Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་ཞལ་བཞི་པའི་བསྐང་གསོ་ཉེར་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   


 
previousམགོན་པོ་ཞལ་བཞི་པའི་བསྐང་གསོ་ཉེར་བསྡུས།next

མགོན་པོ་ཞལ་བཞི་པའི་བསྐང་གསོ་ཉེར་བསྡུས།


TNT14_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མགོན་པོ་ཞལ་བཞི་པའི་བསྐང་གསོ་ཉེར་བསྡུས་བཞུགས་སོ། །


TNT14_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདིར་དཔལ་མགོན་གདོང་བཞི་པའི་ཆོ་གའི་རྣམ་གཞག་ཐུང་ཙམ་འདི་ནི། སྔགས་དྲུག་ཕྱག་རྒྱ་དྲུག་ལ་སོགས་པ་ཡང་ངེས་པར་སྣང་བར་མཛད་དོ། །ཧཱུཾ་ལྷ་མཆོག་མཧཱ་ཀཱ་ལ་མཐུ་བོ་ཆེ། །འཕྲིན་ལས་དྲག་པོའི་གདུག་པ་ཚར་སྤྱོད་ཅིང༌། །ཧ་ཧཱ་རྒོད་པའི་དུར་ཁྲོད་ཆེན་པོ་ནས། །ཞིང་སྐྱོང་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །མྱུར་མགྱོགས་སྡེ་བརྒྱད་དམག་དཔོན་མཛད་ཙ་ན། །ཏེ་སེའི་གངས་རི་གནས་འདིར་གཤེགས་སུ་གསོལ། །གདོང་བཞི་སྤྲུལ་པ་ཕྱོགས་བཅུར་འགྱེད་ཙ་ན། །པོ་ཏ་ལྷ་ཡི་གནས་འདིར་གཤེགས་སུ་གསོལ། །མཁའ་འགྲོ་མང་པོའི་གཙོ་བོ་མཛད་ཙ་ན། །དུར་ཁྲོད་བསིལ་བའི་ཚལ་ནས་གཤེགས་སུ་གསོལ། །དམ་ཉམས་དགྲ་བགེགས་


TNT14_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཆམ་ལ་འབེབས་ཙ་ན། །དར་ལུང་གཉན་གྱི་གནས་ནས་གཤེགས་སུ་གསོལ། །རྣལ་འབྱོར་དམ་ཚིག་ལྡན་པ་སྐྱོང་ཙ་ན། ཁའུ་བྲག་རྫོང་གནས་ནས་གཤེགས་སུ་གསོལ། །སངས་རྒྱས་བསྟན་པ་ཕྱོགས་བཅུར་སྤེལ་ཙ་ན། །རི་ཁྲོད་ཇོ་ནང་གནས་ནས་གཤེགས་སུ་གསོལ། །སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱི་ཇི་ལྟར་ཁས་བླང་ཞིང༌། །འཕྲིན་ལས་རྣམ་བཞི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ། །ཧཱུཾ་ལྷ་མཆོག་མཧཱ་ཀཱ་ལ་མཐུ་བོ་ཆེ། ཁྱེད་ལ་མཐུན་པའི་དམ་རྫས་འབུལ་བ་ནི། །རྟ་མཆོག་རིན་ཆེན་རྒྱན་གྱི་བརྒྱན་པ་དང༌། །གཡག་རོག་ཞོལ་ཆེན་སྤྲིན་ལྟར་སྟིབས་པ་དང༌། །ལུག་ནག་སྤྱི་དཀར་ཤེལ་ལྟར་འཚེར་བ་དང༌། ཁྱི་ནག་སྙིང་དཀར་དོམ་ལྟར་ཕྱོ་བ་དང༌། །


TNT14_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག་དར་གྱི་ཅོད་པན་མང་པོས་བརྒྱན། །ལྷ་མཆོག་མཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །ལྷ་ཆེན་ནག་པོ་གདོང་བཞིའི་ཐུགས་དམ་བསྐང༌། །ཞིང་སྐྱོང་གཟིགས་ལྡན་དབང་ཕྱུག་ཐུགས་དམ་བསྐང༌། །བྲམ་ཟེའི་གཟུགས་ཅན་དཔའ་བོའི་ཐུགས་དམ་བསྐང༌། །ཡུམ་ཆེན་གཡུང་མོ་ནག་མོའི་ཐུགས་དམ་བསྐང༌། །ལས་མཛད་གཏུམ་པོ་ལྗང་ཁུའི་ཐུགས་དམ་བསྐང༌། །སེར་ནག་སེང་ག་གླིང་མའི་ཐུགས་དམ་བསྐང༌། །དམར་ནག་སྲིན་མོ་ཆེན་མོའི་ཐུགས་དམ་བསྐང༌། །འཁོར་གྱི་ཞིང་སྐྱོང་ཚོགས་ཀྱི་ཐུགས་དམ་བསྐང༌། །དྲེགས་པ་སྡེ་བརྒྱད་ཚོགས་ཀྱི་ཐུགས་དམ་བསྐང༌། །འཁོར་དང་བཅས་པའི་ཐུགས་དམ་སྐོང་གྱུར་ཅིག །རྣལ་འབྱོར་བདག་གི་ཉམས་ཆགས་སོས་གྱུར་ཅིག །སྐོང་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ། ཧཱུཾ་ལྷ་མཆོག་མཧཱ་ཀཱ་ལ་མཐུ་བོ་ཆེ། ཁྱེད་ལ་མཐུན་པའི་དམ་རྫས་འབུལ་བ་ནི། །རཀྟ་དམར་ཆེན་ཁྲག་གི་ཨརྒྷཾ་དང༌། །དྲི་ལྡན་མེ་ཏོག་གསར་སྙིང་ནག་པོ་དང༌། །ཚིལ་ཆེན་མང་པོས་སྤོས་ཀྱི་དུད་སྤྲིན་དང༌། །ཞུན་ཆེན་སྒྲོན་མེ་འབར་བའི་སྣང་གསལ་དང༌། ཁྲག་ཞག་རྒྱ་མཚོར་འཁྱིལ་བའི་དྲི་མཆོག་དང༌། །ཞལ་ཟས་བཤོས་བུ་དམར་ནག་རི་རབ་ཙམ། ཁྲག་ཞག་ཤ་རུས་:སྟམ་[གཏམས་]པ་ཚོམ་བུས་བསྐོང༌། །རྐང་གླིང་རྙན་པའི་རོལ་མོའི་སྒྲ་སྒྲོག་ཅིང༌། །ལྷ་མཆོག་མཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །ཞེས་པ་ནས། སྐོང་གྱུར་དབང་དང་དངོས་གྲུབ་སྩོལ་དུ་གསོལ། །ཞེས་པའི་བར་གོང་དང་འདྲ། ལྷ་མཆོག་མཧཱ་


TNT14_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ལ་མཐུ་བོ་ཆེ། ཁྱེད་ལ་མཐུན་པའི་དམ་རྫས་འབུལ་བ་ནི། །དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་དང༌། །འཆི་མེད་བདུད་རྩི་སྨན་གྱི་རྒྱ་མཚོ་དང༌། །ཛ་གད་ཕུད་ཀྱི་བཏུང་བ་སྣ་ཚོགས་དང༌། །བཟའ་དང་བཏུང་བ་རི་དང་རྒྱ་མཚོ་ཙམ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པའི། །རོ་བརྒྱ་ལྡན་པའི་མཆོད་པ་རྒྱ་མཚོ་འདི། །ལྷ་མཆོག་མཧཱ་ཀ་ལས་ཐུགས་དམ་བསྐང༌། །ལྷ་ཆེན་ནག་པོ་གདོང་བཞིའི་ཐུགས་དམ་བསྐང༌། །ཞིང་སྐྱོང་གཟིགས་ལྡན་དབང་ཕྱུག་ཐུགས་དམ་བསྐང༌། །བྲམ་ཟེའི་གཟུགས་ཅན་དཔའ་བོའི་ཐུགས་དམ་བསྐང༌། །ཡུམ་ཆེན་གཡུང་མོ་ནག་མོའི་ཐུགས་དམ་བསྐང༌། །ལས་མཛད་གཏུམ་མོ་ལྗང་ཁུའི་ཐུགས་དམ་བསྐང༌། །སེར་ནག་སེང་ག་གླིང་མའི་ཐུགས་དམ་བསྐང༌། །དམར་ནག་སྲིན་མོ་ཆེན་མོའི་ཐུགས་དམ་བསྐང༌། །འཁོར་གྱི་ཞིང་སྐྱོང་ཚོགས་ཀྱི་ཐུགས་དམ་བསྐང༌། །དྲེགས་པ་སྡེ་བརྒྱད་ཚོགས་ཀྱི་ཐུགས་དམ་བསྐང༌། །འཁོར་དང་བཅས་པའི་ཐུགས་དམ་སྐོང་གྱུར་ཅིག །རྣལ་འབྱོར་བདག་གི་ཉམས་ཆགས་སོས་གྱུར་ཅིག །སྐོང་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ། །གདོང་བཞི་དྲེགས་པ་འཁོར་དང་བཅས་རྣམས་ཀྱི། །སངས་རྒྱས་བསྟན་པ་བསྲུང་ཞིང་རྒྱས་པར་མཛོད། །གནོད་པའི་དགྲ་བགེགས་ཐལ་བ་རྡུལ་དུ་རློག །ཞི་རྒྱས་དབང་དང་དངོས་གྲུབ་སྩལ་དུ་གསོལ།། །།ཞེས་པ་འདི་ནི་ཏཱ་ར་ནཱ་ཐས་ཉེ་གནས་དར་མ་སེང་གེ་ལ་གདམས་པའོ། །བཀྲ་ཤིས།།


previousམགོན་པོ་ཞལ་བཞི་པའི་བསྐང་གསོ་ཉེར་བསྡུས།next