Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞིང་སྐྱོང་གཟི་ལྡན་དབང་ཕྱུག་གི་གཏོར་མ་ཆེན་པོ་སྒྲུབ་འཕེན་གྱི་ལག་ལེན་ཆོ་ག་ལས་བཞི་ལྷུན་གྲུབ།
   
   
   
   
   
   
   
   
   
   
   
   
   
   


 
previousཞིང་སྐྱོང་གཟི་ལྡན་དབང་ཕྱུག་གི་གཏོར་མ་ཆེན་པོ་སྒྲུབ་འཕེན་གྱི་ལག་ལེན་ཆོ་ག་ལས་བཞི་ལྷུན་གྲུབ།next

ཞིང་སྐྱོང་གཟི་ལྡན་དབང་ཕྱུག་གི་གཏོར་མ་ཆེན་པོ་སྒྲུབ་འཕེན་གྱི་ལག་ལེན་ཆོ་ག་ལས་བཞི་ལྷུན་གྲུབ།


TNT14_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྐྱོང་གཟི་ལྡན་དབང་ཕྱུག་གི་གཏོར་མ་ཆེན་པོ་སྒྲུབ་འཕེན་གྱི་ལག་ལེན་ཆོ་ག་ལས་བཞི་ལྷུན་གྲུབ་ཞེས་བྱ་བ་བཞུགས་སོ། །


TNT14_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷྲི་ཀ་ཨཱརྱ་ཏཱ་རཱ་ཡེ། འདིར་དཔལ་ལྡན་ནག་པོ་ཧ་ཧ་སྒྲོག་པའི་ཞིང་སྐྱོང་ཆེན་པོ་ཞལ་བཞི་པའི་གཏོར་ཆོག་ལས་རིམ་གྱི་མན་ངག་མདོ་ཙམ་བཤད་པར་བྱའོ། །དེ་ཡང་གནས་དང་དུས་འཛོམ་པ་ན། དང་པོར། སྒྲུབ་པ་པོ་དམ་ལྡན་ཡི་དམ་གྱི་བསྙེན་པ་འཐེམས་པོར་སོང་བ་ཞིག་ངེས་པར་དགོས་ལ། དེ་ཡང་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་ལྟ་བུའམ། དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཁྲོ་བོའི་རིགས་གང་གིས་ཀྱང་རུང་ཞིང༌། ཁྱད་པར་དུ་འདི་ལ་རྒྱུད་འཇམ་ཞིང་འཁུལ་ཆེ་བའི་གནད་ཡིན་པས། བཅོམ་ལྡན་འདས་མ་སྒྲོལ་མའི་རིགས་ཀྱི་བསྙེན་པ་ཚར་གཅིག་སོང་ན་གནད་དུ་ཆེ་བར་བཞེད། དེ་ཡང་བརྒྱུད་པ་གཅིག་པའི་རྟེན་འབྲེལ་གྱིས། གཉན་སྒྲོལ་ཉིད་བསྔགས་པར་གྲགས་ལ། གཞན་ཀུ་རུ་ཀུལླེ་ལ་སོགས་པས་ཀྱང་རུང་ངོ༌། །


TNT14_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡི་དམ་གྱི་བསྙེན་པ་སྔོན་དུ་སོང་ནས། དཔལ་མགོན་པོ་འདི་ཉིད་ཀྱི་བསྙེན་སྒྲུབ་ཀྱི་རིམ་པ་ཡང༌། །ལན་གསུམ་སྐྱར་བ་ལྟ་བུ་བྱུང་ན་རབ། ཚར་གཅིག་སོང་བ་ཞིག་མེད་དུ་མི་རུང་སྟེ། འོན་ཀྱང་བོད་འདིར་ཕྱིས་དང་ད་ལྟའི་ལག་ལེན་ལྟར་ཆོག་གྲྭ་ངོམ་པ་གཙོ་བོར་བྱེད་ན། ཚོགས་ཀྱི་གཙོ་བོ་དེ་དཔལ་མགོན་འདིའི་བསྙེན་པའང་སོང་བ་མེད་དུ་མི་རུང་ལ། གཞན་རྣམས་ནི་ཡི་དམ་གང་རུང་རེའི་བསྙེན་པ་སོང་ན། འདིའི་ཆོག་གྲྭ་ལ་འཇུག་རུང་ཙམ་ཡིན་ནོ། །ཆོས་སྐྱོང་འདི་ལ་གོང་གནོན་གྱི་མགོན་པོ་གཞན་དགོས་སམ་མི་དགོས་སྙམ་ན། སྤྱིར་ངེས་པར་དགོས་པ་ནི་མ་ཡིན་ཏེ། ཡི་དམ་ཁྲོ་བོས་གཅུན་ཞིང༌། བཅོམ་ལྡན་འདས་མས་གནད་ནས་བསྐུལ་བས་ཆོག་པའི་ཕྱིར་རོ། །འོན་ཀྱང་བོད་ཡུལ་འདི་ན། སྒྲུབ་པ་པོ་གཅིག་གིས་ཆོས་སྐྱོང་རིགས་མི་གཅིག་པ་དུ་མ་བསྟེན་པའི་སྲོལ་ཡོད་པས། དེའི་


TNT14_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་མན་ངག་གི་ཡི་གེ་རྣམས་ན། གོང་གནོན་རེ་མཛད་པར་གདའ་བ། བླ་ཆེན་ས་སྐྱ་བ་མན་ཆད་ངེས་པར་གུར་མགོན་གྱིས་མཛད་པས་ལེགས་པར་བྱུང་ལ། སྤྱིར་དེ་ལྟར་བྱེད་པར་འདོད་ན། དེ་ཁོ་ནར་མ་ཟད་དཔལ་མགོན་པོ་བཞི་སྦྲག་གམ། སྒང་སྟོན་ལུགས་ཀྱི་གྲི་གུག་ཅན་ནམ། ཡེ་ཤེས་མགོན་པོ་ཕྱག་བཞི་དྲུག་སོགས། མགོན་ཆེན་གང་ལ་བརྟེན་ཀྱང་རུང་ངོ༌། །དེ་ལྟ་ན་ཡང༌། སྤྱིར་མགོན་པོ་འདི་ཁོ་ན་སྒྲུབ་པ་གཅིག་ཡོད་དགོས་ལ་འདི་རང་གི་སྒྲུབ་ཐབས་དངོས་རྣམས་ཀྱང་དེ་ལྟ་བུའི་དབང་དུ་བྱས་པ་ཡིན་དགོས་པས་དེ་གཙོ་བོར་འཆད་དོ། །དེ་ལ་གཏོར་སྒྲུབ་གཏོར་སྐྱོང་ཙམ་གྱི་དབང་དུ་བྱས་ན། ཡི་དམ་ལེགས་པར་བསྙེན་ན་ཆོས་སྐྱོང་གི་སྒོས་བསྙེན་མ་སོང་ཀྱང་མི་རུང་བ་མ་ཡིན་ལ། གཏོར་ཆེན་འཕེན་པ་ལ་ནི་འདི་རང་གི་སྒོས་བསྙེན་མ་སོང་ན། རང་གཞན་ཐམས་ཅད་ཕན་པ་མ་ཡིན་པ་སྐྱེད་པར་བྱེད་དོ། །ད་ནི་ཇི་ལྟར་བྱ་བའི་རིམ་པ་བཤད་པར་བྱ་སྟེ། གནས་དེར་བླ་བྲེ་ཡོལ་བ་སོགས་མཛེས་བྱེད་ཅི་རིགས་པར་བྱ། སྟེགས་བུ་མཐོ་བ་ལ་བླ་མའི་གཏོར་མ་དང་ཡི་དམ་སྤྱི་དང༌། ཆོས་སྐྱོང་དངོས་དང་མཁའ་འགྲོ་སྤྱི་དང༌། གཞི་བདག་གི་བར་གྱི་གཏོར་མ་ལྔ་ཚར་རྣམས་བཤམས། ཡང་ན་ཡི་དམ་ལ་གཅིག །རིགས་དྲུག་གི་གཏོར་མ་སྟེ་ལྔའོ། །སྒྲོལ་མ་སོགས་ཡི་དམ་སྒོས་ཀྱི་གཏོར་མ་དང་བསྐང་གཏོར་དཀྱུས་མ་ནོར་གཟུགས་བཤོས་ཕྲན་ཟུར་གསུམ་བཞི་ཐོད་གཟུགས་བཞི་དང་ལྡན་པ་བཤམས། འགྲུབ་ན་རྟེན་རྡོའི་སྟེང་དུ་ཆོས་འབྱུང་གྲུ་གསུམ་དབུས་ནག་ལ། མུ་རན་དམར་བ། དེ་ལ་དབུས་དང་ཕྱོགས་བཞིར་ཉི་གདན་


TNT14_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འབྲུ་ནག་གི་ཚོམ་བུ་ལྔ་བཀོད་པའམ། ཡང་ཚོམ་བུ་བཅུ་བདུན་འགོད་པ་ལྟར་ན། ཆོས་འབྱུང་འབྲི་མི་དགོས། དེའི་སྟེང་དུ་དར་ནག་གི་གུར་ཕུབ་པའོ། །རྟེན་རྡོ་མེད་ཀྱང༌། གཏོར་ཆོག་འདི་དག་ལ་དགོས་ངེས་མ་ཚང་བར་མི་འགྱུར་རོ། །གང་ལྟར་ནའང༌། ཡི་དམ་གཏོར་མའི་མདུན་གྱི་ཕྱོགས་ས་གཞི་སྟབས་བདེ་བ་ཞིག་ཏུ། སྟེགས་བུ་གྲུ་བཞི་དངོས་སུ་ཡོད་པའམ། མེད་ན་རྡུལ་ཚོན་སོགས་ཀྱིས་དམར་པོའམ། ནག་པོ་གྲུ་བཞི་པ་བྲི། དེར་པདྨ་འདབ་བརྒྱད་ཆེན་པོ་ལྟེ་བ་ནག །འདབ་མ་སྔོ། མུ་ཁྱུད་ལྗང་ཁུར་བྱ། ལྟེ་བའི་སྟེང་དུ་མཉྫི་སོགས་སྟེགས་མཐོ་བ་ལ། ལྕགས་སྣོད་ཡངས་པར། སྲན་ནག་གི་ཆན་དང༌། མེ་ཏོག་ནག་པོ་རྙིང་པ་དང༌། མི་རུས་ཀྱི་ཕྱེ་མ་བཏབ་པའི་སྒྲུབ་གཏོར་སྙིང་གཟུགས་མ་ཕྱོགས་བཞིར་བཤོས་ཕྲན་ཟུར་གསུམ་ཅན་མཚམས་རྣམས་སུ་མཐེབ་ཀྱུ་ཉེར་བདུན་རེ་བརྩེགས་པས་མཐེབ་ཀྱུ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བའོ། །དེ་ལ་ཤ་ཁྲག་སོགས་རྒྱན་གྱིས་བརྒྱན། ཟས་ཕུད་སྣ་ཚོགས་ཀྱིས་བསྐོར་རོ། །པད་འདབ་བརྒྱད་ཀྱི་སྟེང་དུ། སྟེགས་བུ་ཅུང་ཟད་དམའ་བ་རེ་བཞག་སྟེ། མདུན་མ་ལ་རཀྟའི་སྣོད། གཞན་བདུན་ལ་བཤོས་བུ་གྲུ་གསུམ་རེ་རེ་བཤམས། དེ་ཐམས་ཅད་ལ་ལིང་རྐྱང་རེ་འཛུགས། མཐའི་སྟེགས་དུ་རྣམས་དབུས་ཀྱི་སྟེགས་བུའི་ཕྱེད་དང་གཏོར་ཕྲན་རྣམས་དབུས་ཀྱི་གཏོར་མའི་ཕྱེད་དུ་སླེབ་པ་བྱེད་གསུང་ན་དེ་ལས་མཐོ་བ་མི་རུང་བའི་དོན་ཡིན། གཞན་ཚད་ངེས་པ་མེད། དེ་དག་གི་མཐའ་དྲག་པོའི་


TNT14_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཏོར་སྤྱི་དང་མཐུན་པས་བསྐོར་བ་ལས། ཞལ་ཟས་བཤོས་བུ་དམར་ནག་གྲུ་གསུམ་ལྔ་ཚོམ་མམ་ལྔ་སྒྲེངས་བྱས་ཀྱང་རུང་དབུས་མ་མཐོ་ཙམ་བྱེད། ཕྱི་རྟེན་རྟ་ལུག་གཡག་ཁྱི་སོགས་ནང་རྟེན་ཞྭ་ནག་གོས་ནག་ཕྱག་མཚན་གསང་མཚན་གྲི་སྙིང་འཁོར་ལོ་ཅན་སོགས། དངོས་སུ་ཡོད་ན་ལེགས། མེད་ན་གཟུགས་ཡས་སམ་སོགས་ཐུང་ཙམ་གྱིས་ཀྱང་རུང་བར་འདོད། སྒྲུབ་ཁང་གི་སྟེང་དུ་རྔ་ཐུག་རེ་ཡང་འཛུགས། དེ་ཡང་ལྔ་ཚོམ་བྱེད་པའི་སྲོལ་ཡོད་སྤྱན་འདྲེན་པའི་བརྡ་ཡིན་ཟེར། གཞན་ཡང་སྤྱན་གཟིགས་སྣ་ཚོགས། །གཡབ་དར། རྡོ་དྲིལ། ཌཱ་རུ་ཐོད་པ་རོལ་མོ་སྣ་ཚོགས་འགྲུབ་ན་ཚོགས་ཀྱི་ཡོ་བྱད་རྣམས་ཀྱང་བཤམ་མོ། །དེ་ནས་སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་རླབས། བདག་བསྐྱེད། མདུན་བསྐྱེད་ཡི་དམ་གཏོར་བསྔོ་ཡན་ཆད་ངེས་པར་སྔོན་དུ་འགྲོ་བར་བྱ། དེ་ནས་གོང་གནོན་བྱེད་ན། དེའི་གཏོར་ཆོག་ཙམ་མམ། བསྐང་བ་རྣམས་ཀྱང་བྱ། མི་བྱེད་ན་དེར་ཟད། དཀྱུས་ཀྱི་ཡི་དམ་ལ་མེད། ཆོ་གའི་ཡན་ལག་རང་མ་ཡིན་ཀྱང་བར་འདིར་གཉན་སྒྲོལ་གྱི་གཏོར་བསྔོ་བཟླས་པ་དང་བཅས་པ་རེ་བྱས་ན་ཤིན་ཏུ་ལེགས་སོ། །དེ་ནས་དཔལ་མགོན་པོ་ཉིད་ཀྱི་ཆོ་ག་ལ་འཇུག་སྟེ། གཏོར་མ་ཐམས་ཅད་ལ་ཐུན་མོང་དུ་ཡི་དམ་གྱི་གཏོར་མ་ལྟར་བྱིན་གྱིས་བརླབས། མདུན་བསྐྱེད། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། བསྲུང་བའི་འཁོར་ལོ་འབྱུང་བཞི་ལས་ཀྱི་གུར་ཁང་ཡངས་ཤིང་


TNT14_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེ་བའི་ནང་དུ། རྡོ་རྗེ་བྲག་རི་དམར་ནག་འཇིགས་ཤིང་ལྷུན་ཆགས་པའི་སྟེང་དུ། བྷྲཱུཾ་ལས་གནམ་ལྕགས་འབར་བའི་གཞལ་མེད་ཁང་ཡངས་ཤིང་རྒྱ་དང་ཚད་ཆད་པ་མེད་པ། མི་རོའི་གདན་དང༌། ཞིང་གི་འཕན་གདུགས། སྐྲའི་རྔ་ཡབ། མི་མགོའི་ཕྲེང་བ། ཙིཏྟའི་ཕོན་ཐོ། རྒྱུ་རློན་གྱི་ལྡ་ལྡི་སོགས་འཇིགས་ཤིང་སྐྱི་གཡའ་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱི་ནང་ཐམས་ཅད་དུ་ཞིང་ཆེན་གསར་རྙིང༌། ཨཾ་སའི་ལྷུ་དུམ། ཀེང་རུས་ཆལ་ཆོལ། རཀྟའི་ལྟེང་ཀ བྱ་དང༌། གཅན་གཟན་མི་བསྲུན་པའི་ཚོགས་དང༌། གདུག་པའི་སྦྲུལ་ནག་སོགས་སྲོག་ཆགས་མ་རུངས་པས་གང་བ། ཤ་ཟ། སྲིན་པོ། མ་མོ། མཁའ་འགྲོ་བདུད་དང༌། གཤིན་རྗེ་རོ་ལངས་ཀྱི་ཚོགས་ལང་ལོང་དུ་རྒྱུ་ཞིང་གར་བྱེད་པ། འཇིགས་པའི་ང་རོས་ཁྱབ་པ། ཕྱི་རོལ་དུར་ཁྲོད་ཆེན་པོས་ཁོ་ར་ཁོར་ཡུག་ཏུ་བསྐོར་བ། དེའི་དབུས་སུ་གྲུ་གསུམ་མཐིང་ནག་ཆེན་པོའི་དཀྱིལ་འཁོར། དེའི་ཕྱོགས་བཞིར་ཡང༌། ཨེ་ཁྲཾ་གྱི་དཀྱིལ་འཁོར་བཞི་སྟེ། ཐམས་ཅད་ཀྱང་འབར་བའི་ཕྲེང་བ་འཁྲུག་པའོ། །དབུས་སུ་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ཡིག་མཐིང་ནག་ལས་རྡོ་རྗེ་གྲི་གུག་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་


TNT14_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། ནག་པོ་ཆེན་པོ་ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཞལ་བཞིས། སྐུ་མདོག་དུས་མཐའི་སྤྲིན་དང་མཚུངས་ཤིང༌། གཟི་བརྗིད་བཟོད་པར་དཀའ་བ་ཉི་མ་སྟོང་དུས་གཅིག་ཏུ་ཤར་བ་དང་མཚུངས་པ། རྩ་ཞལ་ནག་པོ་ཆེས་ཆེར་ཁྲོས་པས། བསྟན་དགྲ་བསྒྲལ་བའི་མི་རོ་ཆམ་ཆོམ་དུ་གསོལ་བ། གཡས་ཞལ་དཀར་པོ་རྒྱ་ཆེར་བཞད་པ། གཡོན་ཞལ་དམར་པོ་རབ་ཏུ་འཇིགས་པ། །སྟེང་ཞལ་དུད་ནག་ཡ་སོས་མ་མཆུ་མནན་པས་མཆེ་བ་ཟངས་ཡག་ཏུ་གཙིགས་པ། ཞལ་ནས་ཧ་ཧ་དང༌། ཧཱུཾ་ཧཱུཾ་དང༌། ཀྵཾ་ཀྵཾ་གི་སྒྲ་དྲག་པོ་བསྒྲགས་པས། སྲིད་གསུམ་འདར་བར་མཛད་པ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེས་མཚན་པའི་གྲི་གུག་གིས་ལོག་པར་ལྟ་བ་ཐམས་ཅད་ཀྱི་མགོ་ལུས་གཅོད་པ། གཡོན་གྱི་དང་པོས་ཀ་པཱ་ལ་གནོད་བྱེད་ཀྱི་ཁྲག་གིས་གང་ཞིང༌། དམ་ཉམས་ཀྱི་སྙིང་དང་བཅས་པ་ཐུགས་ཀར་འཛིན་ཞིང་ཞལ་དུ་གསོལ་བ། གཡས་འོག་མས་རལ་གྲི་འབར་བ་འཕྱར་བས་བདུད་སྡེ་མ་ལུས་པ་འཇོམས་པར་མཛད་ཅིང༌། ལ་ལར་དགྲ་ལ་ལ་ལར་མདུང་ཐུང་བསྣུན་པ། གཡོན་འོག་མས་མདུང་རྩེ་གསུམ་པ་དང༌། རུས་འཕྲེང་འགག་ཐབས་སུ་འཕྱར་བ། མཆན་ཁུང་དུ་གསེར་གྱི་བུམ་པ་བདུད་རྩིས་གང་བར་བསྣམས་པ། གཡོན་བརྐྱང་གཡས་བསྐུམ་བཞེངས་པའི་སྟབས་ཀྱི་གྱད་ཀྱི་འདོར་སྟབས་ཆེན་པོས་དགྲ་བགེགས་ཐམས་


TNT14_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གཅིག་ཏུ་འདུས་པའི་ངོ་བོ་བམ་ཆེན་བསྣོལ་བའི་ལུས་ལ་ཉེད་པ། ཞལ་གདངས་མཆེ་གཙིགས་ལྗགས་བསྐྱོད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་ཉི་མའི་དཀྱིལ་འཁོར་ལྟ་བུ་དགྲ་བགེགས་ལ་སྡང་མིག་ཏུ་གཟིགས་པ། མཆུ་འཕྱང་ཞིང༌། སྨ་ར་སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྟག་ལྤགས་གསར་པའི་ཤམ་ཐབས་དང་མི་མགོ་སྐམ་པོ་དབུ་རྒྱན། རློན་པའི་དོ་ཤལ། རུས་པའི་ཕྱག་རྒྱ། ཚངས་པའི་སྐུད་པ་གདུག་པའི་སྦྲུལ་ཆེན་པོ། དྲིལ་བུ་གཡེར་ཁའི་འཕྲེང་བ་ལ་སོགས་པས་བརྒྱན་པ། དྲག་ལ་རྔམ་པའི་ཆ་ལུགས་ཅན། བསྐལ་པའི་མེ་ལྟ་བུའི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དཻ་ལྟར་གཙོ་བོ་བཞེངས་པ་ན་ལུས་དང་གྲིབ་མའི་ཚུལ་དུ། ཨེ་ཁྲཾ་གྱི་དཀྱིལ་འཁོར་བཞི་ལ། ལས་བྱེད་རྣལ་འབྱོར་མ་བཞི་དང༌། གཞན་ཡང་སྲོག་གཅོད་བཤན་པ་ལྔ་སོགས་ཀྱང་གྲུབ་པར་གྱུར་པ་ནི། གཡས་སུ་ཡུམ་ཆེན་གཡུང་མོ་ནག་མོ། གཡོན་དུ་ལས་མཛད་གཏུམ་མོ་ལྗང་ཁུ། མདུན་དུ་དམར་ནག་སྲིན་མོ་ཆེན་མོ། རྒྱབ་ཏུ་སེར་ནག་སིང་ག་གླིང་མ་རྣམས་ཁྲོ་ཞིང་གཏུམ་པ་ལང་ཚོ་ལ་བབ་པ། གཅེར་བུ་རྒྱན་མེད་པ། རབ་ཏུ་གྲིལ་ཞིང༌། དྲག་ཤུལ་ཆེན་མོ། ཕོ་ཉ་མོའི་ཆ་ལུགས་ཅན། གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཁྲག་འཛིན་པ། དབུ་སྐྲ་ཁམས་སེར་


TNT14_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུག་པར་གྲོལ་བ་མུན་ལྟར་གཏིབས་པ། ཁམས་གསུམ་གྱི་སྲོག་ལ་མངའ་མཛད་པའོ། །གཞན་ཡང་བཤན་པ་ནག་པོ་ལྕགས་ཀྱུ་འཛིན་པ། བཤན་པ་སེར་པོ་ཞགས་པ་འཕེན་པ། བཤན་པ་དམར་པོ་ལྕགས་སྒྲོག་སྐོར་བ། བཤན་པ་ལྗང་ཁུ་རལ་གྲི་འདེབས་པ། བཤན་པ་སྔོན་པོ་མདའ་གཞུ་འགེངས་པ། ཐམས་ཅད་ཀྱང་སྲིན་པོའི་ལུས་ལ་མོན་བུ་ལིངས་པ་ཆེན་པོའི་ཆ་ལུགས་ཅན། དགྲ་བགེགས་ཀྱི་བླ་ཚེ་སྐད་ཅིག་ལ་འགུགས་ཤིང་གསོད་པའི་ཤྭ་ན་ཁྲིད་པ། གཞན་ཡང་དེ་དག་གི་ཕྱི་རོལ་དུ་བདུན་གཅོད་ཀྱི་བཤན་པ་ཉེར་གཅིག །སྲིད་པའི་རྒྱལ་མོ་མུ་ཁ་ལེ་སྲིན་མོ་རལ་པ་གཅིག་མ། བདུད་འདུལ་གྱི་དམག་ཉི་ཁྲི་ཆིག་སྟོང༌། དམག་དཔོན་ཆེན་པོ་གཤིན་རྗེ་ཁྲོ་ཚོགས་སོགས་པ་དྲེགས་པ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཚོགས་ས་གཞི་བར་སྣང་མཁའ་དབྱིངས་ཐམས་ཅད་ཡོངས་སུ་གང་བ་འཁོད་པར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། སོགས་དཀྱུས་དང་འདྲ། སྦྱར་སྤོས་སྲེག་ཅིང༌། ཧཱུཾ་ལྷ་མཆོག་མཧཱ་ཀཱ་ལ་མཐུ་བོ་ཆེ། ནས། ཕྱོགས་བཅུའི་ཞིང་ནས་འཁོར་བཅས་གཤེགས་སུ་གསོལ། །ལྷ་མཆོག་མཧཱ་ཀཱ་ལ་གཤེགས་སུ་གསོལ། ལྷ་ཆེན་ནག་པོ༴ ཞིང་སྐྱོང་གཟི་ལྡན༴ བྲམ་ཟེའི་གཟུགས་ཅན༴ ཡུམ་ཆེན༴ ལས་མཛད༴ དམར་ནག༴ སེར་ནག༴ འཁོར་གྱི༴ དྲེགས་པ་སྡེ་བརྒྱད་འཁོར་བཅས་གཤེགས་སུ་གསོལ། །མ་ལུས་འཁོར་བཅས་འདིར་


TNT14_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་བདག་ལ་དགོངས། །རྣལ་འབྱོར་ཉམས་ཆགས་བསྐང་ཕྱིར་གཤེགས་སུ་གསོལ། །ཡང་ན། བསྟན་དགྲ་གནོད་བྱེད་འདུལ་ཕྱིར་གཤེགས་སུ་གསོལ། །ཞེས་པ་ལྟ་བུ་སྐབས་སུ་གང་བབ་དང་སྦྱར་ཏེ་ཤེས་པར་བྱའོ། །ཉེ་སྙིང་གི་མཐར། པདྨ་ཀ་མ་ལ་ཡ་སྟྭཾ། དེ་ནས་དངོས་གཞི་ལ། སྡོམ་ནི། མཆོད་བསྟོད་གཏོར་བསྔོ་མཆོད་བསྟོད་དང༌། །བཤགས་བསྟོད་གཏོར་བཤགས་ལན་བདུན་དང༌། །སླར་ཡང་བསྐངས་ཤིང་མཆོད་བསྟོད་དོ། །དེ་ཡང་མཆོད་བསྟོད། གཏོར་བསྔོ། སླར་ཡང་མཆོད་བསྟོད། བཤགས་བསྟོད། ཡང་གཏོར་བསྔོ་སྔོན་དུ་འགྲོ་བའི་བཤགསས་པ་ལན་བདུན། སླར་ཡང་བསྐང་བ་མཆོད་བསྟོད་རྒྱས་པ་སྟེ། དོན་ཚན་དྲུག་གོ །དང་པོ་ནི། བསྐང་རྫས་ལྟར་མཆོད་པ་བྱིན་གྱིས་བརླབས། གཏོར་སྐྱོང་སྐབས་འདིའི་མཆོད་ཕྲེང་འདི་ལ་རྔ་ཚིགས་བྱེད་དེ། འཇིག་རྟེན་ཁམས་ཀྱི་དགྲ་བགེགས་རྣམས། །བསྒྲལ་བའི་ཁྲག་གི་ཨརྒྷཾ་འདི། །ཞལ་བཞི་གཉན་པོའི་སྤྱན་སྔར་འབུལ། །དེ་རྗེས་ཁྲག་གི་ཨརྒྷཾ་ཞེས་པའི་ཚབ་ཏུ། དབང་ལྔ་མེ་ཏོག་འདི། སྤྱན་སྔར་འབུལ་གྱི་དོད་དུ་དབུ་ལ་འབུལ། དེ་བཞིན་དུ། ཚིལ་ཆེན་བདུག་སྤོས། ཤངས་ལ། ཞུན་ཆེན་མར་མེ་ཆེ། སྤྱན་ལ། འཁྲིས་པའི་དྲི་ཆབ། ཐུགས་ཀར། ཤ་རུས་ཞལ་ཟས། ཞལ་དུ། རྐང་གླིང་རོལ་མོ། སྙན་ལ། ཞེས་བརྗོད། རོལ་ཆེན་གྱི་སྒྲ་ལ། ཨརྒྷཾ་ནས། ཤཔྟའི་བར་གྱི་སྔགས་བརྗོད། ལྔ་ལྔ་ལྔ་ཡི་དམ་རྫས་འདི། །ཡེ་ཤེས་བདུད་རྩི་ཨ་མྲྀ་ཏ། །འདོད་ཡོན་


TNT14_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ལྔ་རྫོགས་པར་སྤྲུལ། །སྟོབས་འཕྲོག་ནག་པོའི་ཞལ་དུ་འབུལ། །མཆོད་སྤྲིན་རི་ལ་མཾ་སའི་ཐང༌། །ཕྱོགས་བཅུར་རྦ་ཀླུང་གཡོ་བ་ཡི། རཀྟའི་རྒྱ་མཚོ་བཅུད་ཀྱི་མཆོག །སྟོབས་འཕྲོག་འཁོར་དང་བཅས་ལ་འབུལ། །ཉམས་ཆགས་བསྐང་ཕྱིར་བཞེས་སུ་གསོལ། །རོལ་མོའི་སྐབས། སྙིང་པོའི་མཐར་འབྲུ་གསུམ་བཏགས། སྐུ་གསུམ་མངོན་གྱུར་རྡོ་རྗེ་འཆང་དབང་གི །རྣམ་གསུམ་བསྟན་པ་སྤེལ་ཞིང་བསྲུང་བའི་ཕྱིར། །དུག་གསུམ་བདུད་དཔུང་མ་ལུས་འཇོམས་མཛད་པ། །འཕྲུལ་གསུམ་མངའ་བ་ཁྱོད་ལ་ཕྱག་འཚལ་བསྟོད། ཁམས་གསུམ་མེ་ལྕེ་དམར་ནག་འབར་བའི་དབུས། །སྟོང་གསུམ་ཟིལ་གནོན་ཞིང་སྐྱོང་རྒྱལ་པོའི་སྐུ། །ས་གསུམ་འདར་བྱེད་ཁྲོ་གཏུམ་རྔམ་བརྗིད་ཆེ། །སྲིད་གསུམ་དབང་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་ངོ་བོ་བླ་མ་དང༌། །སྒོ་གསུམ་རྡོ་རྗེས་བསྲུངས་པ་བདག་ཅག་ལ། །ལུས་ངག་ཡིད་གསུམ་སྡང་བས་རབ་འཁྲུགས་པའི། །དགྲ་བགེགས་ལོག་འདྲེན་རྣམ་གསུམ་ཚར་གཅོད་མཛོད། །ཅེས་སོ། །ཨོཾ་མཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ་ས་མ་ཡ་སྨ་ར་ས་མ་ཡ། མ་ཏི་ཀྲ་མ་ཡེ། ས་མ་ཡ་རཀྵནྟུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པ་ཕོ་ཉ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་སངས་རྒྱས་སྲས་བཅས་ཀྱི་བཀའ་དང་དམ་ལས་


TNT14_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

མ་མདའ་བར། དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕངས་བསྟོད་ཁྱད་པར་དུ་བསྟན་པ་དང་བསྟན་པ་འཛིན་པ་རྣམས་དང༌། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བ། ལམ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི། བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བས་འདུལ་དུ་མ་འཚལ་ན། གང་ལ་གང་འཚམས་པའི་ཆད་པས་བཅད་པ་དང༌། བསྐྲད་ཅིང་གཟིར་བ་དང༌། །དབྱེ་བ་དང༌། སྡིགས་ཤིང་དཔའ་སྐོང་བར་མཛོད་དུ་གསོལ། མདོར་ན་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། བསམ་སྦྱོར་ཆོས་དང་མཐུན་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང༌། བསྟན་པ་དང༌། བསྟན་པ་འཛིན་པ་དང༌། འཇིག་རྟེན་དུ་བདེ་ལེགས་རྒྱས་པར་མཛད་དུ་གསོལ། འདིའི་སྔགས་ཀྱི་སྐབས་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་སྟོན་ཏེ་དམ་ལ་འཇོག་གོ །གཉིས་པ་ནི། དེ་ནས་དབུས་ཀྱི་གཏོར་མ་ལ་དམིགས་ཏེ། བསངས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་མ་ལུས་པ་བསྒྲལ་བ་ལས་བྱུང་བའི་མཾ་སའི་ས་གཞི། རུས་པའི་རི་བོ། རཀྟའི་རྒྱ་མཚོ་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ། ཟག་མེད་བདུད་རྩིའི་རང་བཞིན་ཡེ་ཤེས་རྣམ་པ་ལྔའི་ངོ་བོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿས་ཁ་གསོའོ། །འདི་ཐོབ་ཐང་གཏོར་ཆེན་


TNT14_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡིན་ཡང༌། གཏོར་སྐྱོང་ལ་ཡང་བྱེད་དོ། །དེ་ནས་སྔགས་རིང་ཚར་གསུམ་མམ་བདུན་གྱིས་གཙོ་བོ་ཡབ་ཡུམ་རྣམས་ལ་ཕུལ། གཏོར་མ་གཞན་རྣམས་ཨ་ཀཱ་རོའི་སྔགས་ཉི་ཤུ་རྩ་གཅིག་གིས་དྲེགས་པ་ཕོ་མོ་མཐའ་དག་ལ་བསྔོ། གསུམ་པ་ནི། ཧཱུཾ་དུར་ཁྲོད་ཆེན་པོའི་གནས་བརྒྱད་དང༌། ཁྱད་པར་བྱང་ཤར་འཇིགས་པའི་གནས། །བསིལ་བའི་ཚལ་སོགས་ཐམས་ཅད་ནས། །ཆོས་སྐྱོང་མགོན་པོ་ཞལ་བཞི་པ། །སྤྱན་འདྲེན་གནས་སུ་ད་ཚུར་བྱོན། ཁྱད་པར་དོ་ནུབ་གནས་འདིར་བྱོན། །འཕྲིན་ལས་སྒྲུབ་ཕྱིར་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་རྟེན་རྣམས་འཛུགས། །མཆོད་ཡོན་མེ་ཏོག་བདུག་སྤོས་དང༌། །མར་མེ་དྲི་ཆབ་ཞལ་ཟས་དང༌། །རོལ་མོ་བླ་བྲེ་འཕན་དང་གདུགས། །ཤེས་རབ་མ་ད་ན་ཡི་ཆང༌། །ཐབས་མཆོག་མཾ་ས་བཱ་ལིཾ་ཤ །དམ་རྫས་རྒྱན་གྱི་ཚོགས་ཕུད་འདི། །དཔལ་ལྡན་མགོན་པོའི་ཞལ་དུ་འབུལ། །དམ་ཚིག་ལྡན་པའི་ཚོགས་ཁང་ན། །ས་ནག་སྟེང་ན་ཐོད་ནག་སྣོད། །མི་ནག་ཤ་ལ་ཁྲག་ཕྱུང་བ། །བསུར་ནག་དྲི་ལ་དར་ནག་ཕོད། དཀར་གསུམ་དངར་གསུམ་རྒྱན་གྱིས་བརྒྱན། །ཤ་ལྔ་བདུད་རྩི་ལྔར་ལྡན་པའི། །དམ་རྫས་རྒྱན་གྱི་གཏོར་མ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །གཉིས་མེད་བདུད་རྩིར་བྱིན་རླབས་ནས། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང༌། །སྩོལ་ཞིག་དགོངས་ཤིག་དགེས་མཛོད་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་མཛོད། །བར་ཆད་བདུད་དང་འགལ་རྐྱེན་སྤོངས། དཀོན་མཆོག་


TNT14_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་དབུ་འཕང་བསྟོད། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །ཞེས་རོལ་ཆེན་དང་བཅས་ནམ་མཁའ་མཛོད་ཀྱི་སྔགས་བརྗོད། ཧཱུཾ་རྒྱལ་བ་ཀུན་གྱི་ཐུགས་ལས་སྤྲུལ་པའི་སྐུ། །ཐུགས་རྗེས་དྲག་ཏུ་ཁྲོས་པ་རྔམ་པའི་སྐུ། །སྡིག་ཅན་ཚོགས་རྣམས་ཐལ་བར་མཛད་པའི་སྐུ། །ཡེ་ཤེས་གཟི་འོད་ཕྱོགས་བཅུར་རྒྱས་པའི་སྐུ། །ནག་པོ་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། ཁྱེད་སྐུ་ལྷུན་པོའི་དཔལ་ལྟར་རབ་ཏུ་བརྗིད། ཁྱོད་གསུང་འབྲུག་སྟོང་ལྡིར་འདྲའི་ཧཱུཾ་སྒྲ་སྒྲོག ཁྱོད་ཐུགས་རྒྱ་མཚོ་ནམ་མཁའ་ལྟ་བུར་ཡངས། ཁྱོད་ཀྱི་ཡོན་ཏན་བསམ་འཕེལ་རིན་པོ་ཆེ། །འཕྲིན་ལས་ཕྱོགས་བཅུར་རྒྱས་ལ་ཕྱག་འཚལ་བསྟོད། །ཡུམ་ཆེན་བཞི་དང་ལས་ཀྱི་བཤན་པའི་ཚོགས། །མ་ལུས་འཁོར་བཅས་རྣམས་ལའང་བསྟོད་པ་འབུལ། །བཞི་པ་ནི། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །རྩ་ལྟུང་དང་པོས་གོས་པ་རྣམས། །མཐོལ་ལོ་བཤགས་སོ་དག་པར་མཛོད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །རྩ་ལྟུང་གཉིས་པས་གོས་པ་རྣམས། །མཐོལ་ལོ་བཤགས་སོ་དག་པར་མཛོད། །ཅེས་པ་ནས། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །བཅུ་བཞི་པ་ཡིས་གོས་པ་རྣམས། །མཐོལ་ལོ་བཤགས་སོ་དག་པར་མཛོད། །མཐུ་ཆེན་སྡང་བ་དགྲ་ཡི་དགྲ། །ཕས་རྒོལ་མུ་སྟེགས་བདུད་


TNT14_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདུད། །ཞལ་བཞི་མངའ་བ་ལྷ་ཡི་ལྷ། ཁྱེད་ལ་བདག་གིས་བསྟོད་པས་བསྟོད། །འདིར་གཤེགས་འདིར་བྱོན་དམ་ལ་མནོས། །འདིར་གཤེགས་འདིར་བྱོན་མཆོད་པ་བཞེས། །འདིར་གཤེགས་འདིར་བྱོན་འཕྲིན་ལས་མཛོད། །འདིར་གཤེགས་འདིར་བྱོན་བཟོད་པར་བཞེས། །བདག་ཅག་དམ་ལྡན་སློབ་མར་བཅས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ནག་པོ་ཆེན་པོ་ཁྱོད་ཀྱིས་སྲུངས། །འཕྲིན་ལས་རྣམ་བཞི་གྲུབ་པར་མཛོད། །དེ་ལྟར་བཤགས་པ་དང་བསྟོད་པ་སྦྲེལ་བ་དེ་ཚར་གསུམ་བྱའོ། །ལྔ་པ་ནི། གཏོར་མ་རྣམས་ཁ་གསོས་བྱིན་རླབས་གོང་ལྟར་བྱས་ཏེ། འབུལ་ཚུལ་ཡང་སྔ་མ་དང་འདྲ། སླར་ཡང་བསྐང་བའི་དཀྱུས་ན་ཡོད་པ་བཞིན། ཧཱུཾ་རྩ་རྒྱུད་བླ་མའི་ཚོགས་རྣམས་དང༌། །ཞེས་པ་ནས། དག་ཚངས་ཆེན་པོ་མཛད་དུ་གསོལ། །ཞེས་པའི་བར་བརྗོད་ནས་ཡིག་བརྒྱ་ཚར་གསུམ་བཟླ། དེ་ལྟར་ན་གཏོར་མ་ཁ་གསོ། བྱིན་རླབས། གཏོར་འབུལ་བཤགས་པ་ཡིག་བརྒྱ་རྣམས་ཁྲིགས་ཆགས་སུ་བྱས་པ་དེ་ལན་བདུན་བྱའོ། །དྲུག་པ་སླར་ཡང་བསྐང་བ་མཆོད་བསྟོད་ནི། བསྐང་རྫས། ཨ་མྲྀ་ཏས་བསངས་པ་ནས་གཟུང༌། རྣལ་འབྱོར་བཅོལ་བའི་ལས་མཛོད་ཅིག །ཅེས་པའི་བར་བསྐང་བ་རྒྱས་པ་ཉིད་བྱ་ལ། ཡང་གོང་དུ་བསྐང་བ་བྱས་ཟིན་ན། སྟོབས་ཆེན་ཤུགས་དྲག་ནས། རྣལ་འབྱོར་སྐྱོང་ཕྱིར་བསྣམས་སུ་གསོལ། །ཞེས་པའི་བར་དུ། ཕྱག་མཚན་དང་རྟེན་ཕུལ། ཨོཾ་མཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ་ས་པ་རི་ཝཱ་རེ་བྷྱཿ ཨརྒྷཾ་སོགས་ནས་ཤཔྟ་ཨཱཿཧཱུཾ། སྙིང་པོའི་


TNT14_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། ཨོཾ་ཨཱཿཧཱུཾ་ནང་མཆོད་ཕུལ། བར་འདིར་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་ཟེར་བའི་བསྟོད་པ་དེ་མཛད་པར་སྣང་ངོ༌། །རྡོ་རྗེ་འཆང་གིས་བཀའ་བསྒོས་པའི། །སོགས་དང༌། རྒྱལ་བ་ཀུན་སོགས་ཀྱིས་ཀྱང་བསྟོད་དེ། དེ་ནས་བར་འདིར་གཏོར་བསྔོ་གཞན་དགོས་པ་རྣམས་དང་མཁའ་འགྲོ་སྤྱི་གཏོར། གཞི་བདག་གཏོར་མ་སོགས་བཏང་ངོ༌། །དེས་གཏོར་མ་སྒྲུབ་པ་དངོས་གཞིའི་ཆོ་ག་བསྟན་ཟིན་ཏོ། །གལ་ཏེ་ཉམས་ཆགས་ཤིན་ཏུ་ཤས་ཆེ་ན། རྡོ་རྗེ་སེམས་དཔའི་བུམ་སྒྲུབ་བམ། གྲིབ་སེལ་གྱི་བུམ་སྒྲུབ་གང་ཡང་རུང་བ་ཞིག་བྱས་ལ། རང་གི་སྙིང་གར་སྙིང་རིན་པོ་ཆེ་པདྨ་དམར་པོ་འདབ་བརྒྱད་ཁ་གྱེན་བསྟན། གློ་བ་རིན་པོ་ཆེ་པདྨ་དཀར་པོ་འདབ་བརྒྱད་ཁ་ཐུར་བསྟན། ཁ་སྦྱོར་བར་མཚམས་མེད་པའི་ནང་དུ། རྩ་བའི་བླ་མ་མི་བསྐྱོད་པ་ཧེ་རུ་ཀའི་རྣམ་པ་ཅན་དུ་བཞུགས། ཧེ་རུ་ཀའི་ཡི་གེ་བརྒྱ་པ་གང་མང་བཟླས་ཞིང༌། མཐར། མཧཱའ་ཀཱ་ལ་ཙ་ཏུར་མུ་ཁ་ས་མ་ཡ་མ་ནུ་སོགས་མགོན་པོའི་ཡི་གེ་བརྒྱ་པ་ཡང༌། ཉི་ཤུ་རྩ་རེ་སོགས་ཇི་ལྟར་འོས་པ་བཟླས་ནས། བུམ་པ་ལ་དམིགས་ཏེ། ཨོཾ་བི་ཤུདྡྷེ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་སྭཱ་ཧཱ། ཞེས་ཀྱང་མང་དུ་བཟླས་ཏེ། གཏོར་སྣོད་རིན་པོ་ཆེའི་གཞལ་ཡས་ཁང་དུ་ཆོས་སྐྱོང་འཁོར་བཅས་བསྐྱེད་ནས། ཁྲུས་ཆུ་གཏོར་མ་ལ་ལྡུགས་ཤིང༌། ཁྲུས་གསོལ་གྱི་འདོན་པ་སྤྱི་དང་འདྲ་བར་བྱའོ། །འདི་ཇོ་བོ་རྗེས་མགོན་པོ་སེང་ཞོན་གྱི་མན་ངག་བླངས་པ་ཡིན་ནོ། །དེ་ནས་གཏང་རག་དགའ་སྟོན་དཔའ་བོའི་སྟོན་མོ་བྱས་ལ་མཐར། དབང་དང༌། རྒྱས་པ་དང༌། ཞི་བ་སྤྱི་ལ་བསྡུ་ན་ཁང་སྟེང་དུ། སྤྱི་


TNT14_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས་ཙམ་གྱིས་ཕུལ་ཀྱང་ཆོག་ལ། སྤྲོ་ན་ཁང་སྟེང་དུ་ཆོ་ག་ད་ལྟར་འཆད་འགྱུར་ལྟར་བྱས་ཀྱང་རུང་ངོ༌། །ཡང་ལར་ནས་ཞི་བ་སོགས་ཡིན་ཀྱང༌། དམིགས་གསལ་བཟློག་པ་ལྟ་བུ་ལ་གཏོར་མ་རྣམས་གོ་མཚོན་རོལ་མོ་དང་བཅས་པས་ཁྱེར་ཏེ། གནོད་བྱེད་ཀྱི་ཕྱོགས་སམ་བཞི་མདོ་སོགས་སུ་མེ་ཏོག་གི་ཚོམ་བུ་དགུ་བཀོད་པའི་སྟེང་དུ་སྟེགས་བུ་ལ་བཞག །ཆུ་ཆང་ནང་མཆོད་ཀྱིས་བྲན། སྤྱན་འདྲེན་ཚིགས་བཅད་རྒྱས་བསྡུས་ཇི་ལྟར་འོས་པ་བྱ། གདན་འབུལ་དམ་བཞག །སྔགས་རིང་གིསགཏོར་མ་བསྔོ། མི་རྟོག་དབྱིངས་ལས་ཐུགས་རྗེའི་སྐུར་བཞེངས་ཤིག་ནས། གདོང་བཞི་ཏེ་སེའི་ཞིང་སྐྱོང་མཛད་ལ་བསྟོད། །མདོག་ནག་མེའི་དབུས་ནས་ཕྱག་བཞི་པ། །གྲི་ཐོད་རལ་གྲི་མི་རུས་ཕྲེང་བ་འཛིན། །མཁའ་འགྲོ་བཞི་དང་དྲེགས་པའི་འཁོར་གྱིས་བསྐོར། །གཡོག་དང་བཅས་ལ་གུས་པས་ཕྱག་འཚལ་བསྟོད། །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །ཞེས་སོགས་བྱ། འདི་སྟབས་གཏོར་དགྲ་ཕྱོགས་སུ་གཏོང་བ་ཙམ་ཀ་ཡིན་པས། སྒོ་དབྱེར་འཕྲང་སོལ་གསེར་སྐྱེམས་ཟོར་ལམ་དབྱེ་བ་སོགས་གལ་མི་ཆེ་ལ། ཅི་སྟེ་སྤྲོས་པ་ལ་མོས་ན། གསེར་སྐྱེམས་དང༌། ལམ་སེལ་ཅུང་ཟད་བྱས་ཀྱང་མི་འགལ་ལོ། །ཐོག་མར་སྤྱི་སྟབས་བྱ་སྟེ། ཧཱུཾ་ལྷ་ཆེན་ཐུགས་ཀྱི་སྤྲུལ་པ་དྲག་ཤུལ་ཅན། །སྲིད་གསུམ་དབང་སྒྱུར་ཞིང་སྐྱོང་འཇིགས་པའི་སྐུ། ཁམས་གསུམ་སྲོག་གི་མངའ་བདག་ཡུམ་ཆེན་བཞི། །གསོད་བྱེད་དྲེགས་པ་ཕོ་ཉའི་ཚོགས་དང་བཅས། །སྣང་སྲིད་དྲེགས་པ་སྡེ་བརྒྱད་


TNT14_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས། །འདིར་གཤེགས་རྒྱན་གྱིས་གཏོར་མ་འདི་བཞེས་ཤིག །ཅེས་སོགས་སྤྱི་དང་མཐུན་པར་སྦྱར་ནས་རོལ་ཆེན་ཡུན་རིང་དུ་བྱའོ། །དེ་ནས་གཏོར་མ་དགྲ་ཕྱོགས་སུ་གཏོང་ན། རོལ་མོ་དྲག་ཏུ་བསྐུལ་ཞིང༌། ཧཱུཾ་བྷྱོཿ རིག་འཛིན་བརྒྱུད་པའི་བཀས་བསྐུལ་ཞིང༌། །དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། །ཆོས་སྐྱོང་སྲུང་མའི་དམག་དཔུང་འགྱེད། །བྷྱོཿབྷྱོཿ དེ་ནི་དགྲ་ལ་བྷྱོཿ ཆོས་ཆོས་དེ་ནི་དགྲ་ལ་ཆོས། །འགྲེས། ནུས་མཐུ་རྨད་བྱུང་སྲུང་མའི་གཙོ། །གདོང་བཞི་མགོན་པོ་འཁོར་དང་བཅས། །རུ་མཚོན་དགྲ་བོའི་ཡུལ་དུ་འགྱེད། །བྷྱོ༴ ཆོས༴ ཞལ་བཞིའི་ཀློང་ནས་མེ་འབར་ཞིང༌། །ཕྱག་བཞིས་འཇིགས་པའི་མཚོན་ཆ་བསྡིགས། །ཞབས་གཉིས་དོར་སྟབས་བསྐྱོད་བཞིན་དུ། །བྷྱོ༴ ཆོས༴ ཡུམ་ཆེན་བཞིའི་དཔུང་བསྡུས་ནས། །ནག་མོ་འབར་མ་མ་མོའི་ཚོགས། །ནད་ཡམས་དལ་ཡམས་བདག་མོ་རྣམས། །བྷྱོ༴ ཆོས༴ མ་རུ་རྩེའི་དུར་ཁྲོད་ནས། །བཤན་པའི་རྒྱལ་པོ་ཟངས་ཁྲབ་ཅན། །རུ་མཚོན་གློ་སྙིང་ཐོགས་ནས་ཀྱང༌། །བྷྱོ༴ ཆོས༴ ཟངས་གྲི་ཀླད་ལ་བསྐོར་ཞིང་འགྱིང༌། །རྒྱུ་ཞགས་འདོམ་དགུ་འཕེན་ཞིང་རྒྱུག །ཕོ་བདུད་བཤན་པ་ནག་པོ་བདུན། །བྷྱོ༴ ཆོས༴ ཟངས་ཀྱི་ཁྱི་མོ་ཁྲག་ཁ་མ། །ལན་བུ་ཅན་གྱི་མ་མོ་བདུན། །དགྲ་བོའི་བླ་སྲོག་ལེན་པའི་ཕྱིར། །བྷྱོ༴ ཆོས༴ དམར་ནག་ཁྲག་གི་རལ་པ་ཅན། །གྲི་ཕུབ་སྐོར་ཞིང་བསྐྱོད་


TNT14_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་ཀྱིས། །དགྲ་བོའི་བདུན་བརྒྱུད་གཅོད་བྱེད་པ། །བྷྱོ༴ ཆོས༴ ཕོ་བདུན་མོ་བདུན་སྤྲུལ་པ་བདུན། །ལས་བྱེད་བཤན་པ་ཉེར་གཅིག་ཚོགས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །བྷྱོ༴ ཆོས༴ གཞན་ཡང་མགོན་པོའི་བཀའ་ཉན་པ། །དཔལ་མགོན་བདུན་བཅུ་རྩ་ལྔའི་ཚོགས། །རང་འཁོར་དམག་དཔུང་ལྡན་པ་ཡང༌། །བྷྱོ༴ ཆོས༴ སྟེང་ནས་སྤྲུལ་པའི་དམག་དཔུང་ནི། །ལྷ་དམག་འབུམ་སྡེ་བརྒྱ་བྱིན་བཅས། །ས་སྲུངས་ཞོན་པའི་མཐུ་བོ་ཆེ། །བྷྱོ༴ །ཆོས༴ བར་ནས་སྤྲུལ་པའི་དམག་དཔུང་ནི། །བདུད་དམག་འབུམ་སྡེ་ཁྱབ་འཇུག་བཅས། །མཁའ་ལྡིང་ཞོན་པའི་མཐུ་བོ་ཆེ། །བྷྱོ༴ ཆོས༴ འོག་ནས་སྤྲུལ་པའི་དམག་དཔུང་ནི། །ཀླུ་གཉན་འབུམ་སྡེ་ལྟོ་འཕྱེར་བཅས། །སྤྲུལ་ནག་ཞོན་པའི་མཐུ་བོ་ཆེ། །བྷྱོ༴ ཆོས༴ བར་སྣང་ཁམས་ལ་དབང་བསྒྱུར་བ། །སྡེ་བརྒྱད་དབང་བསྒྱུར་རཱ་ཧུ་ལ། །མཧཱ་དེ་བ་དྲག་ཤུལ་ཅན། །བྷྱོ༴ ཆོས༴ འདི་ལྟར་ཁྱེད་ལ་བསྐུལ་བ་ཡང༌། །ཤཱཀྱའི་བསྟན་ལ་གནོད་བྱེད་པའི། བདུད་སྡེའི་བསམ་སྦྱོར་ངན་པ་རྣམས། །འདི་ཡང་དམར་ཆེན་གཏོར་མས་བཟློག །ལས་ངན་གཞན་འཕྲུལ་དབང་བྱེད་མཐུས། །ཆོས་མིན་ཆོས་ལྟར་བཅོས་པའི་བློས། །ཉིན་མཚན་བདུད་ཀྱི་འཁོལ་བ་མཐོང༌། །འདི་ཡང་༴ བླ་མ་རྡོ་རྗེ་སློབ་དཔོན་ལ། །སྨོད་ཅིང་བཤུད་པའི་སྡིག་ལྟ་མཁན། །ལས་ངན་འབྱུང་པོས་མནར་བ་ཡང༌། །འདི་ཡང་༴ སྐུ་གསུང་ཐུགས་


TNT14_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགལ་རྐྱེན་ལ། །སྤང་བྱ་མི་མཐུན་ཕྱོགས་རྣམས་དང༌། །བྱད་ཁ་རྦོད་གཏོང་མ་ལུས་པ། །འདི་ཡང་དམར་ཆེན་གཏོར་མས་བཟློག །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །གཞན་གྱི་བསམ་སྦྱོར་ངན་པ་ཡིས། །བྱད་ཁ་ཕུར་ཁ་གནོད་པའི་ཚོགས། །འདི་ཡང་དམར་ཆེན་གཏོར་མས་བཟློག །རྨི་ལྟས་རྩུབ་ཅིང་མཚན་མ་ངན། །མོ་ངན་ཕྱོགས་ངན་ལོ་སྐེག་དང༌། །རྒྱུ་སྐར་ངན་པའི་སྦྱོར་བ་རྣམས། །འདི་ཡང་དམར་ཆེན་གཏོར་མས་བཟློག །མོན་མོ་བསེའི་རྣ་ཆ་ཅན། །ལག་ན་ཐུན་དང་དུག་ཕྱེ་ཐོགས། །དེ་ནི་མ་མོའི་རྦོད་གཏོང་སྟེ། །འདི་ཡང་༴ ཧ་ལ་ནག་པོ་འཇིགས་པའི་གཟུགས། །རྒྱུ་རློན་ག་ཤ་ལུས་ལ་ཐོགས། །དེ་ནི་གཤིན་རྗེའི་རྦོད་གཏོང་སྟེ། །འདི་ཡང་༴ ནམ་མཁའ་གློག་དང་སེར་ཕྲན་འཁྲིགས། །རི་བོའི་རྩེ་ནས་ཐོགས་འབབ་པ། དེ་ནི་ཕུར་པའི་རྦོད་གཏོང་སྟེ། །འདི་ཡང་༴ སྟོང་གསུམ་མིག་གིས་གང་བའི་གཟུགས། །འུར་འུར་སྒྲ་སྒྲོག་མཁའ་ལ་བསྐྱོད། །དེ་ནི་གཟའ་མཆོག་རྦོད་གཏོང་སྟེ།འདི་ཡང་༴ གཙུག་ལག་འཇིག་ཅིང་གླེགས་བམ་འཁུར། །སྐུ་གཟུགས་གཡོ་ཞིང་མཆི་མ་འཛག །དེ་ནི་མུ་སྟེགས་རྦོད་གཏོང་སྟེ། །འདི་ཡང་དམར་ཆེན་གཏོར་མས་བཟློག །མཐུ་སྟོབས་དབང་ཕྱུག་ལྷ་ཡི་ལྷ། ཁྱོད་ཀྱིས་མི་བཟློག་གང་ཡང་མེད། །བྱད་ཁ་རྦོད་གཏོང་གནོད་པའི་ཚོགས། །ཐམས་ཅད་དམར་ཆེན་གཏོར་མས་བཟློག །


TNT14_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྔོན་ལས་འཕྲན་རྐྱེན་གྱུར་པ་ཡི། །ནད་གདོན་མི་མཐུན་ཕྱོགས་རྣམས་ཀུན། །བཟློག་སྒྱུར་འཕྲིན་ལས་གཉན་པོ་མཛོད། །ཅེས་པའི་མཐར་རྩ་སྔགས་དཀྱུས་མ་དང༌། །བསད་སྔགས་རིང་ཐུང་གང་རུང་དང་བཅས། གཏོར་མ་དེ་ཉིད་དེ་ཀར་དགྲ་ཕྱོགས་སུ་རྩེ་བསྟན་ནས་འཇོག་པའམ། ཡང་ན་གཏོར་སྟེགས་སུ་བཞག་གོ །ཡང་དེཉིད་ནས་ཟོར་དུ་འཕང་པའི་ལུགས་ཀྱང་ཡོད། ཡང་གཏོར་མའི་སྙིང་པོ་རྩེ་མོ་དགྲ་ཕྱོགས་སུ་བསྟན། གཞན་རྣམས་འཕེན་པའི་ལུགས་ཀྱང་འདུག །གཏོར་མ་དགྲ་ཕྱོགས་སུ་མི་གཏོང་བའི་ཕྱོགས་ལ། དྲག་བསྐུལ་ནི་མི་དགོས། སྤྱི་སྟབས་ཀྱི་མཐར་གཏོར་མའི་སྙིང་པོ་མ་སྒྱེལ་བར་འཐེབ་ཀྱུ་སོགས་ཐུར་ལ་ཉིལ་དུ་འཇུག་པའི་སྲོལ་ཡོད་དོ། །དེ་ནས། སྲིད་ཞིའི་དཔལ་ཡོན་སོགས་དགེ་ལེགས་ཀྱི་ཚིག་བརྗོད། ནང་དུ་ཡོང༌། མཆོད་པ་ཁ་གསོས་བྱིན་གྱིས་བརླབས། འཇིག་རྟེན་ཁམས་ཀྱི་སོགས་གོང་བཞིན་ལས། འཕྲིན་ལས་སྒྲུབ་ཕྱིར་བཞེས་སུ་གསོལ། ཞེས་འདོན་པ་སྤོས་ནས་མཆོད་པ་འབུལ། ཧཱུཾ་ཡོན་ཏན་མྱུར་རྫོགས་དངོས་གྲུབ་མངའ་བའི་ལྷ། །མ་ལུས་རྨད་བྱུང་ཕན་པའི་དགོངས་པ་ཅན། །འཕྲིན་ལས་རྣམ་བཞིས་བདུད་དཔུང་ཚར་གཅོད་པའི། །ལེགས་ལྡན་མགོན་པོ་འཁོར་དང་བཅས་ལ་འདུད། །མི་རྟོག་དབྱིངས་ལས་ཐུགས་རྗེས་སྐུར་བཞེངས་ཤིག །འབྱུང་བ་གུར་ཆེན་བརྩེགས་པའི་གཞལ་ཡས་ནས། །བདེ་གཤེགས་བཀའ་ཡི་སྲུང་མ་དམ་ཚིག་ཅན། །རྡོ་རྗེ་ནག་པོ་ཆེན་པོ་དབྱིངས་ནས་


TNT14_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

གཞེངས། །དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ཞིང༌། །མཆེ་བ་གཙིགས་ཤིང་མཆུ་འཆང་ཤུགས་ཆེ་བ། །སྒྲ་སྒྲོག་དྲིལ་བུའི་འཕྲེང་བས་བརྒྱན་པ་ཡི། །གདོང་བཞི་ལྡན་ཁྱོད་ཏེ་སེའི་ཞིང་སྐྱོང་མཛད། །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ནག་པོ་ཆེན་པོ་ཞལ་བཞི་པ། །ཡུམ་ཆེན་སྲིང་མོ་བཞི་དང་བཅས། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་དག་གིས་མཆོད། །རྒྱལ་བའི་བསྟན་པ་སྐྱོང་བ་དང༌། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཡིག་བརྒྱ། བཟོད་གསོལ། རྟེན་ལ་བརྟན་བཞུགས། མགྲོན་གཤེགས་གསོལ་རྣམས་བྱའོ། །དམ་ཚིག་པ་རང་ལ་སྟིམ། སྨོན་ལམ་དང༌། བཀྲ་ཤིས་རྣམས་ཀྱང་བྱའོ། །འདི་ཉིད་དཀྱུས་ཀྱི་གཏོར་སྐྱོང་ཉམས་ལེན་འཇམ་པོའི་ལུགས་གཙོ་བོར་གྱུར་པ་ཡིན་པས། ཡང་ཡང་སྒྲུབ་ན་ལེགས་ཤིང༌། དེ་ཡང༌། ཉིན་ཞག་མང་པོར་སྦྲེལ་ཏེ། སྒྲུབས་ན་བཟང་བས་ཞག་སྔ་མ་རྣམས་ལ་དངོས་གཞིའི་ས་བཅད་དྲུག་པོ་རྣམས་རྫོགས་པར་བྱ། ཁྲུས་གསོལ་ཉིན་རེ་བཞིན་བྱེད་མི་བྱེད་སྐབས་དང་སྦྱར། ཐུན་གྱི་མཐར། རྗེས་ཆོག་ནི། མཆོད་བསྟོད། གསོལ་བཏབ། ཡིག་བརྒྱ། བཟོད་གསོལ། བརྟན་བཞུགས་རྣམས་བྱ། འདི་དག་ཏུ་གཏོང་མགྲོན་གཤེགས་གསོལ་མི་དགོས། སྨོན་ལམ་དང་བཀྲ་ཤིས་ཇི་ལྟར་འོས་པའོ། །དེ་དག་ནི་གཏོར་སྒྲུབ་བམ་གཏོར་སྐྱོང་ལག་ཏུ་བླངས་བའི་རིམ་པ་མདོ་ཙམ་དུ་བཤད་ཟིན་ཏོ།། །།བཀྲ་ཤིས། །


previousཞིང་སྐྱོང་གཟི་ལྡན་དབང་ཕྱུག་གི་གཏོར་མ་ཆེན་པོ་སྒྲུབ་འཕེན་གྱི་ལག་ལེན་ཆོ་ག་ལས་བཞི་ལྷུན་གྲུབ།next