Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་ཞལ་བཞི་པའི་སྒོས་བསྐངས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམགོན་པོ་ཞལ་བཞི་པའི་སྒོས་བསྐངས།next

མགོན་པོ་ཞལ་བཞི་པའི་སྒོས་བསྐངས།


TNT14_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཞལ་བཞི་པའི་སྒོས་བསྐངས་བཞུགས་སོ། །


TNT14_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་མགོན་པོ་ཞལ་བཞི་པའི་བསྐང་བ་ཅུང་ཟད་སྤྲོས་པ་ལ་དགའ་ན། ལྷ་མཆོག་མཧཱ་ཀཱ་ལ་མཐུ་བོ་ཆེ། །འཕྲིན་ལས་དྲག་པོའི་གདུག་པ་ཚར་གཅོད་ཕྱིར། །ཞེས་པ་ནས། ཞིང་སྐྱོང་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །ཞེས་པའི་བར་གྱེར་ལ། དེ་རྗེས། ཧཱུཾ་དམར་ནག་མེ་དཔུང་གློག་ཕྲེང་རྒྱུ་བའི་ཀློང༌། །འཇིགས་རུང་ཕྱག་མཚན་མཚོན་ཆའི་གུར་ཁང་འཁྲིགས། །མི་རོ་རྟ་རོ་བམ་ཆེན་བརྩེགས་པའི་མཁར། །རླུང་ནག་འཚུབ་མའི་དབུས་ནས་སྐུ་བསྐྱོད་འཚལ། །ཧ་ཧ་བཞད་པའི་ང་རོ་མཐོན་པོ་ནི། ཁོར་ཡུག་ལྕགས་ཀྱི་རི་བོའི་ཕ་མཐར་ཐོན། །ཚངས་པའི་འཇིག་རྟེན་འདར་ཞིང་གཡོ་བ་ཡི། །ཧཱུཾ་ཕཊ་ཕཻཾ་ཀྱི་ཤུགས་གླུ་ཚེ་རེ་རེ། །ལས་བཞིའི་འཕྲིན་ལས་མྱུར་མགྱོགས་བསྐུལ་བའི་སྒྲས། །


TNT14_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་མཁའ་འགྲོ་ལས་བྱེད་སྐར་ལྟར་འཁྲུགས། །སྲིན་ཡུལ་ལང་ཀའི་བདག་པོ་ཁྲོས་པའི་གཟི། །ཟུར་ཙམ་ཐོས་པས་བཀའ་གཉན་ཐལ་མོ་སྦྱོར། །ལྷ་མིན་ནམ་མཁའི་བུ་མོ་གློག་འཕྲེང་མ། །གཡུལ་དུ་སྒྲོལ་བའི་དཔའ་ཆེན་ཁྲོས་པའི་གར། །གོམ་སྟབས་གཅིག་གིས་ས་གསུམ་ལྷག་པར་བརྫིས། ཁྲག་འཛག་མགོ་ཕྲེང་སིལ་སིལ་གཡེར་ཁའི་སྐད། །མུ་ཅོར་སྒྲོགས་པས་འུར་སྒྲ་འབྲུག་སྟོང་བཞིན། །སྡིགས་རྔམས་བསྣུན་པའི་ཚུལ་དུ་བསྐྱོད་པའི་ཕྱག །གྲི་གུག་རལ་གྲི་འབར་བ་རྩེ་གསུམ་བསྣམས། །ཐོད་ནང་དོན་སྙིང་གསོལ་ལ་དགྱེས་པའི་ཞལ། །མཆུ་འཕྱང་ཧོམ་རས་དམ་ཉམས་འགུགས་པའི་སྒོ། །ཚངས་པའི་སྐུད་ཐོགས་མགོ་བོའི་ཅོད་པན་ལྔ། །ཟླ་ཚེས་ནག་བུན་གཡོགས་འདྲའི་རལ་པས་སྒྲིབས། ཁམ་ནག་


TNT14_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྕེ་ལྷབ་ལྷབ་འབར་བ་ཅན། །ཞིང་སྐྱོང་དབང་ཕྱུག་གཟི་ལྡན་ནག་པོ་ཆེ། །ཧ་ཧ་རྒོད་དང་གྲུ་འཛིན་བསིལ་བའི་ཚལ། ཏི་སེ་གངས་རིའི་བྱང་ཕྱོགས་ལམ་མེ་སོགས། །ཕྱོགས་བཅུའི་ཞིང་ནས་འཁོར་བཅས་གཤེགས་སུ་གསོལ། །དུར་ཁྲོད་བརྒྱད་དང་ཉི་ཤུ་རྩ་བཞིའི་གནས། །ཡུལ་ཆེན་སོ་གཉིས་ཉེ་བར་སྤྱོད་པའི་ཞིང༌། །རོལ་པའི་ཞིང་དང་རབ་འབྱམས་ཕྱོགས་བཅུ་ནས། །ཕོ་ཉ་ལས་བྱེད་འཁོར་བཅས་གཤེགས་སུ་གསོལ། །ཞེས་པ་འཇུག །དེ་ནས་གཏོར་བསྔོ་དཀྱུས་བཞིན་ལས། གཏོར་བསྔོ་གྲུབ་མཚམས་བསྐང་རྫས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས་ལ། སྟོང་པའི་ངང་ལས་གནས་ཁང་དྲག་པོའི་ལས་ཀྱི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྲུང་བའི་འཁོར་ལོ། འབྱུང་བཞི་ལས་ཀྱི་གུར་ཁང་དང་བཅས་པས་སྐོར་བའི་ནང་དུ་ཧཱུཾ་ཞུ་བ་ལས་དགྲ་བགེགས་བསྒྲལ་བའི་དམ་རྫས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དམར་ཆེན་ཁྲག་གི་ཨརྒྷཾ། དབང་པོ་ལྔའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་སྒྲོན་མེ། འཁྲིས་ཆེན་གྱི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། རྐང་གླིང་དང་ཐོད་ལྔའི་རོལ་མོ། གཡང་གཞིའི་བླ་རེ། རྒྱུ་རློན་གྱི་ལྡ་ལྡི། གློ་སྙིང་གི་འཕྱང་འཕྲུལ། རོ་སྐྲའི་རྔ་ཡབ། ཐོད་ཚལ་གྱི་ཟླ་ཚེས། ནལ་བུའི་རྒྱལ་མཚན། ཞིང་ཆེན་གྱི་འཕན་གདུགས། རུས་པའི་ཕྲེང་བ་སོགས་མགོན་པོ་མཉེས་པར་བྱེད་པའི་དམ་རྫས་དང་ཐུན་རྫས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ།


TNT14_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་བརྡུང་ངོ༌། །སྤྲོ་ན་སྔགས་དྲུག་ཕྱག་རྒྱ་དྲུག་སོགས་བྱ། དེ་རྗེས་བསྐང་བའི་དངོས་གཞི་ཐོག་མར། ལྷ་མཆོག་མཧཱ་ཀཱ་ལ་མཐུ་བོ་ཆེ། ཁྱེད་ལ་མཐུན་པའི་དམ་རྫས་འབུལ་བ་ནི། རྟ་མཆོག་རིན་ཆེན་རྒྱན་གྱིས་བརྒྱན་པ་དང༌། །གཡག་རོག་ཞོལ་ཆེན་སྤྲིན་ལྟར་གཏིབས་པ་དང༌། །ལུག་ནག་སྤྱི་དཀར་ཤེལ་ལྟར་འཚེར་བ་དང༌། ཁྱི་ནག་སྙིང་དཀར་དོམ་ལྟར་འཕྱོ་བ་དང༌། །མཐིང་ནག་དར་གྱི་ཅོད་པན་མང་པོས་བརྒྱན། །ལྷ་མཆོག་མཧཱ་ཀ་ལའི་ཐུགས་དམ་བསྐང༌། །ལྷ་ཆེན་ནག་པོ་གདོང་བཞིའི་ཐུགས་དམ་བསྐང༌། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་ཐུགས་དམ་བསྐང༌། །བྲམ་ཟེའི་གཟུགས་ཅན་དཔའ་བོའི༴ ཡུམ་ཆེན་གཡུང་མོ་ནག་མོའི༴ ལས་མཛད་གཏུམ་མོ་ལྗང་ཁུའི༴ སེར་ནག་སིང་ག་གླིང་མའི༴ དམར་ནག་སྲིན་མོ་ཆེན་མོའི༴ འཁོར་གྱི་ཞིང་སྐྱོང་ཚོགས་ཀྱི༴ དྲེགས་པ་སྡེ་བརྒྱད་ཚོགས་ཀྱི༴ འཁོར་དང་བཅས་པའི་ཐུགས་དམ་སྐོང་གྱུར་ཅིག །རཀྟ་དམར་ཆེན་ཁྲག་གི་ཨརྒྷཾ་དང༌། །དྲི་ལྡན་གསར་རྙིང་མེ་ཏོག་ནག་པོ་དང༌། །ཚིལ་ཆེན་མཾ་སའི་སྤོས་ཀྱི་དུད་སྤྲིན་དང༌། །ཞུན་ཆེན་སྒྲོན་མེ་འབར་བའི་སྣང་གསལ་དང༌། ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་དྲི་མཆོག་དང༌། །ཞལ་ཟས་བཤོས་བུ་དམར་ནག་རི་རབ་ཙམ། ཁྲག་ཞག་ཤ་རུས་གཏམས་པའི་ཚོམས་བུ་བཀོད། །རྐང་གླིང་སྙན་པའི་རོལ་མོ་སྒྲ་སྒྲོགས་ཤིང༌། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་བརྒྱན་


TNT14_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིས། །ལྷ་མཆོག་མཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །ལྷ་ཆེན་མན་ཆད་འགྲེ། དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་དང༌། །འཆི་མེད་བདུད་རྩི་སྨན་གྱི་རྒྱ་མཚོ་དང༌། །ཛ་གད་ཕུད་ཀྱི་བཏུང་བ་སྣ་ཚོགས་དང༌། །བཟའ་དང་བཏུང་བ་རི་རབ་རྒྱ་མཚོ་ཙམ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པ། །རོ་བརྒྱ་ལྡན་པ་མཆོད་པའི་རྒྱ་མཚོ་འདི། །ལྷ་མཆོག༴ ལྷ་ཆེན༴ ཞིང་སྐྱོང༌། བྲམ་ཟེ༴ ཡུམ་ཆེན༴ ལས་མཛད༴ སེར་ནག༴ དམར་ནག༴ འཁོར་གྱི༴ དྲེགས་པ༴ འཁོར་དང་༴ རྣལ་འབྱོར་བདག་གི་ཉམས་ཆགས་སོས་གྱུར་ཅིག །གདོང་བཞི་དྲེགས་པ་འཁོར་དང་བཅས་པ་ཡིས། །སངས་རྒྱས་བསྟན་པ་བསྲུང་ཞིང་སྐྱོངས་བ་དང༌། །གནོད་པའི་དགྲ་བགེགས་ཐམས་ཅད་ཐལ་བར་རློག །ཞི་རྒྱས་དབང་དང་དངོས་གྲུབ་བདག་ལ་སྩོལ། །ཞེས་པ་ལེགས་པར་སོང་བའི་མཚམས་སུ་འདི་སྐད་ཅེས་བྱ་སྟེ། ཧཱུཾ་ཧ་ཧ་རྒོད་པའི་དུར་ཁྲོད་སོགས། །གདུག་ཅན་འདུལ་བའི་གནས་ཀུན་ནས། །དཔལ་ལྡན་མགོན་པོ་ཞལ་བཞི་པ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དྲག་ཤུལ་འཇིགས་རུང་ད་ཚུར་བྱོན། །སྟོབས་འཕྲོག་ནག་པོ་ད་ཚུར་བྱོན། ཁྱོད་ལ་མཆོད་ཅིང་བསྟེན་པའི་ཕྱིར། །དམ་ཚིག་ཅན་ལ་དགོངས་སུ་གསོལ། །ཆོས་སྐྱོང་མགོན་པོ་ནག་པོ་ཆེ། །མིང་གི་རྣམ་གྲངས་མང་པོ་


TNT14_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཞིང་རྣམས་སྐྱོང་བར་མཛད་པ་པོ། །སྟོབས་འཕྲོག་ནག་པོ་འཁོར་བཅས་ལ། ཕྱི་ནང་གསང་བ་དེ་ཁོ་ནའི། །རྣམ་དག་དམ་རྫས་མ་ལུས་འབུལ། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང༌། ཁྱེད་ཀྱི་ཐུགས་དམ་སྐོང་བའི་རྫས། །མཐུན་པའི་དམ་རྫས་དགྱེས་རྒུའི་གཏེར། །མ་ཚང་མེད་པའི་མཆོད་སྤྲིན་རྣམས། །ཏིང་འཛིན་སྔགས་རྒྱས་བྱིན་རླབས་ནས། །རབ་འབྱམས་ནམ་མཁའི་མཐས་ཀླས་པ། །གུས་པའི་ཡིད་ཀྱིས་བདག་འབུལ་ན། །དམ་ཚིག་དབང་གི་བཞེས་སུ་གསོལ། །བཞེས་ནས་དངོས་གྲུབ་རྒྱ་ཆེན་སྩོལ། གཡག་ནག་ལུག་ནག་ཕྱི་ཡི་རྟེན། །ཞྭ་ནག་གོས་ནག་ནང་གི་རྟེན། །གྲི་སྙིང་ཐོད་པ་གསང་བའི་རྟེན། །དཔལ་ལྡན་མགོན་པོའི་རྟེན་དུ་འཇུག །སྟོབས་ཆེན་ཤུགས་དྲག་གྲི་གུག་རྣོ། །གདུག་པ་བསྒྲལ་ཕྱིར་བཞེས་སུ་གསོལ། །རྒྱུ་རྩུབ་དུག་གིས་ངར་སླུད་པའི། །གྲི་གུག་མགོན་པོའི་ཕྱག་ན་འབར། །ལོག་ལ་དྲག་པོའི་སྔགས་བཀོད་པས། །མགོན་པོ་འཁོར་བཅས་སྤྲིན་བཞིན་འདུ། །ཞབས་གཉིས་རྡོ་རྗེ་རྣོ་ངར་བཅས། གདུག་ཅན་དགྲ་བོའི་སྙིང་ལ་གཟེར། །སྟོབས་འཕྲོག་ནག་པོའི་ཕྱག་ཏུ་འབུལ། །དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་


TNT14_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །དེ་ལྟར་ཚིག་བཅུ་པོ་དེ་ལ་འདོན་པ་སྤོ་སྟེ། སྟོབས་ཆེན་ཤུགས་དྲག་རྩེ་གསུམ་རྣོ། །ཞེས་དང༌། རྩེ་གསུམ་མགོན་པོའི་ཕྱག་ན་འབར། །ཞེས་པ་དང་དེ་བཞིན་དུ་རལ་གྲི་དང༌། མདུང་ཐུང་ལའང་སྦྱར། རྐང་གླིང་སྙན་པའི་སྒྲ་སྒྲོག་པ། །དམ་ཚིགས་མཚོན་ཕྱིར་འདུ་བའི་སྒྲ། །སྟོབས་འཕྲོག་ནག་པོའི་ཕྱག་ཏུ་འབུལ། །དམ་ཚིག་སྐྱོང་ཕྱིར་བཞེས་སུ་གསོལ། །རྣལ་འབྱོར་སྐྱོང་ཕྱིར་བསྣམས་སུ་གསོལ། །འོག་མ་གཉིས་ལའང་འདིའི་རིགས་འགྲེ དུག་ཅན་ཕྲེང་མཛེས་འགུག་པའི་རྒྱན། །རིན་ཆེན་བུམ་པ་ནོར་གྱི་དབྱིག །སྟོབས་འཕྲོག༴ དམ་ཚིག༴ རྣལ་འབྱོར༴ དར་ནག་བ་དན་གཡོ་བའི་དོན། །བདེ་ཆེན་ཐོད་ཁྲག་བདུད་རྩིའི་རྒྱན། །སྟོབས་འཕྲོག༴ དམ་ཚིག༴ རྣལ་འབྱོར༴ གཞན་ཡང་གཏོར་མ་རཀྟ་དང༌། །བདུད་རྩི་ལྔ་དང་ཤ་ཆེན་སྤོས། །ཚིལ་ཆེན་མར་མེ་ཆང་ཕུད་དང༌། །མཎྜལ་ལ་སོགས་རྟེན་དུ་འབུལ། །རྣལ་འབྱོར་སྐྱོང་ཕྱིར་བསྣམས་སུ་གསོལ། །གཏིང་མཐའ་མི་མངོན་རཀྟའི་མཚོ། །རྦ་ཀློང་འཁྱིལ་ཞིང་འབར་བའི་དབུས། །ཐོད་ཆེན་བརྩེགས་པའི་སྐུ་མཁར་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང༌། །རྒྱུ་རློན་ལྡ་ལྡི་མཆུ་འཕྱང་ལ། །ཉམས་པའི་དབང་ལྔ་རྒྱན་དུ་བྱས། །ཞིང་ཆེན་


TNT14_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གཞིའི་འཕན་གདུགས་ཅན །དམ་རྫས་རྒྱན་གྱི་ཐུགས་དམ་བསྐང༌། །དགྲ་བགེགས་མགོ་བོའི་ཅོད་པན་དག །སྐམ་རློན་སྤེལ་བའི་ཁ་པད་ལ། །ཀེང་རུས་བརྩེགས་པའི་ཀ་གདུང་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང༌། །ཆར་སྤྲིན་རླུང་གིས་བསྐྱོད་པས་འདྲའི། །རོ་སྐྲའི་རྔ་ཡབ་ནག་པོ་དང༌། །ཟླ་བ་མཁའ་ལ་ཤར་འདྲ་བའི། །ཐོད་ཚལ་དུམ་བུས་ཐུགས་དམ་བསྐང༌། །ནལ་བུས་རླུང་བཤུས་རྒྱལ་མཚན་དང༌། །ཡན་ལག་ཉིང་ལག་སྤེལ་བ་ཡིས། །དྲག་པོ་ལས་ཀྱི་ཕོ་བྲང་འདིར། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང༌། །ཞིང་བཅུའི་སྡང་དགྲ་མ་ལུས་པ། །ཐམས་ཅད་བསྒྲལ་བའི་ཐོད་རློན་དང༌། །མཆོད་ཡོན་ཉེར་སྤྱོད་སྣ་ཚོགས་པས། །ཉེ་བར་བསྐང་འདིས་ཐུགས་དམ་བསྐང༌། །དམ་ཉམས་སྙིང་རྩའི་ཁྲག་རྒྱུན་ལ། །ག་བུར་ཟེགས་མས་རབ་བརྒྱན་ཏེ། །ཆལ་ཆིལ་ལྦུ་ཕྲེང་རླབས་གཡོ་བའི། །རཀྟའི་ཨརྒྷཾཾ་ཐུགས་དམ་བསྐང༌། །བལྟ་བྱེད་མིག་དང་ཉན་བྱེད་རྣ། །སྣོམ་བྱེད་སྣ་དང་མྱོང་བྱེད་ལྕེ། ཁྲག་རྒྱུན་གསར་པས་སྦགས་པ་ཡིས། །དབང་ལྔའི་པུཥྤེ་ཐུགས་དམ་བསྐང༌། །དྲག་པོ་དྲི་ཡིས་བགོས་པའི་སྨན། །བྱིན་ཟ་ཆེན་པོ་རབ་སྦར་ཞིང༌། །རོ་སོལ་མེ་ལ་ལེགས་བཏབ་པའི། །ཚིལ་ཆེན་བདུག་པས་ཐུགས་དམ་བསྐང༌། །རྐང་སྦུབས་ལས་སྐྱེས་མར་ཁུའི་


TNT14_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན། །རོ་རས་སྡོང་བུས་རྐྱེན་སྦྱར་ནས། །མུན་པའི་སྣང་བ་འགོག་བྱེད་པའི། །ཞུན་ཆེན་དཱི་པེས་ཐུགས་དམ་བསྐང༌། །གསེར་མདོག་ཁུ་བའི་ཐིག་ཕྲན་དང༌། །རང་བྱུང་རཀྟ་རབ་སྦྱར་ཞིང༌། །ཀུན་དའི་ཞག་ཕྲེང་ཚོམ་བུ་ཅན། །མཁྲིས་ཆེན་གནྡྷེས་ཐུགས་དམ་བསྐང༌། །དགྲ་བོའི་ནག་ཁྲོལ་སྣ་ཚོགས་པ། །གྲི་ལྕགས་སྣོད་དུ་རབ་བསྲེགས་ཤིང༌། སྒོག་སྐྱ་དྲི་དང་རབ་སྦྱར་བའི། །མཾ་སའི་ཟས་ཀྱི་ཐུགས་དམ་བསྐང༌། །གཡུལ་དུ་བྲེགས་པའི་མི་ཐོད་དང༌། ཁྲག་ཞག་ལྷག་པའི་གཟི་ལྡན་ཞིང༌། །ཀླད་རྒྱས་གཡོགས་པའི་ཐོད་རྔ་དང༌། །རྐང་གླིང་ཤཔྟས་ཐུགས་དམ་བསྐང༌། །འཕྲལ་བཤུས་པགས་པའི་བླ་རེ་ལས། ཁྲག་གི་ཐིག་ཕྲན་རབ་འབབ་ཅིང༌། །རྒྱུ་རློན་སྤེལ་བའི་ལྡ་ལྡི་དང༌། །དབང་པོའི་རྒྱལ་མཚན་ཐུགས་དམ་བསྐང༌། །མི་རུས་དམ་བུ་སྤེལ་བ་ཡིས། །འཁོར་ལོ་རྣ་རྒྱན་མགུལ་རྒྱན་སོགས། །གདུབ་བུ་སྐེ་རགས་སེ་མོ་དོ། །རུས་པའི་རྒྱན་གྱིས་ཐུགས་དམ་བསྐང༌། རྐུན་ཆེན་བགེགས་ནས་ཤི་བའི་སྐྲ། །བཤན་པའི་བུ་མོས་བཀལ་བ་ཡིས། །ཆོ་ག་བཞིན་དུ་ལེགས་སྒྲུབས་པའི། །ཚངས་སྐུད་ནག་པོས་ཐུགས་དམ་བསྐང༌། །རུ་རཀྵ་དང་ནི་རཾ་ཤུ། །སྣ་ཚོགས་སྤེལ་བའི་ཕྲེང་བ་དང༌། །སིལ་སིལ་གཡེར་ཁའི་སྒྲ་དབྱངས་ཀྱིས། །སྟོབས་ཆེན་ནག་པོའི་ཐུགས་དམ་བསྐང༌། ཤུགས་དྲག་བསྐྱོད་པའི་རལ་གྲིའི་རྩེར། །གཡུལ་དུ་ལོངས་པའི་མགོ་བོའི་ཕྲེང༌། ཁྲག་འཛག་ལྔ་བཅུ་རྩ་གཅིག་འདིས། །ཞིང་སྐྱོང་ཆེན་པོའི་ཐུགས་དམ་བསྐང༌། །


TNT14_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་ལྔ་དང་མི་འཆི་ལྔ། །རབ་སྦྱར་བདུད་རྩིའི་རྒྱ་མཚོ་ཆེ། །དམ་རྫས་རྒྱན་གྱི་གཏོར་མ་འདིས། །ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང༌། །བཟའ་དང་བཅའ་བ་སྣ་ཚོགས་དང༌། །ལྷག་པར་སྲན་ཆེན་ཁྲག་ཆེན་བཅས། །ཛ་གད་དཔའ་བོའི་སྟོན་མོ་འདིས། །ལྷ་མཆོག་ནག་པོའི་ཐུགས་དམ་བསྐང༌། །བསྟན་དགྲའི་དོན་སྙིང་རླངས་པར་བཅས། །གློ་མཆིན་ལ་སོགས་དྲག་པོའི་ཟས། །ཀླད་ཁྲག་འདྲེས་པའི་དམ་རྫས་འདིས། །གཏུམ་ཆེན་འཁོར་བཅས་ཐུགས་དམ་བསྐང༌། །སྒལ་ཚིགས་ཉེར་བརྒྱད་ཤ་ལྤགས་ཚོགས། །ལྷུ་དུམ་རབ་བཀོད་ཤ་ཁྲག་དང༌། །རྒྱུ་རློན་སྙེ་མ་ལ་སོགས་པས། །བཤན་པའི་ཚོགས་ཀྱི་ཐུགས་དམ་བསྐང༌། །མདོར་ན་ནག་པོ་འཁོར་བཅས་ལ། །འཕྲིན་ལས་དྲག་པོའི་ལས་བཅོལ་བའི། །བསྒྲལ་པའི་མཆོད་པ་འདི་འབུལ་གྱིས། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །རྫུ་འཕྲུལ་རླུང་གི་ཤུགས་ལྡན་པའི། །རྟ་ནག་རྟིང་དཀར་འཚེར་བག་ཅན། །གཡང་གཞིའི་སྒ་གཡོགས་ལྡན་པ་འདིས། །ཞིང་སྐྱོང་འཁོར་བཅས་ཐུགས་དམ་བསྐང༌། །གཡག་རྒོད་རབ་ཁྲོས་འགྱིངས་པའི་སྟབས། །རི་རབ་འདེགས་པའི་རྭ་རྣོ་ཞིང༌། །ནག་བུན་འཚུབས་འདྲའི་ཞོལ་ཆེན་འདིས། །ཞིང་སྐྱོང་འཁོར་བཅས་ཐུགས་དམ་བསྐང༌། །མཐིང་སྔོན་རྭ་བཞི་མཁྱིལ་བའི་དབུས། །


TNT14_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ཤར་འདྲའི་ཀླད་དཀར་ཅན། །བདུད་ལུག་ནག་པོའི་སྤྱི་དཀར་འདིས། །ཞིང་སྐྱོང་འཁོར་བཅས་ཐུགས་དམ་བསྐངས། །ཆབ་སྒོ་འཛིན་པ་འབྲུག་སྟོང་གི །གད་རྒྱངས་མཐོན་པོར་སྒྲོག་པའི་གདོང༌། ཁྱི་ནག་དོམ་ལྟར་འཕྱོ་བ་འདིས། །ཞིང་སྐྱོང་འཁོར་བཅས་ཐུགས་དམ་བསྐང༌། །དེ་ལྟར་ཐུགས་དམ་སྐོང་གྱུར་ནས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཉམ་ཆགས་མ་ལུས་གསོས་གྱུར་ཏེ། །མཐུན་པའི་དངོས་གྲུབ་རྒྱ་ཆེན་སྩོལ། །འདི་ནས་བྱང་ཆུབ་སྙིང་པོའི་བར། །བུ་གཅིག་པ་ཡི་མ་བཞིན་དུ། །ནམ་ཡང་གཡེལ་བ་མེད་པ་ནི། །བསྲུང་ཞིང་སྐྱོབ་པའི་མགོན་མཛོད་ཅིག །བར་ཆད་བདུད་དང་འགལ་རྐྱེན་སྤོངས། །མཐུན་རྐྱེན་ཚེ་དང་དཔལ་འབྱོར་སྤེལ། །བླ་མ་དཀོན་མཆོག་དབུ་འཕངས་བསྟོད། །འཕྲུལ་གྱི་ལྷ་ཆེན་འཁོར་བཅས་རྣམས། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །བསྟན་པ་སྲུངས་ཤིག་སེམས་ཅན་རྣམས། །བདེ་སྐྱིད་དཔལ་ལ་སྤྱོད་པ་དང༌། །རྣལ་འབྱོར་བཅོལ་བའི་ལས་མཛོད་ཅིག །བསྟོད་པའི་སྐབས་སུ་མི་རྟོག་མ་ཆུང་བ་ནི། རི་སུལ་གྱི་རྣལ་འབྱོར་མས་མཛད་པ་ཡིན་ལ། བླ་མ་གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་མཛད་པའི་མངོན་རྟོགས་བསྟོད་པ་ནི། ཧཱུཾ་རྡོ་རྗེ་འཆང་གི་བཀའ་བསྒོས་པའི། །བསྟན་སྲུང་ནག་པོ་ཆེན་པོ་ཁྱོད། །གནས་ནི་གང་དུ་འཁོད་གྱུར་ཀྱང༌། །དུར་ཁྲོད་རོལ་པའི་གཞལ་ཡས་ཁང༌། །པཾ་


TNT14_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

པད་རཾ་ཉི་རོ་སྟེང་དུ། ཧཱུཾ་སྐྱེས་ནག་པོ་འཇིགས་པའི་སྐུ། །ཞལ་བཞི་ཕྱག་བཞི་ཞབས་གཉིས་པ། ཁྲོ་གཏུམ་རྔམས་པ་ཁྱོད་ལ་བསྟོད། །གཡས་གཉིས་སྔོན་པོ་མཆེ་བ་གཙིགས། །སྤྱན་རྩ་དམར་ཟླུམ་ཉི་ཟླར་འཁྱིལ། །སྨིན་མ་སྨ་ར་ཁམས་སེར་འབར། །ལྗགས་གྲིལ་ཧ་ཧ་བཞད་ལ་བསྟོད། །གཡོན་གཉིས་ལྗང་ཁུ་ཁྲོ་གཉེར་འཁྲིགས། །དཔྲལ་བསྡུས་སྡང་མིག་ལོག་འདྲེན་གཟིར། །ཤངས་ནས་རླུང་འཚུབ་རྔུལ་གྱིས་འགེངས། ཧཱུཾ་ཧཱུཾ་སྒྲ་འབྱིན་ཁྱོད་ལ་བསྟོད། །གཡས་གཡོན་གྲི་གུག་ཐོད་ཁྲག་ནི། །ཐུགས་ཀར་སྟེང་འོག་བསྣམས་པ་ཡིས། །དགྲ་བགེགས་སྙིང་འབྱིན་དགྲ་ཁྲག་འཐུང༌། །ཕཊ་ཕཊ་དགྲ་བགེགས་སྒྲོལ་ལ་བསྟོད། །གཡས་གཡོན་འོག་མའི་ཕྱག་གཉིས་ཀྱིས། །རྩེ་གསུམ་བུམ་པ་བསྣམས་ནས་ནི། །མདུང་རྣོན་དགྲ་བགེགས་ལུས་ལ་འདེབས། །བུམ་པས་སྒྲུབ་ལ་དངོས་གྲུབ་སྩོལ། །མི་མགོ་ཁྲག་འཛག་ལྔ་བཅུ་དང༌། །དྲིལ་བུ་གཡེར་བ་སིལ་སིལ་གྱིས། །ཞིང་སྐྱོང་ཁྱོད་ཀྱི་སྐུ་ལ་བརྒྱན། །སྲིད་གསུམ་གཡོ་བྱེད་ཁྱོད་ལ་བསྟོད། །ཞབས་གཉིས་དོར་སྟབས་གར་གྱིས་རོལ། །ས་གཞི་རབ་གཡོ་དགྲ་བགེགས་འདུལ། །དཔའ་བོ་ཁྲོ་གཉེར་ཤ་གཅོད་གསོལ། །རྔམས་པའི་དཔའ་བོ་ཁྱོད་ཕྱག་འཚལ། །ལས་མཁན་འཁོར་གྱི་ཁྲོ་མོ་བཞི། །གཡས་ཕྱོགས་རྒྱུག་བྱེད་


TNT14_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་མོ་ཁྱོད། །གྲི་གུག་ཐོད་འཛིན་ཤུགས་པས་འགེངས། །དགྲ་བགེགས་མྱོས་བྱེད་དབང་བྱེད་མ། །གཡུང་མོ་ནག་མོ་ཁྱོད་ལ་བསྟོད། །གཡོན་ནས་འགྱིང་སྟབས་བཞད་ཅིང་རྒྱུག །གྲི་གུག་ཐོད་འཛིན་ཤ་རུས་ཟ། །དགྲ་བགེགས་རྨོངས་ཤིང་མྱོས་བྱེད་མ། །གཏུམ་མོ་ལྗང་ཁུ་ཁྱོད་ལ་བསྟོད། །མདུན་ན་སྲིན་མོ་འཕྱོངས་ཐབས་རྒྱུག །གྲི་གུག་ཐོད་ཁྲག་དགྲ་སྙིང་འབྱིན། །བནྡྷ་ཁྲག་བཀང་ཡབ་ལ་སྟོབ། །དགྱེས་ཤིང་འཁྲིལ་མཛད་ཡུམ་ལ་བསྟོད། །རྒྱབ་ནས་གར་སྟབས་གཡལ་ཞིང་རྒྱུག །གྲི་གུག་ཐོད་པ་ཁྲག་བཀང་འཛིན། །འོ་དོད་ཁུས་འདེབས་དགྲ་བོ་དགུགས། །སིང་གྷ་ལི་མ་ཁྱོད་ལ་བསྟོད། །གཙོ་བོ་འཁོར་བཅས་ཏི་སེར་གནས། །ཞིང་སྐྱོང་སྲུང་མ་གཙོ་འཁོར་ལྔས། །བསྟན་ལ་གདུག་པའི་དགྲ་བགེགས་རྣམས། །སྒྲོལ་བྱེད་གཙོ་འཁོར་ལྔ་ལ་བསྟོད། །ཤ་ཆེན་སྲན་བཅས་མེ་ཏོག་སྙིང༌། །རུས་ཆེན་སྦགས་པའི་གཏོར་མ་འདི། །ཡེ་ཤེས་ལྔ་རུ་བྱིན་རླབས་པ། །འདི་བཞེས་དགྲ་བགེགས་བརླག་པར་མཛོད། ཅེས་པའོ། །གཡས་གཉིས་སྔོན་པོ་མཆེ་བ་གཙིགས། །ཞེས་པ་བསྙེན་པའི་སྐབས། དབུས་གཉིས་ནག་པོ་མཆེ་བ་གཙིགས། །ཞེས་དང༌། གཡོན་གཉིས་ལྗང་ཁུ་ཞེས་པ་ལ། གཡས་གཡོན་ལྗང་ནག་ཁྲོ་གཉེར་འཁྲིགས། །ཞེས་འདོན་པ་སྤོ། སྒྲུབ་དུས་ལ། དབུས་དང་སྟེང་ཞལ་ནག་པོ་ཁྲོས། །ཞེས་དང༌། གཡས་དཀར་


TNT14_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དམར་ཁྲོ་གཉེར་བསྡུས། །ཞེས་འདོན་པ་སྤོའོ། །ཧཱུཾ་རྒྱལ་བ་ཀུན་གྱི་དྲག་པོའི་འཕྲིན་ལས་པ། །རྔམ་བརྗིད་ཁྲོས་པ་ཆར་སྤྲིན་ལྟ་བུའི་མདོག །སྲིད་གསུམ་དྲེགས་ལྡན་ཡོངས་ཀྱི་གཙོར་གྱུར་པ། །གཏུམ་པོ་གཟི་ལྡན་དབང་ཕྱུག་ཁྱོད་ལ་བསྟོད། །ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་ཀྱི། །རྒྱལ་བའི་བསྟན་པ་ཕྱོགས་བཞིར་སྐྱོང་མཛད་པ། །རབ་བརྗིད་དཔའ་བོ་དགྱེས་བྱེད་ཕོ་ཉ་མོ། །ལས་མཛད་སྲིང་མོ་བཞི་ལ་བསྟོད་པར་བགྱིད། །བཀའ་ཉན་མཐུ་རྩལ་རྨད་བྱུང་བ། །སྲོག་གཅོད་བཤན་པ་ཉི་ཤུ་གཅིག །གནོད་བྱེད་དགྲ་བགེགས་འཇོམས་ལ་དཔའ། །རབ་ཏུ་གཏུམ་པོའི་ཚོགས་ལ་བསྟོད། །ལོག་འདྲེན་ཀུན་འཇོམས་མ་རུང་གཟུགས། །མཚོན་ཆ་དུ་མ་ཐོགས་ཤིང་རྒྱུག །བདུད་འདུལ་ཉི་ཁྲི་ཆིག་སྟོང་གི །དཔུང་ཚོགས་རྣམས་ལ་བསྟོད་པར་བགྱི། །གཞན་ཡང་བསྟན་ལ་མངོན་དགའ་བའི། དྲེགས་པ་སྡེ་བརྒྱད་དམག་ཚོགས་རྣམས། ཁམས་གསུམ་ཁྱབ་པའི་ཆོ་འཕྲུལ་ཅན། །དཀར་ཕྱོགས་སྐྱོང་བ་རྣམས་ལ་བསྟོད། །ཕྱི་ནང་གསང་བའི་མཆོད་སྤྲིན་དམ་རྫས་ཚོགས། །ཕྱོགས་བཅུའི་འཇིག་རྟེན་མ་ལུས་ཀུན་ཁྱབ་པས། །ལྷ་མཆོག་ཁྱོད་ལ་རྟག་ཏུ་མཆོད་བྱེད་ན། །དངོས་གྲུབ་མ་ལུས་ཇི་བཞིན་སྩལ་དུ་གསོལ། ཁྱད་པར་དཔལ་ལྡན་བླ་མར་གནོད་


TNT14_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན། བསྟན་ལ་གནོད་པར་བྱེད་པའི་མ་རུངས་པ། །རྣལ་འབྱོར་བདག་ལ་སྡང་བྱེད་དགྲ་བོ་རྣམས། །རྡུལ་ཕྲན་ཙམ་ཡང་མེད་པར་མཛད་དུ་གསོལ། །གནས་སྐབས་ཀུན་ཏུའང་བདག་ཅག་འཁོར་བཅས་ལ། །མི་མཐུན་རྐྱེན་གྱི་བར་ཆད་མ་ལུས་ཀུན། །དཔལ་མགོན་འཁོར་དང་བཅས་པས་ཞི་མཛད་ཅིང༌། བསམ་དོན་ཆོས་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །མདོར་བསྡུས་པ་ལ་དེ་ཙམ་གྱི་ཆོག་ལ། སྤྲོས་པ་ལ་དགའ་ན། བླ་མ་གོང་མ་རྣམས་ཀྱིས་མཛད་པའི་བསྟོད་རྙིང་མང་དུ་ཡོད་པས། །དེ་དག་ལས་ཇི་ལྟར་འོས་པས་བསྟོད་པར་བྱའོ། །དེ་ནས་བཤགས་པ་ནི། ཡིག་བརྒྱ་མང་དུ་བཟླས་པའི་མཐར། ཧཱུཾ་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང༌། །སངས་རྒྱས་བྱང་སེམས་ཡི་དམ་ཚོགས། ཁྱད་པར་མགོན་པོ་འཁོར་བཅས་རྣམས། །མ་ལུས་གསན་ཞིང་དགོངས་སུ་གསོལ། །བདག་ཅག་མི་ཤེས་བག་མེད་ཅིང༌། །མ་ལུས་ལེ་ལོའི་དབང་གྱུར་པའི། །རང་བཞིན་བཅས་པའི་ཉེས་ལྟུང་རྣམས། །གནོང་པའི་ཡིད་ཀྱིས་བཤགས་པར་བགྱི། །བླ་མེད་ཐེག་པའི་སྒོར་ཞུགས་ནས། །རིག་འཛིན་ནང་གི་དམ་ཚིག་ལ། ཁས་བླངས་དམ་བཅས་ནོངས་པ་གང༌། །འཆབས་པ་མེད་པའི་སེམས་ཀྱིས་བཤགས། །བླ་མ་རྡོ་རྗེ་སློབ་དཔོན་ལ། །ལུས་ངག་སེམས་ཀྱིས་སྨོད་པ་གང༌། །གདུང་ཞིང་འགྱོད་པ་དྲག་པོའི་བློས། །མི་སྦེད་སྤྱན་སྔར་ད་ལྟ་བཤགས། །མགོན་ཁྱོད་བརྟན་པར་ཞུགས་པ་ལས། །


TNT14_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དང་གཏོར་མའི་རྣལ་འབྱོར་ལ། །ཉམས་ཆགས་གྲིབ་ཀྱིས་སྦགས་པ་རྣམས། །དཔལ་མགོན་དམ་ཅན་ཆེ་ལ་བཤགས། །ཕྱི་ནང་གསང་བའི་རྟེན་རྫས་དང༌། །ཤ་ལྔ་བདུད་རྩི་ཨ་མྲྀ་ཏ། །དམ་རྫས་མ་ཚང་གྱུར་པ་ཀུན། །མཐུ་ལྡན་སྲུང་མ་ཁྱོད་ལ་བཤགས། །རྒྱུ་ཆུང་ཕུད་ཉམས་ལྷག་མ་འདྲེས། །འཁོར་ཅན་རྫས་ཀྱིས་སྦགས་པ་དང༌། །སྣོད་མིན་མཐོང་ཐོས་གྱུར་པ་ཡང༌། །དམ་ཅན་སྲུང་མ་ཁྱོད་ལ་བཤགས། ཁྱོད་སྐུ་སྐལ་མིན་བསྟན་པ་དང༌། ཁྱོད་གསུང་བཟླས་བརྗོད་ཉམས་ཆགས་དང༌། ཁྱོད་ཀྱི་ཐུགས་དང་འགལ་བའི་ཚོགས། །བདག་ཅག་སྙིང་ནས་བཤགས་པར་བགྱི། །བླ་མའི་སྐུ་དགྲར་གྱུར་པ་དང༌། །དཀོན་མཆོག་གསུམ་འཚེ་སེམས་ཅན་གནོད། །བསྟན་ལ་སྡང་བའི་དགྲ་བོ་ལ། །བྱམས་བསྟེན་འགྲོགས་པ་མཐོལ་ལོ་བཤགས། །དུར་ཁྲོད་བས་མཐའ་དབེན་གནས་སུ། །བསྙེན་སྒྲུབ་བཟླས་བརྗོད་མཆོད་གཏོར་གྱིས། །ཐུགས་དམ་དུས་སུ་སྐོང་བ་ལ། །ལེ་ལོར་སྤྱོད་གང་མཐོལ་ལོ་བཤགས། །འདོན་ཆེན་ཡུལ་ཆེའི་ལྷག་བསམ་གྱིས། །ཆོས་སྐྱོང་གནད་ནས་བསྐུལ་བ་དང༌། །ལས་སྒྲུབ་དུས་སུ་མཆོད་གཏོར་གྱི། གཏང་རག་མ་ཐེངས་མཐོ་ལོ་བཤགས། །མདོར་ན་ཞིང་སྐྱོང་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་ལ་ནོངས་པའི་ཆ། །བགྱིས་དང་བགྱིད་སྩལ་གང་ལེགས་པ། །དག་ཚངས་


TNT14_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་མཛད་དུ་གསོལ། །ཞེས་པའི་མཐར་འཇམ་རོལ་རྒྱུན་ཆགས་དང་ལྷན་ཅིག་ཡིག་བརྒྱ་ཚར་གསུམ་བརྗོད། དེ་ནས་གཏོར་འབུལ་གྱི་སྤྱི་བཏབ་ནི། གུར་རྣམ་དང་སྦྲགས་ཏེ་བྱེད་པ་ཡིན་ན་ལོགས་སུ་མི་དགོས་ཀྱང༌། ཞལ་བཞི་པ་ཉིད་ལ་སྒོས་སུ་འབུལ་ན། སྤྱན་གསུམ་སྲས་པོ་གཟི་བརྗིད་མཐའ་གཡས་པ། ཁམས་གསུམ་དབང་ཕྱུག་དྲག་པོ་ལྷ་ཡི་ལྷ། །དཔལ་ལྡན་མགོན་པོ་ཞལ་བཞི་དྲེགས་པ་ཅན། །འཇིགས་མཛད་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། ཌོམྦི་ནི་སོགས་སྲིང་མོ་འཁོར་དང་བཅས། །ཙཎྜི་ཀཱ་སོགས་མ་མོ་འཁོར་དང་བཅས། །མ་རུ་ཙེ་སོགས་བཤན་པའི་འཁོར་དང་བཅས། །མིག་དྲིང་ལ་སོགས་གསོད་བྱེད་འཁོར་དང་བཅས། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཅེས་པ་མན་ཆད་སྤྱི་དང་འདྲ། མཇུག་ཏུ་དགེ་ལེགས་ཀྱི་ཚིགས་བཅད་དང༌། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །སོགས་ཇི་ལྟར་འོས་པ་བརྗོད།། །།དཔལ་མགོན་ཞལ་བཞི་པའི་སྒོས་ཀྱི་བསྐང་གསོ་བྱེད་ཚུལ། གཏོར་ཆོག་དང་བསྐང་གསོ་ཆེན་མོའི་ཟུར་འདེབས་ཀྱི་ཚུལ་དུ་སྦྱར་བ་འདི་ཡང༌། དོན་གཉེར་མང་པོས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། བླ་མ་གོང་མའི་གསུང་ལས་བསྡུས་ཏེ། ཏཱ་ར་ནཱ་ཐས་སྒྲིགས་པའོ། །ཞུས་དག། །དགེ་ལེགས་འཕེལ། །མངྒལཾ།།


previousམགོན་པོ་ཞལ་བཞི་པའི་སྒོས་བསྐངས།next