགས་ཏེ། ཁམས་གསུམ་ཁྱབ་པའི་སྐུ་ལ་བཟོད་པར་གསོལ། །ཧཱུཾ་རྣལ་འབྱོར་བདག་ཅག་འདིར་འདུས་གདུང་སོབ་རྣམས། །སྤྱི་དང་ཁྱད་པར་དམ་ཚིག་མི་གཏོང་ཡང༌། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང༌། །འདུ་ཤེས་ཆུང་བའི་སྐྱོན་རྣམས་ཅི་མཆིས་པ། །མ་གཅིག་ལྷ་མོའི་སྐུ་ལ་བཟོད་པར་གསོལ། །ཧཱུཾ་ཐུགས་རྗེས་ངེས་པར་གཟིགས་པའི་ལྷ་མོ་ལ། །དམ་རྫས་ཚང་བའི་མཆོད་པ་མ་བཤམས་ཏེ། །ཕངས་སེམས་དབང་གིས་མཆོད་པའི་རྒྱུ་ཆུང་བ། །རྫོང་མོ་དཀའ་བཟློག་སྐུ་ལ་བཟོད་པར་གསོལ། །ཧཱུཾ་བུ་ཡི་ཚུལ་གྱིས་རྒྱུན་གྱི་དམ་ཚིག་ལས། །ལེ་ལོ་གཉིད་དང་བྲེ་མོ་གཏམ་ལ་སོགས། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །ཐུགས་རྗེ་ཆེན་པོས་ཚངས་པར་སྩལ་དུ་གསོལ། །ཧཱུཾ་རྣལ་འབྱོར་གང་ཞིག་དམ་ཚིག་འཛིན་པ་རྣམས། །མ་ཡི་ཚུལ་དུ་ཐམས་ཅད་བསྲུང་བ་དང༌། །ཞེ་སྡང་གདུག་པའི་དགྲ་བགེགས་གང་བྱུང་བར། །མ་གཅིག་ཐུགས་རྗེ་ལྡན་པ་དེར་འབྱུང་ཞིང༌། །དྲག་ཤུལ་དབང་དང་མངོན་སྤྱོད་འཕྲིན་ལས་ཀྱིས། །ཇི་ལྟར་མཚམས་པ་བཞིན་དུ་འཕྲིན་ལས་མཛོད། །དེ་ནས་རྒྱལ་ཆེན་རྣམ་སྲས་ལ་བཤགས་པ་འབུལ་བ་ནི། ཧཱུཾ་རྡོ་རྗེ་འཆང་དང་ཕྱག་ན་རྡོ་རྗེ་དང༌། །ཆོས་ཀྱི་རྡོ་རྗེ་འགྲོ་བཟང་སྙིང་པོ་དང༌། །རིན་ཆེན་རྡོ་རྗེ་ཁ་ཆེ་དགོན་པ་བ། །ཟངས་དཀར་ལོ་ཙཱ་གཡོར་པོ་ཇོ་སྟོན་དང༌། །བུ་ཅེར་བསོད་རིན་འཇིད་པུ་པདྨ་པ། །


TNT14_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་པ་ཇོ་བཟང་ཁྲོ་ཕུ་ལོ་ཙཱ་བ། །བྱང་ཆུབ་དཔལ་དང་གཙང་པ་དབང་ཕྱུག་གྲགས། །མཁས་པ་བྱང་གྲགས་མཁན་ཆེན་དྭངས་མ་བ། །དུས་གསུམ་སངས་རྒྱས་ཀུན་མཁྱེན་ཇོ་ནང་བ། །ར་སྟོན་རིན་རྒྱམ་ངབ་སྟོན་རིན་ཆེན་དཔལ། །བསོད་ནམས་གྲགས་དཔལ་བསོད་ནམས་རིན་ཆེན་དང༌། །རྒྱལ་བ་ཕྱག་ན་ཀུན་དགའ་བློ་གྲོས་དང༌། །ཀུན་དགའ་རྒྱལ་མཚན་བྱང་ཆུབ་དཔལ་ལྡན་དང༌། །ཤེས་རབ་དོན་གྲུབ་རབ་འབྱམས་ཆོས་རིན་དང༌། །ཆོས་ཀྱི་སེང་གེ་སངས་རྒྱས་ཡེ་ཤེས་དང༌། །བྱམས་པ་ལྷུན་གྲུབ་རྩ་བའི་བླ་མ་སྟེ། །བརྒྱུད་ལྡན་བླ་མ་ཐམས་ཅད་དགོངས་སུ་གསོལ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དང༌། །གཟི་བརྗིད་མཐའ་ཡས་རྒྱལ་ཆེན་རྣམ་ཐོས་སྲས། །འཁོར་བཅས་བརྩེ་བས་བདག་ལ་དགོངས་སུ་གསོལ། །རྒྱལ་པོ་ཁྱོད་ཀྱི་སྐུ་གསུང་ཐུགས་དང་ནི། །སྤང་དང་བླང་བའི་དམ་ཚིག་བསྲུང་མཚམས་ལས། །རྣལ་འབྱོར་མི་བརྩོན་དབང་གིས་འདས་སྲིད་ན། །བཟོད་པར་བཞེས་ཤིང་བུ་བཞིན་སྐྱང་དུ་གསོལ། །དང་པོ་སྤང་བར་བྱ་བའི་དམ་ཚིག་ལས། །རོ་ལ་འཇུས་ཤིང་རོ་གོས་གྱོན་པ་དང༌། །རྟ་ནག་ཞོན་ཞིང་རེ་ནག་བཏིང་པ་དང༌། །ཞྭ་ནག་གོས་ནག་གྱོན་པ་མཐོལ་ལོ་བཤགས། །རྟ་བོང་ཤ་ཁྲག་ཟོས་ཤིང་འཐུངས་པ་དང༌། །ཡུག་མོས་སྦྱར་བའི་ཁ་ཟས་ཟོས་པ་དང༌། །གས་ཤིང་ཆག་པའི་ནང་དུ་ལྟོ་ཟོས་པ། །རྒྱལ་ཆེན་ཁྱེད་ཀྱི་སྐུ་ལ་བཟོད་པར་གསོལ། །དང་དུ་བླང་བའི་དམ་ཚིག་ལས་འདས་ཏེ། །བསྙེན་པ་མ་ཐེངས་གནད་ལ་བོར་བ་དང༌། །སྦྱིན་པ་མ་བཏང་འདོད་ཆེན་ནོར་བླངས་དང༌། །དུས་སུ་མཆོད་གཏོར་


TNT14_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་མཐོལ་ལོ་བཤགས། ཁྱེད་ཀྱི་རྟེན་མཆོག་འཆང་བར་དམ་བཅས་ནས། །ཕྱི་ནང་གསང་བའི་རྟེན་གསུམ་མ་རྙེད་དང༌། །རྙེད་ཀྱང་ལུས་ལ་མ་བཅངས་བྲལ་བ་དང༌། །ལུང་ཐང་འཕྲེང་བ་མ་བགྲང་མཐོལ་ལོ་བཤགས། །མདོར་ན་ཆོས་སྐྱོང་ཁྱེད་ཀྱི་དམ་ཚིག་དང༌། །འགལ་ཞིང་ཉམས་པར་གྱུར་པ་ཅི་མཆིས་པ། །གནོད་སྦྱིན་ཁྱེད་ལ་བཟོད་པར་གསོལ་ལགས་ཀྱིས། །ཚངས་པར་སྩལ་ནས་སྒྲུབ་མཆོག་བསྐྱང་དུ་གསོལ། །རྒྱལ་ཆེན་རྣམ་མང་ཐོས་དང་ནོར་མང་ལྡན། །གསེར་རི་ལྷུན་པོ་ལྟ་བུར་བརྗིད་ཆགས་པའི། །སྤྲིན་བྲལ་ཉི་མ་སྟོང་གི་གཟི་ལྡན་པ། །འདོད་དགུའི་ཆར་འབེབས་དེ་ལ་ཕྱག་འཚལ་ལོ། །མཁའ་ཁྱབ་ཡིད་འོང་ལྷ་རྫས་དངོས་ཀུན་དང༌། །བཀའ་འབངས་བྲན་སླད་རང་ལུས་ཉེར་སྡོགས་བཅས། །མ་ཆགས་མ་ཞུམ་ཟབ་དང་རྒྱ་ཆེའི་ཕྱིར། །དགོངས་ཆེན་སྒྲུབ་ཕྱིར་དགེ་ཚོགས་རྒྱ་མཚོས་མཆོད། །རང་གི་རྒྱུ་སྔོན་མ་བསགས་འབྲས་འདོད་དང༌། །དོན་མེད་དོན་ལོག་ཅུང་ཟད་དོན་གྱི་ཕྱིར། །ཧ་ཅང་འདོད་ཆེན་བསྐྱེད་དང་ཆོག་མི་ཤེས། །བསམ་སྦྱོར་ནོངས་པ་གང་བགྱིས་མཐོལ་ལོ་བཤགས། །ལྷ་ཀླུ་མི་རྣམས་འཇིགས་དང་འཕོངས་པ་ལས། །མྱུར་སྐྱོབ་འཇིག་རྟེན་སྐྱོང་རྒྱལ་འཇིག་རྟེན་ལས། །ཀུན་བསྒྲལ་ཀུན་ལ་ཕན་ཕྱིར་བདེ་སྟེར་བ། །འཕྲིན་ལས་རྒྱུན་ཆད་མེད་ལ་རྗེས་ཡི་རང། །སྣ་ཚོགས་ཡ་ང་འཇིགས་དང་མགོན་མེད་དང༌། །སྡིག་སྡུག་བྲེལ་འཕོངས་རྒྱལ་གཟིར་སྐལ་ངན་རྣམས། །དབུགས་དབྱུང་སླད་དུ་ཐུགས་གསུང་སྐུ་མཆོག་དང༌། །ཉི་ཟླ་ནེའུ་ལེ་རྒྱལ་མཚན་རྣམ་རོལ་སྐུ། ཁྱོད་སྐུ་ཁྲོ་དང་འཛུམ་དང་བརྗིད་མཛེས་འགྱིད། །སྒེག་དུལ་བརྟན་འཇིགས་དཔའ་བོའི་གར་དགུ་ཡིས། །མི་བསྲུན་ཚར་གཅོད་སྐལ་ལྡན་


TNT14_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འཛིན་ཕྱིར། །བསྐལ་བརྒྱར་མྱ་ངན་མི་འདའ་བདག་གསོལ་འདེབས། །དེ་ལྟར་འགྲོ་སྐྱོབ་ཁྱོད་ལ་འགྲོ་བརྟེན་སླད། །ལྷ་མཆོག་ལྷག་པའི་ལྷར་བཟུང་དབང་བསྐུར་བས། །བདག་སོགས་མགོན་མེད་མགོན་མཛད་རྟག་ཏུ་ཡང༌། །ཤེས་རབ་ཐུགས་རྗེས་མི་བསྙེལ་མི་གཏོང་ཤོག །བཅུ་པ་བསྟོད་པ་ལས། དང་པོ་ཡི་དམ་འཁོར་དང་བཅས་པ་ལ་བསྟོད་པ་ནི། ཧཱུཾ་གང་ཐུགས་མཉམ་པ་ཉིད་ལས་མ་གཡོས་ཀྱང༌། །ཐུགས་རྗེ་ཆེན་པོས་གདུག་པའི་ཚོགས་འདུལ་ཕྱིར། །རབ་ཁྲོས་འཇིགས་སུ་རུང་བའི་སྐུར་སྟོན་པ། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ལ་འདུད། །འཇིགས་དུས་བསྐལ་པའི་མེ་ལྟར་རབ་འབར་ཞིང༌། །འབྱུང་པོའི་དབང་པོ་ཞབས་ཀྱི་འོག་ཏུ་བརྫྀས། ཁྲོ་རྒྱལ་རྣམས་ལ་སོ་སོར་བཀའ་སྩོལ་བ། །ཉི་མ་བྱེ་བའི་འོད་ལྡན་ཁྱོད་ལ་འདུད། །སྟེང་དང་འོག་གི་བགེགས་ཀུན་འཇོམས་མཛད་པ། །གཙུག་གཏོར་གནོད་མཛེས་རྒྱལ་པོ་ལྗང་སྔོན་མདོག །འཇིགས་པའི་མཚོན་ཆས་བདུད་རྣམས་ཕྱེ་མར་རློག །ཧ་ཧའི་གད་རྒྱང་ཅན་ལ་ཕྱག་འཚལ་ལོ། །ཤར་དང་ཤར་ལྷོར་བདུད་ཀྱི་ཚོགས་འཇོམས་པ། །བགེགས་དགྲ་དབྱུག་པ་སྔོན་པོ་འཇིགས་པའི་གཟུགས། །ཆར་སྤྲིན་མདོག་ཅན་ལྗགས་འདྲིལ་མཆེ་བ་གཙིགས། །སྡང་མིག་མེ་ལྟར་འབར་ལ་ཕྱག་འཚལ་ལོ། །ལྷོ་དང་བདེན་བྲལ་མཚམས་སུ་བགེགས་འཇོམས་པ། །རྨུགས་བྱེད་འདོད་པའི་རྒྱལ་པོ་མེར་ལྟར་འབར། །སྐད་ཅིག་ཙམ་གྱིས་བགེགས་ཀུན་ཐལ་བར་བརློག །མི་ཟད་ཉི་མའི་གཟི་ལ་ཕྱག་འཚལ་ལོ། །བྱང་དང་དབང་ལྡན་མཚམས་སུ་གནས་པའི་བགེགས། །མ་ལུས་རྩད་ནས་གཅོད་མཛད་ཁྲོ་བོའི་རྒྱལ། །པདྨ་མཐར་བྱེད་རབ་བརྗེད་མི་གཡོ་མགོན། །གངས་རི་ལྟ་བུར་བརྗིད་ལ་ཕྱག་འཚལ་ལོ། །ནུབ་དང་རླུང་དུ་


TNT14_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཀུན་ཚར་གཅོད་པ། །གཤིན་རྗེ་མཐར་བྱེད་ཁྲོ་རྒྱལ་སྟོབས་པོ་ཆེ། །གསེར་གྱི་རི་ལྟར་རབ་བརྗིད་འཇིགས་པའི་སྐུ། །འོད་སྟོང་འབར་བའི་ཞབས་ལ་ཕྱག་འཚལ་ལོ། །ཟད་པར་སྟོང་པ་རླུང་མེ་ཆུ་ས་ཡི། །རྣལ་འབྱོར་གྲུབ་པ་གཟུགས་དང་གཟུགས་མེད་གཞན། །སེམས་ལ་དབང་བསྒྱུར་སྣང་བ་རྒྱས་མཛད་པ། ཁམས་ལྔ་གྲུབ་པའི་ཞབས་ལ་ཕྱག་འཚལ་ལོ། །ཚངས་པ་ཁྱབ་འཇུག་བདེན་བྲལ་རླུང་གི་ལྷ། །གཤིན་རྗེ་མེ་ལྷ་རྒྱ་མཚོ་དབང་ལྡན་དང༌། །དབང་པོ་གནོད་སྦྱིན་མཚོན་ཆ་བཞོན་པར་ལྡན། །ཕྱོགས་བཅུ་སྐྱོང་མཛད་གཞན་ལ་ཕྱག་འཚལ་ལོ། །སྒྲ་གཅན་དུས་མེ་ཟླ་བ་ཉི་མ་དང༌། །ཟླ་སྐྱེས་བཀྲ་ཤིས་དཀར་པོ་ལྷ་ཡི་བླ། །ཀེ་ཏུ་ཉི་མའི་བུ་ཅན་གཟི་བརྗིད་ཆེ། །མཐུ་རྩལ་རྫུ་འཕྲུལ་ལྡན་ལ་ཕྱག་འཚལ་ལོ། །ཀླུ་རྒྱལ་རྒྱལ་བ་རྣམ་རྒྱལ་སྟོབས་ཀྱི་རྒྱུ། །པདྨ་ནོར་རྒྱས་དུང་སྐྱོང་མཐའ་ཡས་དང༌། །རིགས་ལྡན་འཇོག་པོ་དང་ནི་པདྨ་ཆེ། །མཐུ་ལྡན་ཀླུ་ཆེན་གཞན་ལ༴ འབྱུང་པོའི་ཚོགས་གཞན་རོ་ལངས་གྲུལ་བུམ་ཆེ། །མིའམ་ཅི་དང་དེ་བཞིན་སྐྱེས་བུའམ་ཅི། །དྲི་ཟ་འབྱུང་པོ་སྲིན་པོ་ཡི་དྭགས་ཆེ། །བརྗེད་བྱེད་མཁའ་ལྡིང་མཆོག་ལ༴ ཀླུ་དང་འབྱུང་པོ་སོགས་དང༌། སྡེ་དྲུག་བསྲུང་མ་དྲུག་ཅུ་འཁོར་བཅས་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །སྦྱངས་སྤེལ་སྦར་བའི་གཏོར་མ༴ བདུད་རྩིར་བསྒྲུབ་པའི་མཆོད་པ༴ ཕྱི་ནང་གསང་གསུམ༴ བདག་ཅག་མཆོག་གི་དངོས་གྲུབ་ཐོབ་པའི་ཕྱིར། །རྡོ་རྗེ་བཞི་ཡི་རྣལ་འབྱོར་མཐར་ཕྱིན་ཞིང༌། །བཅུ་དྲུག་བཞི་ཡི་རབ་དབྱེ་བསྐྱེད་རིམ་དང༌། །རིགས་སྔགས་བཟླས་པའི་མཐུ་ཡང་གྲུབ་པར་མཛོད། །


TNT14_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་ལ་སོགས་དངོས་གྲུབ་ཕྲ་མོ་དང༌། །འདོད་དང་གཟུགས་ཁམས་རིག་འཛིན་དངོས་གྲུབ་དང༌། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣམས། །ཚེ་འདི་ཉིད་ལ་འགྲུབ་པའི་སྡོང་གྲོགས་མཛོད། །ཞི་རྒྱས་ལ་སོགས་དགེ་བའི་འཕྲིན་ལས་མཛོད། །དབང་དགུག་ལ་སོགས་གང་འདུལ་སྦྱོར་བ་དང༌། །བསད་བསྐྲད་རེངས་སོགས་དྲག་པོའི་འཕྲིན་ལས་ཀྱིས། །གདུལ་དཀའ་འདུལ་བའི་འཕྲིན་ལས་མཛད་དུ་གསོལ། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །འགྲོ་ཀུན་འདོད་དང་ཐར་པའི་ས་ལ་འགོད། །བདག་ཅག་དུས་འདིར་གེགས་མེད་བདེ་སྐྱིད་འཕེལ། །ཆོས་སྤྱོད་ཡར་ངོ་བཞིན་དུ་འཕེལ་བར་མཛོད། །དེ་ནས་བཀའ་བསྲུངས་རྣམས་ལས་ཐོག་མར་མགོན་པོ་འཁོར་དང་བཅས་པ་ལ་བསྟོད་དེ། ཧཱུཾ་སྔོན་ཚེ་བདེ་གཤེགས་ཕོ་བྲང་སྤྱན་སྔ་རུ། །བསྟན་པ་བསྲུང་ཕྱིར་ནག་པོ་ཆེན་པོ་ལ། །རྗེས་མཐུན་འཕྲིན་ལས་ཁྱད་པར་གང་བསྒོ་བ། །དམ་བཅས་འཕྲིན་ལས་མཛད་ལ་ཕྱག་འཚལ་ལོ། །མགོན་པོའི་བཀའ་ཉན་འཁོར་གྱི་ཚུལ་འཛིན་ཞིང༌། །གདུག་པ་འདུལ་ཕྱིར་མི་བཟད་གཟུགས་འཆང་བ། །བྱམས་དང་སྙིང་རྗེས་འགྲོ་བའི་དོན་མཛད་པའི། །ནག་པོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །དཀོན་མཆོག་གསུམ་ལ་གནོད་བྱེད་ཚར་གཅོད་ཅིང༌། །རྣམ་འཕྲུལ་གཎྜཱི་ཕྱག་གི་དབུས་ན་བསྣམས། །ནག་པོ་ཆེན་པོ་ཁྱེད་ལ་ཕྱག་འཚལ་ལོ། །རྒྱུ་མ་མི་མགོ་འཕྲེང་བའི་དོ་ཤལ་འཛིན། །གཡས་པའི་ཕྱག་གིས་ཟངས་གྲི་རྣོན་པོ་བསྣམས། །གཡོན་པའི་ཕྱག་ན་ཐོད་པ་ཁྲག་བཀང་འཛིན། །


TNT14_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །སྔོན་ཚེ་བདེ་གཤེགས་སྤྱན་སྔར་ཁས་བླངས་ཏེ། །བསྟན་པ་བསྲུང་དང་འགྲོ་ལ་ཕན་གདགས་ཕྱིར། །དམ་བཅས་མི་འདའ་དམ་ཚིག་རྗེས་དགོངས་ལ། །གསོལ་གདབ་ལས་མཛད་བདག་དོན་ཡོངས་རྫོགས་མཛོད། །ཧཱུཾ་གང་གི་ཐུགས་ནི་དབྱིངས་ལས་མ་གཡོས་ཀྱང༌། །རྒྱལ་བ་ཀུན་གྱི་འཕྲིན་ལས་བསྒྲུབ་པའི་ཕྱིར། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པའི། །དཔལ་ཆེན་གཏུམ་པོ་ཁྱོད་ལ་ཕྱག་འཚལ་ལོ། ཁྱོད་སྐུ་ལྷུན་པོ་ལྟ་བུར་རབ་བརྗིད་ཅིང༌། །མི་འགྱུར་ནམ་མཁའི་མདངས་ལྟར་ཤིན་ཏུ་མཛེས། །ཆོས་སྐུ་དེ་བཞིན་ཉིད་དུ་གཅིག་པའི་དབུ། །བདེན་གཉིས་ཟབ་མོའི་དོན་སྟོན་ཕྱག་དང་ཞབས། །སྐྱོན་དྲུག་གཅོད་ཕྱིར་བདུད་སྡེའི་དཔུང་འཇོམས་ཕྱིར། །གཡས་པའི་ཕྱག་གི་གྲི་གུག་ཐུགས་ཀར་འཛིན། །འདོད་ཁྲོ་རྨོངས་སྤངས་གཡོན་པའི་ཕྱག་གིས་ནི། །གདུག་པའི་ཁྲག་གིས་བཀང་བའི་ཐོད་པ་འཛིན། །ཆོས་སྒྲ་ཆེན་པོས་བདུད་ཀྱི་ཀླད་འགེམས་ཕྱིར། །རྣམ་འཕྲུལ་གཎྜཱི་ཕྱག་གི་དབུས་ན་བསྣམས། །དེ་བཞིན་གཤེགས་པ་ལྔ་ནི་རྣམ་དག་པས། །མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་ཅན། །ཨཱ་ལི་ཀཱ་ལི་ལྔ་བཅུ་དག་པས་ན། །གདུག་པའི་མགོ་རློན་ལྔ་བཅུའི་དོ་ཤལ་འཛིན། །གཟུང་འཛིན་རབ་སྤངས་སྟག་གི་ཤམ་ཐབས་ཅན། །ཀླུ་ཆེན་དབང་དུ་བསྡུས་པས་སྤྲུལ་གྱིས་བརྒྱན། །རིན་ཆེན་རུས་པའི་རྒྱན་གྱིས་རབ་ཏུ་སྒེག །བདུད་སྡེ་དཔུང་བཅས་མ་ལུས་འཇོམས་པས་དཔའ། ཁྲོ་གཉེར་མཆེ་བ་རབ་གཙིགས་མི་སྡུག་པ། །སྣ་ཚོགས་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །གང་གི་


TNT14_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ནི་ནམ་མཁའི་མཐས་གཏུགས་པ། །ཧ་ཧ་ཧི་ཧི་ལ་སོགས་རབ་ཏུ་བཞད། །ཧཱུཾ་ཧཱུཾ་ཕཊ་ཕཊ་ལ་སོགས་དྲག་ཤུལ་སྒྲས། །ལོག་འདྲེན་ཚོགས་རྣམས་མ་ལུས་སྐྲག་མཛོད་པ། །དཔའ་བོའི་གསུང་གི་ང་རོ་འབྲུག་སྟོང་སྒྲ། །ཤིན་ཏུ་འཇིགས་རུང་སྒྲོག་མཛད་དེ་ལ་འདུད། ཁྱོད་ཀྱི་ཐུགས་ནི་སྤྲོས་ལས་རྣམ་གྲོལ་ཡང༌། །སྙིང་རྗེའི་དབང་གིས་འགྲོ་བ་ཀུན་ལ་གཟིགས། །སྐད་ཅིག་གིས་ནི་ཁམས་གསུམ་མ་ལུས་པ། །ཟ་བར་ནུས་པའི་རྔམ་པ་མཆོག་དང་ལྡན། །དེ་ལྟའི་སྤྲུལ་པ་སྣ་ཚོགས་རབ་སྟོན་ཡང༌། །རང་བཞིན་ཆོས་སྐུ་ཉེར་ཞི་ཐུགས་ལ་འདུད། །དཔའ་བོ་ཁྱོད་ཀྱིས་ཐུབ་པའི་བསྟན་པ་མཆོག །རབ་ཏུ་བསྐྱང་ཕྱིར་ལོག་འདྲེན་འདུལ་བ་དང༌། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི། །ལམ་ལ་གནས་པའི་རྡོ་རྗེ་འཛིན་པ་སྐྱོངས། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི། །རྨི་ལམ་ལྟས་སྡིག་སྐལ་བ་ངན་པ་དང༌། །རང་དང་གདོན་དང་དུས་མིན་འཆི་ལ་སོགས། །མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ། །བདག་དང་བདག་ལ་ཕན་པར་གང་སེམས་པ། །དེ་དག་ཀུན་གྱི་ཚེ་དང་བསོད་ནམས་དང༌། །འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་རྣམས་ཀུན། །རྟག་ཏུ་མི་ཉམས་རྒྱས་པར་མཛད་དུ་གསོལ། །ལྷ་དང་མི་དང་ཀླུ་དང་གནོད་སྦྱིན་སོགས། །འགྲོ་བ་ཀུན་གྱི་གདུག་པའི་སེམས་ཞི་ནས། །ཐམས་ཅད་བདག་གི་དབང་དུ་གྱུར་ནས་ཀྱང༌། །ཐེག་ཆེན་བསྟན་པའི་སྣོད་དུ་འགྱུར་བར་མཛོད། །གང་ཞིག་ཞི་བས་འདུལ་བར་མི་ནུས་པ། །གདུག་ཅིང་སྡང་བའི་སེམས་དང་རབ་ལྡན་པས། །བླ་མ་དམ་པའི་སྐུ་ལ་བསྡོ་བ་དང༌། །སེམས་ཅན་རྣམས་


TNT14_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་སངས་རྒྱས་བསྟན་ལ་གནོད། །རྣལ་འབྱོར་རྡོ་རྗེ་འཛིན་པ་བདག་ཅག་གི །དགེ་ལ་བར་དུ་གཅོད་པར་བྱེད་པ་ཡི། །གདོན་དང་ལོག་པར་འདྲེན་པའི་ཚོགས་རྣམས་ཀུན། །གཏུམ་པོ་ཁྱོད་ཀྱི་མངོན་སྤྱོད་ལས་ཀྱིས་ནི། །བསྐྲད་གཟིར་བཅིངས་ཤིང་རེངས་པར་བྱེད་པ་དང༌། །རྨུགས་ཤིང་དྲན་པ་ཉམས་པར་བྱེད་པ་དང༌། །དེ་ཡི་ལུས་ངག་ཡིད་ཀྱི་རྫུ་འཕྲུལ་དང༌། །མཐུ་དང་ལོངས་སྤྱོད་བསོད་ནམས་དབང་ཕྱུག་དང༌། །སྐད་ཅིག་གཅིག་གིས་ཐམས་ཅད་རབ་ཉམས་ཏེ། །འདུ་བ་རྣམས་བཞིའི་ནད་ཀྱིས་གཟིར་ནས་ཀྱང༌། ཁ་ནས་ཁོང་ཁྲག་དྲོན་མོ་རབ་སྐྱུགས་ནས། །ད་ལྟ་ཉིད་དུ་བསྐྲད་ཅིང་བསྒྲལ་བར་གྱིས། །བདག་གིས་བསྐུལ་བའི་ལས་འདི་མ་བསྒྲུབས་ན། །སྔོན་ཚེ་བདེ་བར་གཤེགས་པའི་སྤྱན་སྔ་རུ། །ཐུབ་པའི་བསྟན་པ་བསྲུང་བར་ཁས་བླངས་པ། །དམ་བཅས་ཙམ་དེ་དུས་ལས་མ་འདའ་ཞིག །ཧཱུཾ་ཉི་མའི་དཀྱིལ་འཁོར་དབུས་གནས་པའི། །ཧཱུཾ་ལས་བྱུང་བའི་ནག་པོ་ཆེ། །ཞལ་གདངས་མཆེ་གཙིགས་གད་མོ་སྒྲོགས། །འཇིགས་བྱེད་ཁྱོད་ལ་མངོན་པར་བསྟོད། །སངས་རྒྱས་ཀུན་ལ་བསྙེན་བཀུར་བརྟགས། །མགུལ་ལ་ཐོད་པའི་འཕྲེང་བས་བརྒྱན། །དགྲ་བགེགས་མ་ལུས་ཚར་གཅོད་པའི། །མགོན་པོ་ཁྱོད་ལ་མངོན་པར་བསྟོད། །སྐུ་མདོག་མཐིང་ནག་འབར་བ་ནི། །མཁྱེན་གསལ་དབྱིངས་སུ་གཅིག་པ་དང༌། །ཐུང་ཞིང་སྦོམ་ལ་བརྗིད་པའི་སྐུ། །ཐུགས་རྗེས་སྡང་མིག་གཟིགས་ལ་འདུད། །དབུ་སྐྲ་ཁམས་ནག་གྱེན་དུ་འབར། །ཐུགས་རྗེས་ཞི་ཁྲོ་ཕྱོགས་བཅུར་འཕྲོ། །ཞལ་གཅིག་ཕྱག་གཉིས་གྲི་གུག་གཡས། །གཡོན་པས་བནྡྷ་ཁྲག་བཀང་འཛིན། །


TNT14_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཆེན་ལྔ་དང་སྨན་ལྔས་བཀང༌། །དུག་གསུམ་མ་ལུས་ཞལ་དུ་གསོལ། །དགྲ་བགེགས་ཐམས་ཅད་སྒྲོལ་བྱེད་པའི། །སྐུ་གསུམ་སྲིན་པོའི་གཟུགས་འཛིན་བསྟོད། །འོད་ཟེར་དུག་ལྔ་བསྲེག་པའི་མེ། ཁྲོ་གཉེར་སྨིན་མ་རབ་བསྐྱོད་ཅིང༌། །ལྗགས་འདྲིལ་ཁྲོས་པས་འཕྲིན་ལས་མཛད། །ཧཱུཾ་སྒྲོག་ཕཊ་སྤྲོ་ཁྱོད་ལ་བསྟོད། །མཆེ་གཙིགས་ལྕེ་ལས་མེ་སྟག་འཕྲོ། །བརྐྱང་བསྐུམ་འུར་སྒྲ་ཐུག་ཆོམ་གྱིས། །སྲིད་གསུམ་ཞིང་ཁམས་མ་ལུས་གཡོ། །ཐུགས་རྗེས་འགྲོ་དོན་མཛད་ལ་འདུད། །གཏུམ་ཆེན་ཁྲོ་བོ་མང་འཕྲོ་བ། །འགྲན་ཟླ་མེད་པའི་མཆེ་བ་ལས། །འཕྲིན་ལས་སྤྲུལ་པ་ལྷུན་གྱིས་གྲུབ། ཁམས་གསུམ་ཀུན་འདུལ་ཁྱོད་ལ་བསྟོད། །ཕྲ་མིན་ཚོགས་རྣམས་སྐྲག་བྱེད་པའི། །ཧ་ཧ་ཆེར་སྒྲོག་གཏུམ་ལ་བཞད། །ཞལ་ནས་ཁྲག་རྒྱུན་འཛག་པ་སྟེ། །དཀོན་མཆོག་གསུམ་སྐྱོང་ཁྱོད་ལ་བསྟོད། །བླ་མ་དང་ནི་ཐེག་ཆེན་དང༌། །སེམས་ཅན་རྣམས་ལ་འཚོ་བྱེད་པ། །དེ་དག་ཁྱོད་ཀྱི་མངོན་སྤྱོད་ཀྱིས། །སྐད་ཅིག་ཉིད་ལ་བརླག་པར་མཛོད། །ཡུམ་ཨེ་ཀ་ཛ་ཏི་ལ་བསྟོད་པ་ནི། བྷྱོཿ ཀུན་ཏུ་བཟང་མོའི་རིག་པ་ལས། །མ་གཡོས་ཨུ་མ་དེ་ཝའི་སྐུ། །མ་མོ་ཐམས་ཅད་བསྐྱེད་མཛད་མ། །ཡུམ་ཆེན་ཁྱོད་ལ་མངོན་པར་བསྟོད། །ཐུགས་རྗེ་མི་འགྱུར་སྐུ་མདོག་ནག །ཡེ་ཤེས་སྐུ་གཅིག་འགྱིང་ཞིང་ཁྲོ། །གཡུ་ཡི་རལ་པས་སྲིད་གསུམ་སྒྲོལ། །སྙན་གཉིས་འགྲོ་དྲུག་གསོལ་འདེབས་གསན། །ཤངས་ནས་རླུང་སྒྲོམ་བག་ཆགས་འཇོམས། །སྐྱེ་ཤི་རྩད་གཅོད་མཆེ་བ་གཙིགས། །སྤྱན་གསུམ་འགྲོ་ལ་གཟིགས་ཤིང་བཞད། །ཐར་པའི་ལམ་སྟོན་གསུང་དབྱངས་སྙན། །ཐབས་དང་


TNT14_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཕྱག་གཉིས་ཀྱིས། །གཡུའི་བུམ་པ་ཐུགས་ཀར་འཛིན། །ཚེ་འཛིན་བདུད་རྩིའི་བཅུད་ཀྱིས་གཏམས། །སྐྱེ་འགྲོ་གསོ་བའི་ཡུམ་གཅིག་མ། །ཨེ་ཀ་ཛ་ཊི་དཔལ་ལྡན་མ། ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པས་ཡུམ་ལ་བསྟོད། །ལྷ་མོ་འདོད་ཁམས་མ་ལ་བསྟོད་པ་ནི། ཧཱུཾ་བྷྱོཿ དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་སྒྲུབ་ཕྱིར་རྣམ་ཐར་གསུམ་གཞོལ་ཡང༌། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡིས། །ཤེས་རབ་སྣ་ཚོགས་བདག་གིས་འགྲོ་དོན་མཛད། །དཔལ་ལྡན་ལྷ་མོའི་སྐུ་མདོག་ཆར་སྤྲིན་མདོག །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་གཟུགས། །ཤིན་ཏུ་རིད་ཅིང་ཀེང་རུས་གཟུགས་ཅན་མ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྗིད་པའི་སྐུ། །རལ་བ་གྱེན་འགྲེང་ལན་བུ་ཐུར་དུ་འཁྱིལ། །སྐྲ་གསེབ་སྤྲུལ་དང་ཐོད་པའི་འཕྲེང་ཐོད་ཅན། །རྣ་ལྟག་མེ་ཏོག་དར་ནག་ཅོད་པན་ཅན། ཁྲག་གི་ཆང་གིས་ར་རོ་སྤྱན་རྩ་དམར། །མི་རོ་རིད་པ་ཁར་བཅུག་མཆེ་བ་བཞི། །རྣམ་པར་གཙིགས་ཤིང་ཁྲག་ལ་ཤིན་ཏུ་དགེས། །སྙན་གཡས་སྦྲུལ་གྱི་མགུལ་ནས་དྲིལ་བུ་གསིལ། །གདུག་པ་བཏུལ་ནས་ཚངས་པའི་སྒྲ་སྒྲོག་མ། །སྙན་ཆ་གཡོན་ན་སེང་གེའི་རལ་བ་དམར། །དཔའ་མོ་ཁམས་གསུམ་སེང་གེའི་སྒྲ་སྒྲོག་མ།)།ཕྱག་བཞི་གཡས་ཀྱི་དང་པོ་རལ་གྲི་འཛིན། །འོག་མ་དུང་ཆེན་རཀྟ་དམར་འཁྱིལ་འཛིན། །གཡོན་གྱི་དང་པོ་ཤཀྟི་མཚོན་ཆ་འཛིན། །འོག་མ་ཏྲི་ཤུ་མགུལ་ནས་དར་དཔྱངས་འཛིན། །ཤཀྟི་རལ་གྲི་མཚོན་གྱིས་བཅད་པ་ཡི། །ལྷ་མ་ཡིན་གྱི་


TNT14_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་སོགས་དོ་ཤལ་བྱས། །གླང་པོ་ཆེ་ཡི་ཀོ་རློན་སྟོད་གཡོགས་བྱས། །སྨད་ནི་བ་གླང་ཀོ་རློན་དྲས་པ་ལ། །ཕྱེད་ནི་རེ་ལྡེ་སེར་པོའི་ཤམ་བུས་དཀྲིས། །ཀླུའི་དབང་པོ་གཞིབས་པའི་སྐེད་ཆིངས་ཅན། །ཞབས་གཉིས་ལྕགས་སྒྲོག་མཛེས་པ་དག་གིས་བརྒྱན། ཁྲག་དང་ཞག་གི་ཐིག་ལེ་ཚོམ་བུར་བྲིས། །བོང་བུ་གྭ་ཞོན་མཚན་མོ་དུར་ཁྲོད་རྒྱུ། །བོང་བུའི་རྨིག་པ་གློག་གི་:ཤུན་[གཤོག་]པ་ཅན། ཁམས་གསུམ་སྐད་ཅིག་ཙམ་གྱིས་བསྐོར་བར་བྱེད། །སྐད་ནི་དུང་དང་འབྲུག་གི་སྒྲ་ལྟར་སྒྲོག །མཁའ་འགྲོ་མ་མོ་ཤ་ཟ་དབང་དུ་བསྡུས། །དམ་པའི་ས་ནས་གཟུགས་སྐུ་གཉིས་འཛིན་ཞིང༌། །ཏིང་འཛིན་དབང་ཐོབ་གཟུགས་ཀྱི་ཁམས་སུ་བྱོན། །ཚངས་པའི་རྒྱལ་པོ་ལ་སོགས་ཕྱག་བྱས་མ། །གཞན་ལ་དབང་བསྒྱུར་འདོད་ཁམས་མཐར་ཕྱིན་མ། །དབང་ཕྱུག་ཆེན་པོའི་སྐུ་ལ་དགེས་པར་འཁྲིལ། །སུམ་ཅུ་རྩ་གསུམ་ཚལ་དུ་བྱོན་པའི་ཚེ། །ལྷ་རྣམས་དབུགས་འབྱིན་བརྒྱ་བྱིན་ཕྱག་བྱས་མ། །ལྷ་མ་ཡིན་རྣམས་ཕུང་བར་བྱེད་པའི་ཚེ། །ལྷ་མིན་དབང་པོ་རྣམས་ཀྱིས་ཕྱག་བྱས་མ། །སྐུ་མཆོག་རི་རབ་རྩེ་དང་འགྲན་པའི་ཚེ། །ལྟེ་བའི་ཐད་ཀའི་ཕྱོགས་ནས་ཉི་ཟླ་འཆར། །རྒྱལ་ཆེན་བཞི་སོགས་ལྷ་རྣམས་ཕྱག་བྱས་མ། །རྒྱ་མཚོའི་གཏིང་ནས་མེ་འབར་མཚོ་སྐེམ་མ། །ས་འོག་དབང་པོ་རྣམས་ཀྱིས་ཕྱག་བྱས་མ། །ལྷ་མོ་ཁྱོད་ཀྱི་ཆོ་འཕྲུལ་འདི་བསྟན་པ། །བདུད་དང་གཤིན་རྗེའི་ཚོགས་རྣམས་འདར་ཞིང་འདུད། །མ་མོ་སྲིན་པོའི་ཚོགས་རྣམས་རྔམ་ཞིང་རྒོད། །དམ་


TNT14_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སྲིའི་ཚོགས་རྣམས་འདར་ཞིང་དམ་ལ་འདུད། །ཙིཏྟ་རིན་ཆེན་གུར་ཕུབ་གཞལ་ཡས་ནས། །ཉི་ཟླའི་དཀྱིལ་འཁོར་བརྩེགས་པའི་གའུ་འབར། །ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་མཛད་མ། །བདུད་རྩིའི་རླངས་པས་དཀར་པོའི་ཕྱོགས་རྣམས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་གཅོད་མཛད་མ། །བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་འདུད། གང་ཞིག་ཁྱོད་ལ་དད་རྣམས་མ་བས་བྱམས། །དེ་ཕྱིར་མ་ཞིག་ནད་བདག་སྨན་གྱི་གཙོ། །བདུད་རྩིའི་ལྷ་མོ་ཁྱོད་ལ་རྟག་ཏུ་བསྟོད། རྒྱལ་བ་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ།།བདག་གིས་དེང་ནས་འཁོར་བ་ཇི་སྲིད་བར། །དཀར་པོའི་ཕྱོགས་ཀྱི་ནད་དང་སྡུག་བསྔལ་སོགས། །ཞི་བར་བྱ་ཞིང་ཚེ་དག་བསོད་ནམས་སྤེལ། །ནག་པོའི་ཕྱོགས་རྣམས་དགུག་ཅིང་དམ་ལ་འདུད། སྨྱོ་འབོག་བསད་བསྐྲད་ལ་སོགས་འཕྲིན་ལས་ཀྱིས། །བསྟན་པ་བསྲུང་བའི་ལས་རྣམས་མྱུར་སྒྲུབ་བགྱི། །འདི་ལས་འདས་ན་རྒྱལ་བའི་བཀའ་བསླུས་པས། །དུས་གསུམ་རྒྱལ་བའི་རྡོ་རྗེས་མགོ་འགེམས་སོ། །དེ་སྐད་རྒྱལ་བའི་སྤྱན་སྔར་ཁས་བླངས་པས། ཁས་བླངས་བཞིན་དུ་དམ་ཚིག་རྗེས་དགོངས་ལ། །དམ་བཅས་བཞིན་དུ་འཕྲིན་ལས་མྱུར་སྒྲུབ་མཛོད། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རྣལ་འབྱོར་བདག་དང་བདག་གི་འཁོར་བཅས་ལ། ཁྱོད་ཀྱི་ཞལ་ནས་བདུད་རྩིའི་ཆར་ཕོབ་ལ། །ནད་དང་སྡུག་བསྔལ་ཚོགས་རྣམས་ཞི་བ་དང༌། །ཚེ་དང་བསོད་ནམས་དབང་ཐང་འཕེལ་བར་མཛོད། །ཟང་ཟིང་ལོངས་སྤྱོད་འབྲུ་ཡི་ཕུང་པོ་དང༌། །རིན་ཆེན་རྐང་འགྲོས་རྣམས་ཀྱང་འཕེལ་བར་མཛོད། །སྡང་དགྲ་གནོད་བགེགས་ཐམས་ཅད་ཚར་ཆོད་ལ། །བསྟན་པ་བསྲུང་བའི་ལས་འདི་མྱུར་དུ་བསྒྲུབས། །ལས་མགོན་འཁོར་བཅས་


TNT14_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟོད་པ། པུ་ཊའི་སྒོས་བསྟོད་རྒྱས་པ་ནི། ཧཱུཾ། དཔལ་ལྡན་འཕྲིན་ལས་ཀུན་རྫོགས་པུ་ཊ་ཁྱོད། །སྐུ་མདོག་མཐིང་ནག་མེ་ཡི་འཕྲོ་འདུ་ཅན། །རྔམས་པའི་སྟབས་ཀྱི་འགྱིང་ཞིང་ཤང་ལང་བསྣམས། །གིང་ཆེན་འདུག་པ་འདུལ་ཁྱོད་ཕྱག་འཚལ་ལོ། །རབ་བརྗིད་དཔའ་ལ་རྔམས་པའི་ཞལ་གདངས་ཤིང༌། །གློག་ལྟར་འཁྱུག་པའི་ལྗགས་འདྲིལ་མཆེ་བ་གཙིགས། །ཀླད་ཁྲག་དྲོན་མོ་གསོལ་ཞིང་སྤྱན་རྩ་དམར། །གིང་ཆེན་གདུག་པ་འདུལ་ཁྱོད་ཕྱག་འཚལ་ལོ། །མགོན་པོའི་དོ་ཤལ་དར་ནག་ན་བཟའ་གསོལ། །ཡོན་ཏན་ཀུན་རྫོགས་ཁམས་གསུམ་དགྲ་ལས་རྒྱལ། །འཇིགས་བྱེད་ཆེན་པོ་དཔའ་བོའི་གར་སྟབས་ཀྱི། །སྤྲུལ་པས་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །ལམ་ལ་གནས་པའི་རྡོ་རྗེ་འཛིན་པ་རྣམས། །བདེན་པའི་སྟོབས་དང་དད་པའི་ནུས་མཐུ་ཡིས། །གསང་སྔགས་མཆོག་འཛིན་དགྲ་ལྷ་ཁྱོད་མཆོད་ཀྱི། །རྗེ་བཙུན་བདུད་ལས་རྒྱལ་བ་དགེས་པར་མཛོད། །བསད་པའི་ཤ་དང་སྦྱར་བའི་ཛ་གད་དང༌། །བསྒྲལ་བའི་ཁྲག་དང་དམ་རྫས་སྣ་ཚོགས་ཀྱིས། །དམ་ཚིག་ཅན་ཁྱོད་མཆོད་ཀྱི་ཆོས་འཁོར་སྐྱོངས། །བསྟན་པ་བསྲུང་བའི་འཕྲིན་ལས་མྱུར་དུ་སྒྲུབས། །སོ་སོའི་བསྟོད་པ་བསྡུས་པ་ནི། ཧཱུཾ་སྔོན་ཚེ་ཤཱཀྱ་སེང་གེའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་དམ་ཚིག་ཅན། །འཕྲུལ་དང་མངོན་ཤེས་ལྡན་པའི་སྟོབས་པོ་ཆེ། །ལས་མཁན་འཁོར་དང་བཅས་ལ་བསྟོད་པར་བགྱི། །སྟོབས་ལྡན་གང་ཞིག་སྲིད་པའི་བྱེད་པོ་སྟེ། །མི་བཟད་སྔགས་དང་མཚོན་ཆ་འཁྲུལ་འཁོར་གྱིས། །བདུད་དང་མུ་སྟེགས་ཐལ་བར་བརླག་མཛད་པ། །རབ་འཇིགས་ནག་པོ་


TNT14_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ཁྱོད་ལ་བསྟོད། །ཤ་ཁྲག་རྒྱ་མཚོར་རོལ་བའི་གནོད་སྦྱིན་ཡུམ། །དགྲ་སྙིང་སྤར་གྱིས་འདེབས་པའི་རྫུ་འཕྲུལ་ཅན། །སྟོང་ཁམས་བདག་མོ་སྲིད་པའི་ཉུལ་ལེ་མ། །ནག་མོ་འཇིགས་སུ་རུང་མ་ཁྱོད་ལ་བསྟོད། སྡེ་བརྒྱད་ཀུན་གྱི་དམག་དཔོན་དྲག་ཤུལ་ཆེ། །ཆོས་འཁོར་ཡོངས་ཀྱི་བསྲུང་མ་བགེགས་ཀྱི་དགྲ། །སྐྱེ་འགྲོ་ཀུན་གྱི་སྲོག་ལ་མངའ་མཛད་པ། །ལས་མཛད་ཆེན་པོ་པུ་ཊ་ཁྱོད་ལ་བསྟོད། །དམ་ཉམས་ཀུན་གྱི་གཤེད་མ་དམ་ཚིག་ཅན། །འཇིག་རྟེན་ཀུན་ཁྱབ་སྤྲུལ་པ་སྣ་ཚོགས་འགྱེད། །དཔའ་བོ་ཡིད་སྒྱུར་མཁས་ཤིང་གློག་ཕྲེང་འཁྲུག །ཐོག་སེར་བདག་པོ་བྷ་ཊ་ཁྱོད་ལ་བསྟོད། །སྔགས་ཀྱི་བསྲུང་མ་འཇིག་དུས་མེ་ལྟར་རྣོ། །སྲིན་པོ་སྟོང་གི་གྲོགས་དང་ལྷན་ཅིག་རྒྱུ། །མ་མོ་ཡོངས་ལ་བརྡ་སྦྱོར་རལ་གཅིག་མ། །སྲིན་མོ་འབར་མ་དམ་ཅན་ཁྱོད་ལ་བསྟོད། །ཅེས་པའམ། རྒྱས་པ་ལ་དགའ་ན་འོད་ལྡན་དཔལ་དང༌། ལུང་བུ་པས་མཛད་པའི་བསྟོད་པ་རྒྱས་པས་བསྟོད་དོ། །དེ་ནས་སྒོ་མའི་བསྟོད་པ་ནི། སེང་གེའི་གདོང་ཅན་སོ་གཅིག་སྲིད་གསུམ་ཟ། །ལྕགས་ཀྱུ་འཛིན་ཞིང་ཐོད་རློན་འཕྲེང་བ་ཅན། །སེང་གེ་སྟག་དང་བྱ་ནག་མང་པོའི་ཚོགས། །བྱམས་པས་ལོག་འདྲེན་འགུགས་པ་ཁྱོད་ལ་བསྟོད། །གཟིག་གི་གདོང་ཅན་དུར་ཁྲོད་ཁྲག་ལྡག་མ། །ཞགས་པ་ཐོད་པ་འཛིན་ཞིང་ལས་ལ་བརྩོན། །གཟིག་དང་སྤྱང་མོ་དང་ནི་མཁའ་ལྡིང་ཚོགས། །ཐུགས་རྗེས་ལེགས་པར་འདྲེན་མཛད་ཁྱོད་ལ་བསྟོད། །དོམ་གྱི་གདོང་ཅན་ཁམས་གསུམ་སལ་ལེ་གཟིགས། །ལྕགས་སྒྲོག་སྒྲོན་མེ་བསྣམས་པའི་མཐུ་མོ་ཆེ། །གླང་ཆེན་དོམ་དང་མཁའ་ལྡིང་སྤྲུལ་པའི་ཚོགས། །དགའ་བས་ལོག་པ་འདུལ་བ་ཁྱོད་ལ་བསྟོད། །


TNT14_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དྲེད་ཀྱི་གདོང་ཅན་སྡེ་བརྒྱད་ཁ་ལོ་བསྒྱུར། །ཐོ་བ་དང་ནི་ལྕགས་ཀྱུ་འཁོར་ལོ་བསྐོར། །དྲེད་མོ་གཡག་དང་མཁའ་ལྡིང་ཕོ་ཉའི་ཚོགས། །བཏང་སྙོམས་ཆེན་པོས་དོན་མཛད་ཁྱོད་ལ་བསྟོད། །ཀུན་ཀྱང་མ་མོ་མཁའ་འགྲོ་ཉི་ཟླའི་སྤྱན། །འཇིགས་ཚུལ་ཆེ་ལ་ཐབས་མཁས་སྙིང་རྗེ་ཆེ། ཁམས་ཁམས་ཚིག་ཚིག་ཤ་དང་ཁྲག་ལ་དགའ། །འཇིགས་པའི་ང་རོ་ཅན་ཁྱོད་མཆོད་ཅིང་བསྟོད། །རྒྱལ་ཆེན་རྣམ་ཐོས་སྲས་འཁོར་བཅས་ལ་བསྟོད་པ་ནི། རིན་ཆེན་ཕོ་བྲང་དམ་པ་ན། །མི་འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོས་དགེ་བ་སྟོབས་པོ་ཆེ། །སེམས་དཔའི་སྐྱིལ་ཀྲུང་དག་གིས་བཞུགས། །གཡས་ན་རིན་ཆེན་རྒྱལ་མཚན་འཛིན། །གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས། །སྐུ་ནི་གསེར་གྱི་འོད་པས་མཛེས། །ཞལ་ནས་རིན་ཆེན་ཆར་པ་འབེབས། །ཐུགས་རྗེས་འཕོངས་པ་ལས་སྒྲོལ་མཛད། །རིན་ཆེན་རྒྱན་རྣམས་ཀུན་གྱིས་བརྒྱན། །བྱང་ཕྱོགས་རྒྱལ་པོར་སྐུ་ཡང་སྤྲུལ། །རྣམ་ཐོས་སྲས་སུ་མཚན་ཡང་གྲགས། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །དབུ་ལ་རིན་ཆེན་ཅོད་པན་གསོལ། །ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་བྱེ་བའི་ཚོགས་ཀྱི་བསྐོར། །སྡེ་བོ་ཆེ་ལ་ཕྱག་འཚལ་ལོ། །གཞན་གྱི་དཔུང་རྣམས་འཇོམས་པར་བྱེད། །སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །བུམ་པ་བཟང་པོས་རྣམ་པར་བརྒྱན། །དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །རྫིང་བུ་བཟང་པོ་འདོད་འཇོའི་བ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཛམྦྷ་ལ་ནི་གསེར་གྱི་མདོག །རྫུ་འཕྲུལ་རྟའི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། །རིན་


TNT14_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བསྣམས་ལ་ཕྱག་འཚལ་ལོ། །གང་བ་བཟང་པོ་སྐུ་མདོག་སེར། །རྫུ་འཕྲུལ་རྟའི་སྟེང་ན་བཞུགས། །གཡོན༴ བུམ་པ་བསྣམས་ལ་ཕྱག་འཚལ་ལོ། ནོར་བུ་བཟང་པོ་སྐུ་མདོག་དཀར། །རྫུ་འཕྲུལ་རྟའི་སྟེང་ན་བཞུགས། །གཡོན་པ༴ ནོར་བུ་བསྣམས་ལ་ཕྱག༴ ཀུ་ཝེ་ར་ནི་སྐུ་མདོག་ནག །རྫུ་འཕྲུལ་རྟའི་སྟེང་ན་བཞུགས། །གཡོན་པ༴ རལ་གྲི་བསྣམས་ལ༴ ཡང་དག་ཤེས་ནི་སྐུ་མདོག་སེར། །རྫུ་འཕྲུལ་རྟའི་སྟེང་ན་བཞུགས། །གཡོན་པ༴ །གསེར་གྲི་བསྣམས་ལ་ཕྱག༴ །འབྲོག་གནས་སྐུ་མདོག་ནག་པོ་ལ། རྫུ་འཕྲུལ་རྟའི་སྟེང་ན་བཞུགས། གཡོན་པ༴ །མདུང་དམར་བསྣམས་ལ་ཕྱག༴ ལྔ་རྩེན་སྐུ་མདོག་སེར་སྐྱ་ལ། །རྫུ་འཕྲུལ་རྟའི་སྟེང་ན་བཞུགས། །གཡོན་པ༴ ཁང་བརྩེགས་བསྣམས་ལ་ཕྱག༴ པི་ཙི་ཀུཎྜ་ལོ་ནི་དཀར། །རྫུ་འཕྲུལ་རྟའི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། །གྲི་ཕུབ་འཛིན་ལ༴ ཀླུ་ཆེན་བརྒྱད་ནི་སྐུ་མདོག་སེར། །རིན་ཆེན་སྤྲུལ་དང་གདེངས་ཀས་བརྗིད། །ཕྱག་གཉིས་འདོད་དགུའི་ཆར་འབེབས་པའི། །ནོར་བུ་འཛིན་ལ་ཕྱག་འཚལ་ལོ། །ཤར་དུ་རིང་པོ་མིག་བཟང་དང༌། །གང་པོ་སེར་སྐྱ་ས་པ་གནས། །སེང་གེ་ཉེ་སེང་དུང་ཅན་དང༌། །དགའ་བ་ཤིན་ཏུ་ས་པ་ལྷོ། །སེང་གེ་སེང་གེའི་རལ་པ་དང༌། །བླ་མ་སེར་སྐྱ་ནག་པོ་ནུབ། །འཛིན་པ་འཛིན་དགའ་བརྩོན་སྐྱོང་དང༌། ཁྱབ་འཇུག་ཉེ་ནག་བྱང་དུའོ། །ལྔ་སྤྱོད་ཉི་མ་བྱང་ཤར་ན། མེ་རུ་ཚིག་ལྔ་སེར་པོ་ཟླ། །རི་མཉམ་མེ་ནི་ལྷོ་ནུབ་ཏུའོ། །སེར་ཅན་རླུང་ནི་ནུབ་བྱང་ན། །གནོད་སྦྱིན་སྡེ་དཔོན་ཉི་ཤུ་བརྒྱད། །ཞལ་གཅིག་ཕྱག་གཉིས་འཇིགས་


TNT14_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས། །སྨུག་ནག་རིན་ཆེན་རྒྱན་གྱིས་བརྒྱན། །གྲི་ཕུབ་འཛིན་ལ་ཕྱག་འཚལ་ལོ། །དབང་པོ་ཟླ་བ་ཆུ་ཟླ་དང༌། །སྐྱེ་བདག་གདོས་པའི་རྒྱལ་མཚན་དང༌། །དབང་ལྡན་ཙན་དན་འདོད་པའི་གཙོ། །མགྲིན་ལྡན་མགུལ་ངེས་པ་ཊི་དང༌། །ནོར་བུ་ནོར་སྤྱོད་དགྲ་རབ་དང༌། །ཉེར་ལྔ་དང་ནི་རི་མཉམ་དང༌། །སེར་ཅན་གང་པོ་སེར་ཅན་དང༌། །གཡོན་ཕྱོགས་ལྷ་དང་བ་གླང་སྐྱོང༌། །འབྲོག་གནས་མི་ཡི་རྒྱལ་པོ་དང༌། །རྒྱལ་བ་ཁྱུ་མཆོག་ཚིག་ལྔ་སེར། །བཞིན་བཟང་དང་ནི་རིང་པོ་དང༌། །དྲི་ཟ་སྣ་ཚོགས་འབྲས་བུ་གསུམ། །མགུལ་གསུམ་ལྕགས་མདུང་རིང་པོ་དང༌། །ལྷ་ལས་བྱུང་བའི་མ་ལྡན་ཏེ། །ས་གའི་རིགས་ལས་བྱུང་བ་ཡིས། །སྟོབས་ཆེན་སུམ་ཅུ་རྩ་གཉིས་ཡིན། །སྟེང་འོག་ཕྱོགས་མཚམས་བསྲུང་ཞིང་སྐྱོང༌། །ལྗང་ནག་གྲི་མདུང་འཛིན་ལ་བསྟོད། །ལྷ་རྒྱལ་དཀར་པོ་རྡོ་རྗེ་འཛིན། །ཀླུ་རྒྱལ་དམར་པོ་སྦྲུལ་ཞགས་བསྣམས། །གནོད་སྦྱིན་སེར་པོ་ནེའུ་ལེ་བསྣམས། །དྲི་ཟ་དམར་པོ་རྒྱུད་མངས་ཅན། །ལྷ་མིན་སྔོ་ནག་གོ་མཚོན་འཛིན། །མཁའ་ལྡིང་གསེར་མདོག་གཤོག་པ་རྒྱས། །མི་ཅིའི་རྒྱལ་པོ་རྟ་མགོ་ཅན། །ལྟོ་འཕྱེ་སྔོན་པོ་སྦྲུལ་མགོ་ཅན། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་རྣམས། །ཀུན་ཀྱང་རང་མདོག་རྒྱན་གྱིས་བརྒྱན། །ཕྱག་གཡས་མཚོན་ཆ་སྣ་ཚོགས་དང༌། །གཡོན་པ་ནེའུ་ལེ་འཛིན་ལ་བསྟོད། །དེ་ལྟར་བསྟོད་ཅིང་རབ་བསྔགས་པས། །བདག་ཅག་འཁོར་བཅས་བསྲུང་བ་དང༌། །འདོད་པའི་དོན་རྣམས་འགྲུབ་པ་དང༌། །བགེགས་རྣམས་མ་ལུས་མེད་པར་མཛོད། །ཚེ་


TNT14_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསོད་ནམས་འཕེལ་བ་དང༌། །འཁོར་དང་ལོངས་སྤྱོད་རྒྱས་པ་དང༌། ཁམས་གསུམ་དབང་དུ་བསྡུ་བ་དང༌། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །བཅུ་གཅིག་པ་དེ་ནས་ལས་ལ་བསྐུལ་བ་ལ། རྒྱུན་བསྐུལ་དང༌། དྲག་བསྐུལ་གཉིས་ལས། མགོན་པོ་འཁོར་བཅས་ཀྱི་ཐུགས་དམ་རྒྱུན་བསྐུལ་ནི། ཧཱུཾ། འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་བསྲུང་བར་ཞལ་བཞེས་པ། །ནག་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །རལ་པ་ནག་པོ་གྱེན་དུ་འཁྱིལ། །སྟེང་གི་ལྷ་ཚོགས་འཇིགས་པར་བྱེད། །སྤྱན་བགྲད་ལྗགས་འདྲིལ་བར་གྱི་ལྷ་གདོན་སྡིགས། །གཡས་ཀྱི་གྲི་གུག་གནོད་སེམས་ཅན་ལ་སྡིགས། །གཡོན་པ་གདུག་པའི་ཁྲག་བཀང་ཞལ་དུ་གསོལ། །ཞབས་བསྡབས་གནོད་སེམས་ཅན་གྱི་ལུས་ལ་སྙེད། །གང་ཞིག་དཀོན་མཆོག་གསུམ་སྨོད་དང༌། །བླ་མ་བརྙས་བྱེད་སེམས་ཅན་འཚེ། །བདག་གིས་བསྒོ་བ་ཀུན་ཁུག་ལ། །ལིང་ག་འདི་ལ་མྱུར་དུ་ཆུག །འདི་ཡི་ཤ་ཟོ་ཁྲག་ལ་འཐུང༌། །རུས་པ་ཀླད་པ་ནང་ཁྲོལ་ཟོ། །རིགས་བརྒྱུད་རྩད་ནས་ཆོད་ལ་ཤོག །འཛའ་བ་ཀུན་དང་ཕྲོལ་ལ་ཐོང༌། །བདག་གིས་བསྒོ་བ་མ་ཉན་ན། །ནག་པོ་ཁྱོད་ནི་ཉམས་པར་འགྱུར། །ཧཱུཾ་དུས་གསུམ་རྒྱལ་བའི་སྤྱན་སྔར་རང་རང་གི །སྲོག་གི་སྙིང་པོ་ཕུལ་ནས་དམ་བཅས་པ། །འཇིག་རྟེན་འདས་དང་མ་འདས་སྲུང་མའི་ཚོགས། །ཀུན་གྱི་གཙོ་བོ་དཔལ་ལྡན་ནག་པོ་ཆེ། །ལྕམ་བྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས། །རྣམ་འཕྲུལ་དུ་མ་ཧཱུཾ་ཕཊ་སྒྲ་སྒྲོག་ཅིང༌། །ཧ་ཧའི་གང་རྒྱང་སྲིད་གསུམ་གཡོ་བར་བྱེད། །རུ་རུ་རོ་ཞེས་


TNT14_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པའི་ཁྲག་རྒྱུན་གསོལ། །མ་རིའི་སྒྲ་འབྱིན་བསོད་ལ་བརྩོན་རྣམས་ཀྱི། །བསྟན་པ་བསྲུང་བའི་དམ་ཚིག་རྗེས་དགོངས་ལ། །བསྟན་ལ་གནོད་བྱེད་གདུག་པའི་ཚོགས་རྣམས་ཀུན། །དམ་བཅས་ཇི་བཞིན་མྱུར་དུ་མངོན་པར་ཁུག །གྷྲིཧྞ་བྷནྡྷས་བཟུང་ཞིང་བཅིངས་ནས་ནི། །ཧ་ན་ཧ་ནས་བསྣུན་ཞིང་རྡེག་པར་གྱིས། །པ་ཙ་པ་ཙས་བསྲེགས་བཅད་གཏུབས་ནས་ནི། །མ་ར་མ་རས་མྱུར་དུ་བསྒྲལ་པ་ཡི། །ཤ་ཁྲག་ལས་གྲུབ་མཆོད་གཏོར་རྒྱ་ཆེན་འདི། ཁ་ཁ་ཁཱ་ཧིས་ལེགས་པར་བཏབ་པ་ཡིས། །རང་གི་ཤ་གཅོད་ལྟ་བུར་བཟློག་ནས་ནི། །དམ་ཉམས་སྙིང་ཁྲག་འཐུང་ལ་མྱུར་དུ་རོལ། ཁ་འཇམ་སེམས་རྩུབ་རང་གི་ཕྱོགས་འཛིན་ཞིང༌། །གཞན་ལ་ཁུ་བྱེད་གཏོར་མའི་ལས་ཙམ་གྱིས། །བུ་ལྟར་བཅོས་པའི་གསང་བའི་དགྲ་བོ་འདི། །མྱུར་དུ་ཚར་གཅོད་བདག་དོན་ཡོངས་རྫོགས་མཛོད། །ཧཱུཾ་བྷྱོཿ དཔལ་ལྡན་མཧཱ་ཀཱ་ལ་དང༌། །ལྷ་མོ་མི་ཕམ་སྲིད་གསུམ་བདག །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །བཀའ་ཉན་གནོད་སྦྱིན་ཕོ་མོའི་གཟུགས། །དྲག་ལ་རྔམས་པའི་ཆ་བྱད་ཅན། །གློག་འགྱུ་མ་རའི་སྒྲ་སྒྲོག་ཅིང༌། །དགྲ་བགེགས་བམ་རིལ་ཁྲག་ལ་གཟེར། །སྙིང་ཁྲག་འཐུང་ཞིང་འཕྱོང་ཞིང་རྒྱག ཁ་རླངས་འབར་བས་མེ་སྟག་འཕྲོ། །ཉི་ཟླ་འབར་བའི་སྤར་ཤད་ཀྱིས། །དོན་སྙིང་དྲངས་ནས་ཞལ་དུ་གསོལ། །ཐོག་གི་སེར་འབེབས་ཁྱོད་ལ་བསྟོད། །ལྕམ་དྲལ་བཀའ་བསྟོད་མོན་པོའི་གཟུགས། །ལས་ཀྱི་མགོན་པོ་མིང་སྲིང་ལས། །མོན་བུ་པུ་ཊ་ནག་པོ་སྐྱོད། །མེན་ཏྲིའི་ག་ཞ་སྐུ་ལ་གསོལ། །ཤེར་ཤིང་བསྲེག་ཤིང་ཕྱག་ན་


TNT14_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །པུ་ཊ་ནག་པོ་ཁྱོད་ལ་བསྟོད། །མོན་བུ་བྷ་ཊ་སྟག་སློག་བཀྲ། །དར་གྱི་ག་ཞ་སྐུ་ལ་གསོལ། །གསེར་གྱི་དམ་ཤིང་ཕྱག་ན་བསྣམས། །བྷ་ཊ་ནག་པོ་ཁྱོད་ལ་བསྟོད། །སྲིང་མོ་གསེར་གྱི་སྤུ་གྲི་མ། །ནག་མོ་ཆེན་མོ་ཁ་འབར་མ། །ཕྱག་ན་གསེར་གྱི་སྤུ་གྲི་བསྣམས། །བདུད་མོ་ནག་མོ་ཁྱོད་ལ་བསྟོད། །བཀའ་ཡི་དམ་ཚིག་རྗེས་དགོངས་ལ། །རྣལ་འབྱོར་བདག་གིས་བཅོལ་བའི་ལས། །མ་གཡེལ་བཅོལ་པའི་འཕྲིན་ལས་ཀྱིས། །ད་ལྟ་སྒྲུབས་ཤིག་ས་མཱ་ཡ། །དམ་ཚིག་བཅོལ་པའི་ལས་ལ་དགོངས། །འཁོར་བཅས་བསྲུང་ཞིང་སྐྱོང་བ་དང༌། །བགེགས་དང་ལོག་འདྲེན་གཞོམ་པ་དང༌། །རྒྱལ་བའི་བསྟན་པ་རྒྱས་པར་མཛོད། །མགོན་པོའི་ཕོ་ཉ་དྲག་བསྐུལ་ནི། ཧཱུཾ་མཧཱ་ཀཱ་ལ་སྟོབས་པོ་ཆེ། །ལྷ་ཆེན་དཔལ་འབར་མཐུ་སྟོབས་ཀྱིས། །སྟེང་ནས་སྤྲུལ་པའི་ཕོ་ཉ་ནི། ཁྱུང་ཆེན་སྔོན་པོ་ལྡིང་ཞིང་འབེབས། །བྷྱོ་བྷྱོཿ དེ་ནི་དགྲ་ལ་བྷྱོཿ ཆོས་ཆོས་དེ་ནི་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་ཡི། །གཡས་ནས་སྤྲུལ་པའི་ཕོ་ཉ་ནི། །བྱ་ནག་མང་པོ་འཕུར་ཞིང་འབབ། །བྷྱོ་བྷྱོཿ དེ་ནི་དགྲ་ལ་བྷྱོཿ ཆོས་ཆོས་དེ་ནི་དམག་ལ་ཆོས། །དམག་དཔུང་བསྐྱེད་པ་རུ་མཚོན་ཕྱོར། །བཅོལ་བའི་འཕྲིན་ལས་གྲུབ་


TNT14_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་ཡི། །གཡོན་ནས་སྤྲུལ་པའི་ཕོ་ཉ་ནི། ལྕགས་སྤྱང་མང་པོ་འདུར་ཞིང་རྒྱུག །བྷྱོ་བྷྱོཿ དེ་ནི་དགྲ་ལ་བྷྱོཿ ཆོས་ཆོས་དེ་ནི་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་ཡི། །མདུན་ནས་སྤྲུལ་པའི་ཕོ་ཉ་ནི། །མི་ནག་འོ་དོད་གནམ་དུ་འབོད། །བྷྱོ་བྷྱོཿདེ་ནི་དགྲ་ལ་བྷྱོཿ ཆོས་ཆོས་དེ་ནི་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་ཡི། །རྒྱབ་ནས་སྤྲུལ་པའི་ཕོ་ཉ་ནི། ཁྱི་ནག་མང་པོ་འཁང་ཞིང་ཟ། བྷྱོ་བྷྱོཿདེ་ནི་དགྲ་ལ་བྷྱོཿ ཆོས་ཆོས་དེ་ནི་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཧུཾ། གནྚེ་ལས་སྤྲུལ་ཕོ་ཉ་ནི། ཁྲོ་ཆེན་འབར་བས་འཇིག་རྟེན་གང༌། །བྷྱོ་བྷྱོཿདེ་ནི་དགྲ་ལ་བྷྱོཿ ཆོས་ཆོས་དེ་ནི་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཧཱུཾ་མངག་ཤིང་ལས་ལ་བསྐུལ་བའི་ཚེ། །སྟོང་གསུམ་འཇིག་རྟེན་མ་ལུས་ཀུན། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང༌། །ལ་ལས་བ་དན་གཡབ་མོ་གཡོབ། །ལ་ལས་རྒྱུ་མའི་ཞགས་པ་འཕེན། །ལ་ལས་མི་རྐང་གླིང་བུ་འབུད། །ལ་ལས་དམར་ཆེན་རཀྟ་སྒྲེང༌། ལ་ལས་ཚིལ་ཆེན་དུད་པ་གཏོང༌། །ལ་ལ་གནམ་ལྕགས་ཐོགས་ཟེར་འབེབས། །ལ་ལས་སྤུ་གྲི་སོ་འདར་ཞིང༌། །འུར་འུར་ཆེམ་ཆེམ་སྟོང་གསུམ་འགེངས། །བྷྱོ་བྷྱཿ སྡང་བའི་དགྲ་ལ་བྷྱོཿ བྷྱོ་བྷྱོཿ གནོད་པའི་བགེགས་ལ་བྷྱོཿ ཆོས་ཤིག་བསྐུལ་ལོ་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བྷྱོ་ལྷ་མོ་མི་ཕམ་སྲིད་གསུམ་བདག །དུང་སྐྱོང་རྒྱལ་མོའི་ཕོ་ཉ་ནི། །རྗེས་ནས་


TNT14_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

འབྲང་ཞིང་དྲག་ཤུལ་ཆེ། །བུད་མེད་གྲི་ཐོད་ཐོགས་པ་བརྒྱ། །གཡས་ནས་རུ་འདྲེན་དཔའ་རྩལ་ཅན། །སྐྱེས་པའི་མཚོན་ཆ་ཐོགས་པ་བརྒྱ། །གཡོན་ན་རུ་འདྲེན་སྤྲུལ་པའི་སྐུ། །ཉན་ཐོས་འཁར་གསིལ་ཐོགས་པ་བརྒྱ། །སླད་ཀྱི་རྗེས་འབྲང་འཇིགས་རུང་བ། །བནྡྷེ་ཕུར་པ་ཐོགས་པ་བརྒྱ། །ཕོ་ཉ་དྲག་གཏུམ་མི་བཟད་འབར། །སྲིན་མོ་རལ་པ་གཡེང་པའི་ཚོགས། །བསྟན་པ་བསྲུངས་ཤིག་དཔལ་ལྡན་མ། །ཕོ་ཉ་མངགས་ཀྱི་རྩལ་མ་ཆུང༌། །བྷྱོ་བྷྱོཿསྡང་བའི་དགྲ་ལ་བྷྱོཿ བྷྱོ་བྷྱོཿགནོད་པའི་བགེགས་ལ་བྷྱོཿ ཆོས་ཤིག་བསྐུལ་ལོ་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །སྡང་དགྲ་གདོན་བགེགས་དམ་ཉམས་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ཅེས་བསྐུལ་ལོ། །བཅུ་གཉིས་པ་གཏོར་རྫོངས་ལ། སྔོན་དུ་འགྲོ་བ་བཤགས་པ་ཆུང་བ་ནི། ཧཱུཾ་ཡོན་ཏན་ལྷུན་རྫོགས་དངོས་གྲུབ་མངའ་བའི་ལྷ། །མ་ལུས་རྨད་བྱུང་ཕན་བདེའི་དགོངས་པ་ཅན། །འཕྲིན་ལས་རྣམ་བཞིས་བདུད་དཔུང་ཚར་གཅོད་པའི། །ལེགས་ལྡན་ནག་པོ་འཁོར་བཅས་དགོངས་སུ་གསོལ། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །སྤྱི་དང་ཁྱད་པར་གསང་བའི་དམ་ཚིག་རྣམས། །བསྲུང་བར་དམ་བཅས་འདའ་རྒྱུ་མ་ལགས་ན། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱི། །བག་མེད་ཚུལ་གྱིས་དམ་ལ་འགའ་བ་རྣམས། །སྲུང་མ་རྒྱ་མཚོའི་ཚོགས་ལ་བཟོད་པར་གསོལ། །ཞེས་པའོ། །དེ་ནས་སྤྱི་བཏབ་ཀྱི་ཚིག་གིས་གཏོར་རྫོངས་བྱ་བ་ལས། དང་པོར་སྲུང་མ་སྤྱི་ཁྱབ་ཏུ་འབུལ་བ་ནི། ཧཱུཾ་ཧོཿ རྡོ་རྗེའི་འཇིགས་བྱེད་དུས་ཀྱི་འཁོར་ལོ་ནི། །རྣམ་འཕྲུལ་ཁྲོ་རྒྱལ་ཚོགས་དང་བཅས་པ་ཡི། །བཀའ་


TNT14_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཟད་པར་གྲུབ་པའི་འཁོར་དང་བཅས། །ཚངས་པ་ལ་སོགས་ཕྱོགས་སྐྱོང་འཁོར་དང་བཅས། །སྒྲ་གཅན་ལ་སོགས་གཟའ་མཆོག་འཁོར་དང་བཅས། །རྣམ་རྒྱལ་ལ་སོགས་ཀླུ་ཆེན་འཁོར་དང་བཅས། །རོ་ལངས་ལ་སོགས་འབྱུང་པོ་འཁོར་དང་བཅས། །མཐའ་ཡས་སྲིད་གསུམ་རྒྱུ་བའི་སྡེ་བརྒྱད་ཀུན། །འདིར་གཤེགས་མཆོད་གཏོར་རྒྱ་ཆེན་བཞེས་སུ་གསོལ། ཁམས་དྲུག་དྭངས་མ་རྡོ་རྗེའི་སྲོག་ཐོབ་ཅིང༌། །བར་ཆད་ཀུན་སོལ་འཕྲིན་ལས་ཐམས་ཅད་སྒྲུབས། །དངོས་གྲུབ་མཐའ་དག་སྩོལ་བའི་སྡོང་གྲོགས་མཛོད། །ཅེས་ཕུལ། དེ་ནས་མགོན་པོ་འཁོར་བཅས་ཀྱི་སྤྱི་བཏབ་ནི། ཧཱུཾ་དཔལ་ལྡན་མགོན་པོ་མཧཱ་ཀཱ་ལ་དང༌། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོའི་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དྲེགས་པ་ཕོ་བརྒྱུད་མོ་བརྒྱུད་འཁོར་དང་བཅས། །མཁའ་ལྡིང་ལ་སོགས་བྱ་གཅན་འཁོར་དང་བཅས། །པུ་ཊ་ལ་སོགས་ལས་མཁན་འཁོར་དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཛམྦུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛ་གད་དཔའ་བོའི་སྨན་ཕུད་འདི་བཞེས་ཤིག །སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་


TNT14_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

རླག་པར་མཛོད། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །ཞེས་གྱེར་ཞིང༌། ཅུང་ཟད་དྲག་གཏོར་དང་འབྲེལ་བའི་སྐབས་ཡིན་ན། སྐབས་འདིར་ཡང༌། མཧཱ་ཀཱ་ལ་སྟོབས་པོ་ཆེ། །ཞེས་སོགས་ཕོ་ཉ་བསྐུལ་བ་དེ་བྱེད་པའི་ལག་ལེན་སྣང་ངོ༌། །དེ་ནས་རྒྱལ་ཆེན་རྣམ་ཐོས་སྲས་ལ་འབུལ་བ་ནི། བཻ། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །འཁོར་བཅས་མཐུ་སྟོབས་རྫུ་འཕྲུལ་ལྡན་པ་རྣམས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མཆོད་སྤྲིན་རྒྱ་མཚོ་འདི་དག་བཞེས་ནས་ཀྱང༌། །བདག་ཅག་འཁོར་བཅས་མ་ལུས་ཐམས་ཅད་ལ། །བུ་གཅིག་བཞིན་དུ་རྟག་པར་སྐྱོང་བ་དང༌། །བསྟན་པ་བསྲུང་ཞིང་དགེ་ལེགས་ཀུན་སྩལ་ནས། །བདག་གིས་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བདག་ལ་གནོད་པར་སེམས་པ་དང༌། །ལོག་པར་ཞུགས་པའི་དགྲ་དང་བགེགས། །དེའི་ཕྲུ་མ་གཞོམ་པ་དང༌། །གཏན་ནས་བརླག་པའི་འཕྲིན་ལས་མཛོད། །ཞི་དང་རྒྱས་དང་མངོན་སྤྱོད་ཀྱི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སངས་རྒྱས་བསྟན་པ་བསྲུང་བ་དང༌། །བཅོལ་བའི་ལས་ལ་མཐུ་བསྐྱེད་ཅིག །སྟོབས་དང་རྫུ་འཕྲུལ་ཆེ་མངའ་བའི། །གནོད་སྦྱིན་དབང་པོ་འཁོར་བཅས་ཀྱིས། །བདག་གིས་བསམ་པ་མ་ལུས་ཀུན། །མྱུར་དུ་གྲུབ་པར་མཛད་དུ་གསོལ། །ཞེས་གྱེར་རོ། །དེའི་རྗེས་སུ། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང༌། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་ཀུན། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་


TNT14_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང༌། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་ཤོག །ཅེས་དགེ་ལེགས་སུ་གསོལ་བའི་ཚིག་སུ་བཅད་པ་གང་འོས་ཀྱིས་གསོལ་བ་བཏབ། །བཅུ་གསུམ་པ་རྗེས་ཀྱི་ཆོ་ག་ནི། སླར་ཡང་མཆོད་པ་ཁ་གསོས། སངས་སྦྱངས་བྱིན་རླབས་གཏོར་ཆོག་ལྟར་རམ། སྤྱི་མཐུན་ལྟར་བྱ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །ཡི་དམ་ཆོས་སྐྱོང་ཚོགས་ལ་འབུལ། །བཞེས་ནས་བདག་ལ་མཆོག་སྩོལ་མཛོད། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞབས་བསིལ། མེ་ཏོག་རོལ་མོའི་བར་སྦྱར་ཞིང༌། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། བར་ཀྱང་སྦྱར་རོ། །སྟོང་པ་ཉིད་དང་སྙིང་རྗེའི་བདག །ཅེས་སོགས་དང༌། སྲིན་པོའི་གཟུགས་ཀྱི་སོགས་དང༌། གང་གི་སྐུ་གསུམ་སོགས་དང༌། གདོང་ལྔ་ཉི་ཟླའི་གདན་སྟེང་ན། །སོགས་ཤོ་ལོ་ཀ་རེ་རེས་བསྟོད། འདོད་དོན་གསོལ་བ་བཏབ་རྒྱ་ཆེར་བྱ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་བདུན། མ་འབྱོར་པ་དང་ཉམས་པ་སོགས་བཟོད་གསོལ་མན་ཆད་བཀྲ་ཤིས་ཀྱི་བར་དུ་གཏོར་ཆོག་ནས་བྱུང་བ་ལྟར་བྱའོ། །སྤྱིར་བདག་བསྐྱེད་ཡི་དམ་རང་གང་མོས་ལ་བྱས་པ་ཆོག་ཅིང༌། མདུན་བསྐྱེད་ཡི་དམ་དང༌། གཏོར་མ་གནས་ཡོ་བྱིན་རླབས་སོགས། བདག་བསྐྱེད་ཀྱི་རིམ་པ་དང་མཐུན་པར་སྦྱར་ན་ཆོག་ལ། བདག་བསྐྱེད་ཡི་དམ་གཞན་ལ་རྟེན་ནས། མདུན་བསྐྱེད་ཡི་དམ་གཞན་ལའང་གཏོར་མ་འབུལ་དུ་རུང་བས། སྤྱིར་གོ་བ་འཕྲུལ་ཆགས་པ་གཅིག་བྱུང་ན། ཇི་ལྟར་བྱས་ཀྱང་མ་ནོར་བར་འགྱུར་བར་སླ་བ་ཡིན་མོད། འོན་ཀྱང་ཚིག་དོན་སྣ་ཚོགས་སུ་འཆོལ་བར་འགྱུར་བའི་ཉེན་ཡོད་པས། ལུགས་འདི་འཛིན་པ་རྣམས་ཀྱིས་གོང་དུ་བཤད་པ་འདི་ཁོ་ན་གཞུང་བསྲང་


TNT14_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །ཅི་སྟེ་མགོན་པོའི་བསྐང་བ་བརྒྱ་ཚར་སྟོང་ཚར་སོགས་བྱེད་དགོས་པའི་ཚེ། སྔར་གྱི་རྒྱས་པ་དེ་མ་ལྕོགས་ན། ཕྱིས་གང་ཟག་ཕལ་པས་སྦྱར་བ་ལ་སྙིང་པོ་མེད་པས། ཡིག་རྙིང་གཏུམ་ཆེན་མར་གྲགས་པ་ཉིད་བྱ་སྟེ། དེ་ཡང་གཏོར་མ་རྣམས་ཁ་གསོས་མཆོད་པ་གསར་པ་རེ་བཤམ་ཐུབ་ན་རབ། མིན་ན་ཡང་ཁ་གསོ་བ་དང༌། གཏོར་མ་ལ་སྨན་དང་རཀྟས་བྲན། སྔགས་དྲུག་ཕྱག་རྒྱ་དྲུག་ཏིང་ངེ་འཛིན་དྲུག་གིས་བྱིན་གྱིས་བརླབས་ཏེ། འདི་སྐད་ཅེས་གྱེར་རོ། །ཧཱུཾ་གཏུམ་ཆེན་ནག་པོ་ལྕམ་དྲལ་དང༌། །ཨེ་ཀ་ཛ་ཊི་ལ་སོགས་པ། །བཀའ་བསྡོད་ཕོ་ཉ་འཁོར་བཅས་ལ། ཁྱད་པར་དམ་རྫས་འབུལ་བ་ནི། །མཆོད་སྤྲིན་རྒྱ་མཚོ་དཔག་མེད་དང༌། མཾ་སའི་རྒྱན་ཅན་གཏོར་མ་དང༌། །ཕྱག་མཚན་རྒྱན་ཅན་དམ་པ་དང༌། །ཕྱི་ནང་གསང་བའི་རྟེན་རྣམས་ཀྱིས། །ལྕམ་དྲལ་མཁའ་འགྲོའི་ཐུགས་དམ་བསྐང༌། པུ་ཊ་ཕོ་མོའི་ཐུགས་དམ་བསྐང༌། །བྲན་གཡོག་འཁོར་གྱི་ཐུགས་དམ་བསྐང༌། །བར་ཆད་ཀུན་སོལ་མཐུན་རྐྱེན་སྒྲུབས། །ཧཱུཾ། དམར་ཆེན་རཀྟ་རྒྱ་མཚོར་སྐྱིལ། །ཤ་རུས་བཟའ་བ་རི་ལྟར་སྤུངས། །བདུད་རྩིའི་སྨན་གྱི་ཆུ་རྒྱུན་འབབ། །མཛེས་པའི་རྒྱན་གྱིས་སྤྲིན་ལྟར་གཏིབས། །དམ་ཚིག་ཅན་འདུས་གནས་མཆོག་འདིར། །ལྕམ་དྲལ་སོགས༴ ཧཱུཾ། རུས་པའི་རྒྱན་དྲུག་སྦྲུལ་རྒྱན་དང༌། །སྟག་ཤམ་དར་གྱི་ལྷབ་ལྷུབ་དང༌། ཁྲག་ཞག་ཐིག་ལེ་ཟོ་རིས་དང༌། །དཔལ་གྱི་ཆས་བརྒྱད་ལ་སོགས་པས། །ལྕམ་དྲལ༴ དམིགས་མེད་ཐུགས་རྗེས་འགྲོ་དོན་དུ། །གདུག་པའི་གཟུགས་སུ་རྣམ་སྤྲུལ་ཞིང༌། །སྟོང་དང་སྙིང་རྗེ་དབྱེར་མེད་པར། །ངེས་པར་རྟོགས་པའི་ཤེས་རབ་འདིས། །ལྕམ་དྲལ་སོགས། ཞེས་བསྐང་བ་དང༌། ཨརྒྷཾ་སོགས་


TNT14_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཆོད་པ་དང༌། སྲིན་གཟུགས་མའི་ཤོ་ལོ་ཀ་དང་པོས་བསྟོད། འདོད་དོན་གསོལ་བཏབ་ཤུགས་ལ་ཡོད་པས། ལོགས་སུ་མ་བྱས་ཀྱང་ཆོག་པར་བཞེད་དོ། །ཞལ་བཞི་པའི་བསྐང་བཤགས་བྱ་བར་འདོད་ན། ལོགས་སུ་འབྲི་བ་ལྟར་ཤེས་པར་བྱའོ། །བཀའ་སྲོལ་འདིའི་ལུགས་མ་ཉམས་པའི་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་མཛད་པ། ཇོ་ནང་བ་ཡབ་སྲས་ཀྱི་བཀའ་སྲོལ་ལ། ཀུན་སྤངས་ཆེན་པོ་དཔོན་སློབ་གསུམ་གྱི་དུས། བཀའ་བསྲུང་གི་མཐིལ་གུར་ལྕམ་དྲལ་ཉིད་ཡིན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་དེ་སྟེང་དུ་རྣམ་ཐོས་སྲས་ཀྱང་རྩལ་མངོན་དུ་མཛད་ཅིང༌། ཡབ་སྲས་དེ་དག་གིས་ཞིང་སྐྱོང་གདོང་བཞི་པ་ལ་རྩལ་མངོན་པ་མ་བྱུང་བ་ལྟར། བསྐང་བཤགས་ཀྱི་རིམ་པ་རྣམས་འདིར་མ་བཀོད་དོ། །གཞན་ཡང་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་གཞན་འགའ་ཞིག་གི་མཆོད་གཏོར་བསྐང་བཤགས་དཀྱུས་འདི་ལ་བྱ་བར་འདོད་ན། ཡེ་ཤེས་དབྱིངས་ཀྱི་མགོན་པོའི་རིགས་རྣམས་ལྕམ་དྲལ་གྱི་རྗེས་ལ་བྱ་ཞིང༌། ལས་ཀྱི་མགོན་པོའི་རིགས་རྣམས་དེའི་རྗེས་ལ་བྱ་སྟེ། རྒྱལ་ཆེན་རྣམ་སྲས་ཀྱི་སྔོན་ནམ། རྗེས་གང་རིགས་ལ་བྱའོ། །དེ་ཡང་ལུགས་འདིའི་ཁྲིགས་ཆགས་ཀྱི་དབང་དུ་བྱས་པ་ཡིན་གྱི། སྒྲུབ་པ་པོ་རང་ཉིད་གཅིག་པུས་བྱེད་པའི་ཚེ། རང་གང་ལ་གཙོ་བོར་བྱེད་པ་དེ་ཉིད་ཐོག་མར་བྱས་པས་ཆོག་སྟེ། ཡེ་ཤེས་ཀྱི་ལྷ་ལ་དོན་དམ་པར་བཟང་ངན་མེད་པའི་ཕྱིར་རོ། །འཇིག་རྟེན་པའི་སྲུང་མའི་རིགས་ནི། རང་དེ་ལ་གཙོ་བོར་བྱེད་པ་ཡིན་ཀྱང༌། ཆོག་སྒྲིགས་གཅིག་པོ་དེའི་སྐབས་ལ་ཡེ་ཤེས་ཀྱི་ལྷའི་སྔོན་ལ་བྱེད་མི་རུང་བས། འབྱུང་པོ་སྤྱི་གཏོར་གྱི་གོང་འོག་གང་རུང་དུ་བྱའོ།། །།ཞེས་པ་དཔལ་ཇོ་ནང་བའི་བཀའ་སྲོལ་ལས་བརྩམས་ཏེ། དམ་ཅན་ཆོས་སྐྱོང་སྲུང་མའི་མཆོད་:སྤྲིན་[ཕྲིན་]རྒྱས་པ་


TNT14_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་རྣམ་རོལ་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་རྩ་དགུ་ལོན་པ་ལ་སྒྲིགས་པ་སྟེ། ར་ས་འཕྲུལ་སྣང་ཆོས་འཁོར་ཆེན་པོའི་གནས་སུ་སྦྱར་བའོ། །དགེ་ལེགས་འཕེལ། བཀྲ་ཤིས།།


previousབསྐང་གསོའི་ཆོག་སྒྲིག་འཕྲིན་ལས་རྣམ་རོལ།next