Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནག་པོ་གདོང་བཞི་པའི་གཏོར་མའི་ལས་རིམ་ཞི་དྲག་ཉེར་མཁོ་ཙམ་གསལ་བར་བརྗོད་པ་ལས་བཞི་ལྷུན་གྲུབ། ༄
   
   
   
   
   
   
   
   
   
   
   
   
   


 
previousནག་པོ་གདོང་བཞི་པའི་གཏོར་མའི་ལས་རིམ་ཞི་དྲག་ཉེར་མཁོ་ཙམ་གསལ་བར་བརྗོད་པ་ལས་བཞི་ལྷུན་གྲུབ། ༄next

ནག་པོ་གདོང་བཞི་པའི་གཏོར་མའི་ལས་རིམ་ཞི་དྲག་ཉེར་མཁོ་ཙམ་གསལ་བར་བརྗོད་པ་ལས་བཞི་ལྷུན་གྲུབ། ༄


TNT14_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ད་ནི་གཏོར་ཆེན་དུ་


TNT14_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ། །དྲག་གཏོར་འཕེན་བར་འདོད་ན། །རྟེན་རྡོ་ཕྱག་མཚན་དང་བཅས་པ་བཤམས་དགོས་པར་འདོད་ཀྱང་འགྲུབ་ན་ནི་བཟང༌། མཐའ་གཅིག་ཏུ་ངེས་པ་མེད། ས་གཞི་ལ་གྲུ་གསུམ་མཐིང་ནག་མེ་འབར་བའི་དཀྱིལ་འཁོར་གྱི་དབུས་སུ་དགྲ་བགེགས་ཀྱི་ལིང་ག་བྲིས་པ་ཞིག རྡུལ་ཚོན་ཆུ་ཚོན་གང་རུང་གིས་འབྲི། ཉིན་རྒྱུགས་ཀྱི་གཏོར་མ་ལྟ་བུ་ཡོད་མེད་པ་དང༌། གནས་ཀྱི་ཁྱད་པར་ལས་འབྲི་སྟབས་མ་བདེ་ན། རས་བྲིས་ཀྱིས་ཀྱང་རུང༌། དེ་ཡང་མེད་ན་ཞིང་ལྤགས་བཏིང་ན་མཆོག་ཏུ་འགྱུར། སྟག་སོགས་གཅན་གཟན་གཏུམ་པོའི་པགས་པས་ཀྱང་རུང་ངོ༌། །དེའི་སྟེང་དུ་སྟེགས་བུ་མཐོ་བ། ལྕགས་སྣོད་ཆེན་པོར་འབྲུ་སྣ་ལྔའི་ཕྱེ་ལས། གཏོར་མ་ཆེན་པོ་བཅའ་སྟེ། རྒྱུ་བྲེ་ལྔ་ལས་ཆུང་བས་མི་རུང་ཟེར། དབྱིབས་ཐོག་ལྡེ་ལྟ་བུ་དུག་ཁྲག་རོ་སོལ་ལ་སོགས་པས་དམར་ནག་ཏུ་བྱུགས། །ཡུམ་བཞིའི་བཤོས་བུ་བྱེད་པའང་ཡོད། མཐའ་འཐེབ་ཀྱུའི་ར་བས་བསྐོར། དེ་ལ་རྩང་དང་ཐོད་དབྱུག་དང་ཡུངས་དཀར་དང་རྒྱུ་རློན་གྱི་ལྡ་ལྡིས་བརྒྱན། དྲག་པོའི་རྫས་ཀྱི་ཟས་སྣ་འབྲུ་སྣ་སྣ་ཚོགས་ཀྱིས་བླུག །ཟན་ལིང་དཀྱུས་མའམ། སྔགས་ཅན་ནམ། འཁོར་ལོ་ཅན་སོགས་གང་ཡིན་ཀྱང་རུང༌། མགོ་གཞུག་བཟློག་ལ་གཙུགས། དེ་ཡང་གཅིག་ངེས་པར་དགོས། ངོས་གསུམ་ལ་རེ་རེ་བྱས་ཀྱང་ལེགས། ཁོར་ཡུག་ཏུ་རྩང་ཉི་ཤུ་རྩ་གཅིག་དུག་ཁྲག་གིས་བྱུགས་པ་ཡིན། མདུན་དུ་དྲག་པོའི་མཆོད་པ་ཐམས་ཅད་སྒྲེངས་ཚར་དུ་བཤམས། སྒྲུབ་པ་པོའི་མདུན་དུ་འབྲུབ་ཁུང་རྩིགས་པའམ་བྲིས་པ་གང་རུང་སྤྱི་དང་མཐུན་པར་བྱ། རྩིགས་པ་ཡིན་ན་ཁ་ལ་རྩང་འཛུགས། དེར་བག་ཟན་ལ་བཅོས་པའི་དགྲ་བགེགས་ཀྱི་ལིང་ག་བཞག །དམིགས་གསལ་ཡོད་ན་རྐང་རྗེས་ཀྱི་ས་བསྲེ། སྐམ་ཐུན་རློན་ཐུན་


TNT14_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་ལུགས་སྤྱི་དང་མཐུན། རློན་ཐུན་ལ་དུག་རུ་བྱུང་ན་ལེགས་ཏེ་ངེས་པ་མེད། གཏོར་ཆེན་གྱི་རྒྱབ་ཕྱོགས་ཇི་ལྟར་འོས་པར། སྣོད་ལྔར་མཐེབ་ཀྱུ་དང་ཤ་དང༌། མཁུར་བ་དང༌། སྲན་བཙོས་དང༌། འབྲུ་ནག་གི་ཆན་སོགས། ཟས་སྣ་ཚོགས་ཀྱིས་གང་བ་བཞག །གཏོར་ཆེན་གྱི་མདུན་ཕྱོགས་སུ། ཀ་པཱ་ལའམ། ཞལ་བུ་ཁྲག་དང༌། ཆང་གིས་གང་བ་བགོད། གཞན་རྟེན་རྫས་སྤྱན་གཟིགས་སོགས་ཀྱང་རྒྱས་པར་བཀོད་པར་བྱའོ། །དེ་ནས་ཆོ་གའི་རིམ་པ་ལ། སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་རླབས། བདག་བསྐྱེད་བཟླས་པ་དང་བཅས་པ། ཡི་དམ་གྱི་མཆོད་གཏོར་རྣམས་སྔོན་དུ་བཏང་ནས། མགོན་པོའི་མདུན་བསྐྱེད། དམ་ཚིག་པ་བསྐྱེད་པ་དང། ཡེ་ཤེས་པ་སྤྱན་འདྲེན་པ་སྔར་བཞིན་བྱས་ལ། འཇིག་རྟེན་ཁམས་སོགས་ཀྱི་ཚིགས་བཅད་ལ། དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ། །ཞེས་འདོན་པ་སྤོ། ཨོཾ་མཧཱ་ཀཱ་ལ་ཙ་ཏུུ་ར་མུ་ཁ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ནས། ཤཔྟ་ཨཱཿཧཱུཾ་གི་བར་སོ་སོའི་མཐར་སྦྱར་ལ་སྔགས་དང་ཕྱག་རྒྱར་བཅས་པས་འབུལ། ཤཔྟའི་སྐབས་ཀྱི་རོལ་ཆེན་མ་གཏོགས་འདི་ལ་རྔ་ཚིགས་མི་བྱེད། དེ་ནས་དམ་བཞག་བྱ། བར་འདིར་སྙིང་པོ་ཉེ་སྙིང་སྔགས་རིང་རྣམས་ཅི་རིགས་པ་བཟླ་ཞིང༌། ཁྱད་པར་དུ་འདི་ཉིད་ཀྱི་བསད་སྔགས་ཆེ་ཆུང་གང་རུང་ཞིག །ཉེར་གཅིག་ཙམ་བཟླའོ། །དེ་ཡང༌། ཨོཾ་ཨུ་ཙ་ཊ་ཙ་ཊེ་སྭཱཧཱ། དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་མཧཱ་ཀཱ་ལ་བི་ཀཱ་ར་ཏྲི་ཏ་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཌོཾ་བི་ནི་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཙཎྜ་ལི་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། རཀྵ་སི་དགྲ་བོ་མཱ་


TNT14_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཡ་ཧཱུཾ་ཕཊ། སིང་ག་ལི་དྭི་བི་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ས་ཨི་ཡཾ་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ས་ཀ་ར་ལ་ཧི་ཡཾ་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ས་ཧུ་བཾ་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། གྷྲི་ཏ་ཀཱི་ལི་ཀཱི་ལ་ཡ་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། པི་བྷི་ཤ་ན་པ་ཏཱ་ཡ་ན་མཿདགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། དགྲ་བོ་ཆེ་གེ་མོ་དེ་བཱི་ཧ་ན་ཧ་ན། བྷནྡྷ་བྷནྡྷ། མ་ར་མ་ར། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵིཾ་ཀྵིཾ་ལེ་ཧི་བ་ལིང་དི་ཧི་སིདྡྷི། དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པའོ།།བསད་སྔགས་རིང་བ་ནི། ཨོཾ་ཨུ་ཙ་ཊ་ཙ་ཊེ་སྭཱཧཱ། དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་མཧཱ་ཀཱ་ལ་ཀཱ་ལ་བི་ཀཊྚ། ཀ་རཱ་ལ། ཞེས་པ་ནས། ཨུད་ཏ་ར་བུ་ར། ཞེས་པའི་བར་སྔགས་རིང་བརྗོད་ནས། དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཌོམྦི་ནི་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་ནས། དེ་ཧི་སིདྷི་དགྲ་བོ་མ་ར་ཡ་ཧཱུཾ་ཕཊ། ཨོཾ་མཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པའོ། །འདིར་བསད་སྔགས་རིང་ཐུང་ཞེས་པ་སྙིང་པོ་ལ་མགོ་འདྲེན་དང་ཤམ་བུ་བཏགས་པ་དང༌། རྩ་སྔགས་ལ་མགོ་འདྲེན་དང་ཤམ་བུ་མ་བཏགས་པའི་ཁྱད་པར་ཡིན་ལ། རིང་བའི་ནང་ན་སྙིང་པོའང་ཡོད་མོད་ཀྱི། རྩ་སྔགས་ཀྱི་འཇུག་སྡོམས་ཤམ་བུར་སྦྱར་བ་ཡིན་ནོ། །དེ་ལས་གཉིས་ཀ་བཟླ་བར་འདོད་ན། ཐུང་བ་གཙོ་བོར་བཟླ་ཞིང༌། ཆེ་བ་ཞར་བྱུང་དུ་བཟླའོ། །གང་ལྟར་ནའང་གཏོར་ཆེན་གྱི་སྐབས་འདིར་བསད་སྔགས་གང་རུང་ཞིག་ངེས་པར་བཟླ་དགོས་སོ། །དེ་ནས་མཆོད་བསྟོད་བསྡུས་པ་ཞིག་བྱའོ། །དངོས་གཞི་ལ་དང་པོ་གཏོར་མ་སྔོ་བ་ནི་ཉེ་སྙིང་གི་མཐར་ཨ་ཀཱ་རོ་བཏགས་པ་ལན་བདུན། ཌོམྦི་ནི་སོགས་བཏགས་པའི་སྙིང་པོ་ལ་ལན་གསུམ། ཨོཾ་ས་ཡི་ཡཾ་ས་ཀ་ར་ལ་ཧི་ཡཾ་ས་ཧུ་བཾ་གྷྲི་ཏ་ཀཱི་ལི་ཀཱི་ལ་ཡ། བྷི་བྷི་ཤ་ན་བ་ཏ་ཡེ། ཞེས་པ་ལ་ཨ་ཀཱ་རོ་བཏགས་པ་


TNT14_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། དེ་རྗེས་རྩ་སྔགས་རིང་མོ་ལན་གསུམ་མམ། བདུན་གྱིས་གཏོར་མ་འབུལ་བ་ནི་ཁྱད་པར་རོ། །གཉིས་པ་བཤགས་པ་ནི། ཡང་མཆོད་བསྟོད་བསྡུས་པ་ཅིག་བྱས་ལ། ཡིག་བརྒྱ་མང་དུ་བཟླས། གོང་གཏོར་སྐྱོང་གི་སྐབས་སུ་བཤད་པ་བཞིན། རྩ་ལྟུང་སོགས་ཀྱི་བཤགས་པ་ཚར་གཅིག་བྱ། གསུམ་པ་བརྟེན་འཛུགས་པ་ནི། གཡག་ནག་ལུག་ནག་ཕྱི་ཡི་བརྟེན་སོགས་དང༌། ཕྱག་མཚན་འབུལ་བ་ཡིན་ལ། བཞི་པ་མཆོད་པ་ནི། དུར་ཁྲོད་ཆེན་པོའི་གནས་བརྒྱད་སོགས་མཆོད་འཕྲེང་ཡིན། ལྔ་པ་བསྐང་བ་ནི། ལྷ་མཆོག་མའི་བསྐང་བ་རྣམས་ཡིན་ནོ། །དེ་ནས། དུར་ཁྲོད་ཆེན་པོའི་གནས་བརྒྱད་ཅེས་པ་ནས། སངས་རྒྱས་བསྟན་པ་གཉན་པོ་སྲུངས། །ཞེས་པའི་བར་མཆོད་འཕྲེང་སོང་ནས། ལྷ་མཆོག་མཧཱ་ཀཱ་ལ་མཐུ་བོ་ཆེ། ཁྱེད་ལ་མཐུན་པའི་ཞེས་པ་ནས། དག་ཚངས་ཆེན་པོ་མཛད་དུ་གསོལ་གྱི་བར་བསྐང་བསྟོད་བཤགས་པ་རྣམས་བྱའོ། །དེས་ན་མཆོད་བསྐང་རྒྱས་ཕྱིན་ཆད། རྩིས་མགོ་གསུམ་པོ་དེ་ལོགས་ལོགས་སུ་ཁྲལ་ཏེ་བྱེད་མི་དགོས། དེ་ཁོ་ན་ལ་ཚང་ངོ༌། །དྲུག་པ་ལིང་ག་སྒྲོལ་བ་ལ། དང་པོར་བསྐུལ་ནི། རྫོགས་པའི་སངས་རྒྱས་གསུང་དང་ནི། །རྡོ་རྗེ་འཛིན་པ་བདག་ཉིད་ཀྱིས། །ཇི་བཞིན་བསྒོ་བ་བསྒྲུབ་པ་དང༌། །དམ་ཚིག་ཆེན་པོའི་དམ་མནོས་ལ། །དྲག་པོའི་འཕྲིན་ལས་འདི་སྒྲུབས་ཤིག །ལས་སྦྱོར་འདི་ཡིས་མྱུར་དུ་སྒྲོལ། །གསོད་ཅིག་སྲོག་རྩ་མྱུར་དུ་ཆོད། །ཐོན་ཅིག་སྙིང་རྩ་མྱུར་དུ་ཐོན། །ཆོད་ཅིག་མགོ་དང་ཡན་


TNT14_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གཏུབ། །གྲོད་ཅིག་ཁ་དང་པགས་པ་ཁྲོལ། །ཟོ་ཞིག་ཤ་ཁྲག་ཁཱ་རཾ་ཁཱ་ཧི། །མ་འགྱངས་མྱུར་དུ་ལས་འདི་སྒྲུབས། །དཔལ་ལྡན་མགོན་པོ་ནག་པོ་ཆེ། །རིག་འཛིན་ཀུན་གྱི་སྲོག་ཤིང་ཆེ། །གཙུག་ལག་ཁང་གི་སྲུང་མ་ཆེ། །བདུད་དཔུང་འཇོམས་པའི་དམག་དཔུང་ཆེ། །དམ་ཉམས་དགྲ་བོའི་གཤེད་མ་ཆེ། །དུག་གསུམ་ནད་ཀྱི་སྨན་པ་ཆེ། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཆེ། །བསྟན་པ་བསྲུང་བའི་མཐུ་བོ་ཆེ། །ལུས་བོང་ཆེ་ཞིང་དམ་ཚིག་ཆེ། །བདག་གིས་བཅོལ་བའི་ལས་འདི་སྒྲུབས། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །བསྟན་ལ་གནོད་པའི་འབྱུང་པོའི་ཚོགས། །སྲོག་དང་མྱུར་དུ་ཕྲོལ་ལས་ཤོག །རྡོ་རྗེ་བླ་མའི་སྐུ་དགྲ་དང༌། །བདག་ལ་གནོད་པའི་དགྲ་བོ་རྣམས། །གསོད་ཅིག་ཆོད་ཅིག་སྙིང་ཁྲག་འཐུང༌། །རྒྱོབ་ཅིག་ཆོམ་ཅིག་ཆིངས་ལ་ཤོག །ཐལ་བ་རྡུལ་དུ་རློག་ལས་ཤོག །རུལ་དུ་ཆུག་ལ་མྱགས་སུ་ཆུག །སྡང་བ་དགྲ་བོའི་ཡུལ་རྣམས་སུ། །ནད་དང་འཁྲུག་པ་མཚོན་གྱི་ཆར། །རྒྱུན་མི་འཆད་པར་ཕོབ་ལས་ཤོག །བཅོལ་ལོ་བཅོལ་ལོ་ལས་བཅོལ་ལོ། །བཅོལ་བའི་ལས་ལ་རེལ་མ་བྱེད། །རྦད་པའི་དུས་ན་རྩལ་མ་ཞན། །བོས་པའི་དུས་ན་སྙན་མ་སྲ། །རྣལ་འབྱོར་བདག་གི་བཀའ་ལ་ཉོན། །རིག་འཛིན་བདག་གི་བཀའ་འདི་ནི། །དཔལ་ལྡན་ཁྱོད་ལ་རི་བས་ལྕི། །བདག་གིས་བཀའ་ལ་མ་ཉན་ན། །བདག་ནི་རྡོ་རྗེ་འཆང་ཆེན་གྱི། །དམ་ཚིག་གིས་ནི་རྡོ་རྗེ་ཡིས། ཁྱོད་ཀྱི་མགོ་བོ་


TNT14_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

འགས་པར་བྱེད། །དེ་ཕྱིར་དམ་བཅས་མ་སྙེལ་བར། །བཅོལ་བའི་ལས་འདི་མྱུར་དུ་སྒྲུབས། ཞེས་རོལ་མོ་དྲག་ཏུ་བསྐུལ་ལོ། །བར་དུ་དགུག་འདྲེན་ནི། འབྲུབ་ཁུང་གི་དབུས་སུ་ལིང་ག་བཤམ། འདེབ་ཁ་གཡས་གཡོན་དུ་བཀོད། ལིང་ག་བསྐྱེད་ཆོག་མ་བྱས་ཀྱང་རུང༌། དགུག་གཞུག་བྱ་སྟེ། གུར་གྱི་མགོན་པོའི་དམར་ཆེན་གཏོར་མར་བཤད་པ་ཉིད་ལ་འདོར་ལེན་བྱས་པས་ཁྱབ་བོ། །སྔགས་ནི་སྙིང་པོའི་མཐར་ཨཱ་ཀརྵ་ཡ་ཛཿ ཞེས་བཏགས་པས་འགྲུབ་བོ། །དེ་ནས་ཕུད་སྣོད་དུ་ཆང་ཕུད་འཐེབ་ཀྱུུ་དང་བཅས་པ་བླུགས་ལ། ནམ་མཁའ་མཛོད་ཀྱི་སྔགས་དང་བཅས་ལ་རོལ་མོ་བྱ། དཀོན་མཆོག་གསུམ་པོ་དགོངས་སུ་གསོལ། །མཁའ་འགྲོ་སྲུང་མ་དགོངས་སུ་གསོལ། །དམ་ལས་འདས་པའི་སྡིག་ཅན་འདིས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །ཐེག་པ་ཆེན་པོ་སུན་ཡང་ཕྱུང༌། །དཀོན་མཆོག་གསུམ་གྱི་རྟེན་ཡང་བཅོམ། །སངས་རྒྱས་བསྟན་པ་འདི་ཡིས་བཤིག །གསང་སྔགས་ཆོས་ལ་སྐུར་བ་བཏབ། །སེམས་ཅན་ཡོངས་ལ་འཚེ་བར་བྱས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །དགེ་བའི་བར་ཆད་བརྒྱུད་མར་བྱས། །སྲུང་བའི་ལྷ་ཚོགས་ཐམས་ཅད་ཀྱིས། །འདི་ཡི་སྲུང་སྐྱོབ་མ་མཛད་པར། །རང་གཤེད་རང་ལ་དབབ་པར་མཛོད། །རྡོ་རྗེ་འཛིན་པའི་བཀའ་ཐོས་ནས། །འདི་ཡི་སྲུང་སྐྱོབ་ལྷ་རྣམས་དེངས། །ཞེས་གཏོར་ཏེ་ལིང་ག་ལ་གུ་གུལ་སོགས་རྫས་ཀྱི་དུད་པས་བདུག་ཅིང༌། སྔགས་དྲག་ཏུ་བཟླའོ། །མཐར་བསྒྲལ་ཞིང་


TNT14_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

བསྟབ་པ་ནི། ཕྱག་མཚན་བཞི་རིམ་པས་སྤྲོས་ཏེ། དགྲ་བགེགས་ཚར་བཅད་པར་བསམ་ལ། གྲི་གུག་ཐོགས་ཏེ། སྟོབས་ཆེན་ཤུགས་དྲག་གྲི་གུག་རྣོ། །གདུག་པ་སྒྲོལ་ཕྱིར་དགྲ་ལ་རྒྱོབ། །གཞན་འདྲ་བ་ལས། སྟོབས་འཕྲོག་ནག་པོའི་ཕྱག་ནས་བསྐྱེད། །ཅེས་འདོན་པ་སྤོ། སྙིང་པོའི་མཐར། ཧ་ན་ཧ་ན་བནྡྷ་བནྡྷ་ད་ཧ་ད་ཧ་པ་ཙ་པ་ཙ་དགྲ་བོ་འདི་ཞེས་བྱ་བ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ལིང་ག་ལ་གྲི་གུག་འདེབས་ཚུལ་བྱ། དེ་བཞིན་དུ། རྩེ་གསུམ། རལ་གྲི། མདུང་ཐུང་རྣམས་ལའང་སྦྱར། ཐུན་གཉིས་ཀྱིས་གྲུབ། བསད་སྔགས་འདོན་ཞིང་རོལ་མོའི་སྒྲ་བྱ། འདི་ལ་ཕུར་བུས་འདེབས་པའི་ལག་ལེན་མི་མཛད་པ་ཤས་ཆེ་མོད། ལིང་སྒྲོལ་གྱི་མཐར་ཐུག་ཕུར་གདབ་ཡིན་པས་བྱས་ན་ལེགས་སོ། །གང་ལྟར་ཡང་དེ་ནས་ལིང་ག་གཏུབས་ལིང་རོ་རྣམས་གཏོར་ཆེན་ལ་བསྟབ། གཏོར་སྔགས་དྲག་ཏུ་བཟླ། མགོན་པོ་སྤྱི་སྔགས་ཡིན་པས་ཤཱ་ས་ན་ལན་གསུམ་ཙམ་གྱིས་ཀྱང་ཞལ་དུ་བསྟབ། སངས་རྒྱས་ཀུན་དངོས་རྡོ་རྗེ་སློབ་དཔོན་དང༌། །ཡེ་ཤེས་ཞབས་སོགས་བརྒྱུད་ལྡན་བླ་མའི་ཚོགས། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མ་ལུས་པའི། །ཞལ་དུ་བསྟབ་པོ་ཤ་ཁྲག་ཁཱ་རཾ་ཁཱ་ཧི། །མཐུ་སྟོབས་བསམ་གྱིས་མི་ཁྱབ་དྲག་ཤུལ་ཅན། །སངས་རྒྱས་སྟོང་གི་བཀའ་ཡི་བྱ་ར་བ། །འཕྲུལ་ལྡན་ནག་པོ་ཞིང་སྐྱོང་སྟོབས་འཕྲོག་གི །ཞལ་དུ་བསྟབ་པོ་ཤ་ཁྲག་ཁཱ་རཾ་ཁཱ་ཧི། །དགྲ་བོའི་མདངས་དང་གཟི་བརྗིད་ཞལ་དུ་བསྟབ། །འགལ་བྱེད་བླ་ཚེ་བཅུད་རྣམས་ཞལ་དུ་བསྟབ། །གནོད་བྱེད་སྟོབས་དང་སྲོག་དབུགས་ཞལ་དུ་


TNT14_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

བསྟབ། །ལུས་ངག་འབྱུང་བཞིའི་དྭངས་མ་ཞལ་དུ་བསྟབ། །དཔལ་ལྡན་ཁྱོད་ཀྱི་གཟི་བརྗིད་རྒྱས་པར་གྱུར། །སྐུའི་སྟོབས་དང་གསུང་གི་ནུས་པ་དང༌། །འཕྲིན་ལས་མཐུ་རྩལ་ཐམས་ཅད་རྒྱས་པར་ཤོག །རྒྱས་ཤིང་དམ་ལས་མ་མདའ་ལས་ཀུན་སྒྲུབས། །ཡུམ་ཆེན་གཡུང་མོ་ནག་མོའི་ཞལ་དུ་བསྟབ། །ལས་མཛད་གཏུམ་མོ་ཁྲོས་པའི་ཞལ་དུ་བསྟབ། །ཟ་བྱེད་སྲིན་མོ་ཆེན་མོའི་ཞལ་དུ་བསྟབ། །གསོད་བྱེད་སིང་ག་གླིང་མའི་ཞལ་དུ་བསྟབ། །སྲིང་གཅིག་ཨེ་ཀ་ཙ་ཏིའི་ཞལ་དུ་བསྟབ། །དབྱིངས་ཀྱི་མ་མོའི་ཚོགས་ཀྱི་ཞལ་དུ་བསྟབ། །སྒྲོལ་གྱིང་བཤན་པ་ལྔ་ཡི་ཞལ་དུ་བསྟབ། །བདུད་གཅོད་གྱིང་པོ་རྣམས་ཀྱི་ཞལ་དུ་བསྟབ། །བདུད་འདུལ་དམག་ཚོགས་རྣམས་ཀྱི་ཞལ་དུ་བསྟབ། །དམག་དཔོན་གཤིན་རྗེ་ཁྲོ་ཆེའི་ཞལ་དུ་བསྟབ། །འཁོར་གྱི་ཞིང་སྐྱོང་རྣམས་ཀྱི་ཞལ་དུ་བསྟབ། །དྲེགས་པ་སྡེ་བརྒྱད་རྣམས་ཀྱི་ཞལ་དུ་བསྟབ། །ཡུལ་ལྷ་གཞི་བདག་རྣམས་ཀྱི་ཞལ་དུ་བསྟབ། །དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་ཞལ་དུ་བསྟབ། །ཞལ་དུ་བསྟབ་པོ་གཟི་བརྗིད་རྒྱས་པར་ཤོག །དགྱེས་ཤིང་དམ་ལས་མ་འདའ་འཕྲིན་ལས་སྒྲུབས། །བདུན་པ་ལས་བཅོལ་གྱི་སྔོན་འགྲོའི་བསྟོད་པ་ནི། ཧཱུཾ་རྒྱལ་བ་ཀུན་གྱི་དྲག་པོའི་འཕྲིན་ལས་པ། །རྔམ་བརྗིད་ཁྲོས་པ་ཆར་སྤྲིན་ལྟ་བུའི་མདོག །སྲིད་གསུམ་དྲེགས་ལྡན་ཡོངས་ཀྱི་གཙོར་གྱུར་པ། །གཏུམ་པོ་གཟི་ལྡན་དབང་ཕྱུག་ཁྱོད་ལ་བསྟོད། །གང་ཐུགས་སྤྲོས་པ་མ་ལུས་


TNT14_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་ཞི་ཡང༌། །མ་རུངས་གདུག་པ་འདུལ་ཕྱིར་དྲག་པོའི་སྐུ། །ཞལ་བཞི་གདངས་པས་ཁམས་གསུམ་ཟ་བར་ནུས། །རབ་འཇིགས་རྣོ་ངར་མཆེ་བ་གཙིགས་ལ་བསྟོད། །གློག་འཕྲེང་ལྟ་བུར་གཡོ་བའི་ལྗགས་འགྲིལ་ཞིང༌། །དབུ་སྐྲ་སྨིན་མ་མེ་ལྕེ་ལྟར་འབར་བ། །སྡང་མིག་གཡོ་བའི་སྤྱན་གསུམ་བགྲད་པ་ལས། །དུས་མཐའི་མེ་འོད་འཕྲོ་བ་ཁྱོད་ལ་བསྟོད། །སྦོམ་ཐུང་རགས་པའི་ཕྱག་བཞི་གཡས་གཉིས་ཀྱིས། །དམ་ཉམས་རྡུལ་དུ་རློག་པའི་མཚོན་ཆ་བསྣམས། །གཡོན་གཉིས་དང་པོ་ཐོད་པ་ཁྲག་བཀང་དང༌། །འོག་མ་རུས་འཕྲེང་འཆང་བ༴ ལས་བཞི་སྩོལ་བའི་བུམ་པ་མཆན་ཁུང་གཡོན། །བྱིས་པའི་གཟུགས་ཅན་མ་མཆུ་འཕྱང་བ་པོ། །ཞབས་གཉིས་བསྐྱོད་པས་ས་གསུམ་འགེམས་པར་བྱེད།སྟག་ལྤགས་ཤམ་ཐབས་བཀྲ་བ༴ སྐུ་ལ་རུས་རྒྱན་དྲིལ་བུ་ཚངས་སྐུད་དང༌། །དུག་སྤྲུལ་ཤིན་ཏུ་འཇིགས་པས་སྐུ་བརྒྱན་ཞིང༌། །འཇིགས་རུང་ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༌། །ཐོད་རློན་དོ་ཤལ་འཕྱང་བ་ཁྱོད༴ རབ་བརྗིད་ཞལ་ནས་ཧ་ཧའི་གད་རྒྱངས་དང༌། ཧཱུཾ་ཧཱུཾ་ཀྵིཾ་ཀྵིཾ་དྲག་པོའི་ང་རོ་ཅན། །བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །རྣམ་འགྱུར་དུ་མ་ལྡན་པ་ཁྱོད་ལ་༴ དཔའ་བོ་ཆེན་པོ་དེཉིད་དགྱེས་བྱེད་ཡུམ། །གཡུང་མོ་གཏུམ་མོ་སྲིན་མོ་སེང་གྷ་ལི། །ནག་ལྗང་དམར་སེར་འཇིགས་པའི་གཟུགས་འཆང་བ། །ལས་བཞིའི་དབང་མཛད་སྲིང་མོ་བཞི་ལ་བསྟོད། །གང་གི་བཀའ་ཉན་མཐུ་རྩལ་རྨད་བྱུང་བས། །སྲོག་


TNT14_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ལས་ཀྱི་བཤན་པ་ཉི་ཤུ་གཅིག །བསྟན་ལ་གནོད་པའི་དགྲ་བགེགས་གསོད་ལ་དཔའ། །རབ་གཏུམ་གཟི་བྱིན་ལྡན་པ་རྣམས་ལ་བསྟོད། །ལོག་འདྲེན་ཡོངས་ཀྱི་སྲོག་འཕྲོག་མ་རུངས་གཟུགས། །མཚོན་རྣོན་དུ་མ་ཐོགས་ཤིང་རབ་ཁྲོ་བ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དམག་དཔུང་གིས། །རྣམ་འཕྲུལ་གར་གྱི་རོལ་བ་རྣམས་ལ་བསྟོད། །ཡང་འཁོར་འཇིག་རྟེན་དྲེགས་པ་ལྷ་ཚོགས་རྣམས། །རང་རང་འཁོར་ཚོགས་དུ་མས་ཡོངས་བསྐོར་ཞིང༌། །དམ་ཚིག་ཅན་ལ་བུ་བཞིན་སྐྱོང་བ་དང༌། །གནོད་བྱེད་དགྲ་བགེགས་ཚར་གཅོད་རྣམས་ལ་བསྟོད། །གཞན་ཡང་དཀར་པོའི་ལས་ལ་མངོན་དགའ་བའི། །དྲེགས་པ་ཆེན་པོ་སྡེ་བརྒྱད་ལྷ་ཚོགས་རྣམས། །གསོད་བྱེད་མཚོན་ཆ་སྣ་ཚོགས་ལག་ཏུ་ཐོགས། །མི་སྲུན་ཚར་གཅོད་རྣམས་ལ༴ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པའི། །ཕྱི་ནང་གསང་བའི་མཆོད་སྤྲིན་མཐའ་ཡས་ཀྱིས། །ལྷ་མཆོག་རྣམས་ལ་མངོན་པར་མཆོད་བྱེད་ན། །དངོས་གྲུབ་མ་ལུས་ཇི་བཞིན་སྩལ་དུ་གསོལ། །གང་ཡང་བདག་གི་སྤྱི་དང་ཁྱད་པར་གྱི། །དམ་ཚིག་ཉམས་ཆགས་འགལ་འཁྲུལ་ལ་སོགས་པའི། །ཉེས་པ་མ་ལུས་སྙིང་ནས་བཤགས་བགྱིད་ན། །ཐུགས་བརྩེ་ལྡན་པས་བཟོད་པར་བཞེས་སུ་གསོལ། །གནས་སྐབས་ཀུན་ཏུ་བདག་ཅག་འཁོར་བཅས་ལ། །མི་མཐུན་རྐྱེན་གྱི་རྣམ་པ་མ་ལུས་པ། །དཔལ་མགོན་


TNT14_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པས་ཞི་མཛད་ཅིང༌། །མཐུན་རྐྱེན་བསམ་དོན་ཆོས་བཞིན་འགྲུབ་མཛད་གསོལ། ཁྱད་པར་རྒྱལ་བའི་བསྟན་ལ་གནོད་པ་དང༌། །དཔལ་ལྡན་བླ་མའི་སྐུ་ལ་མཐོ་འཚམས་ཤིང༌། །རྣལ་འབྱོར་བདག་ལ་གནོད་བྱེད་དགྲ་བགེགས་རྣམས། །རྡུལ་ཕྲན་ཙམ་ཡང་མེད་པའི་འཕྲིན་ལས་མཛོད། །ཅེས་པ་བསྟོད་གསོལ་ཞེས་པའོ། །བརྒྱད་པ་དྲག་ཏུ་བསྐུལ་བ་ནི། བླ་མ་གཉན་ལོ་ཙཱ་བ་མངའ་རིས་རྩད་པོ་དང་མཁོན་པའི་ཚེ་མཛད་པར་གྲགས་པའི་བསྐུལ་བ་རྒྱས་བསྡུས་འདྲ་མིན་གཉིས་ཡོད་པ་ལས། ཉུང་བ་འདི་བྱེད་དོ། །དེ་ཡང༌། ཧཱུཾ་དཔལ་ལྡན་མགོན་པོ་མཧཱ་ཀཱ་ལ་ཡ། །སངས་རྒྱས་སྟོང་གི་བསྟན་པ་སྲུང་བ་པོ། དཀོན་མཆོག་གསུམ་གྱི་དབུ་འཕང་སྟོད་པ་པོ། །བླ་མ་དམ་པའི་སྐུ་དགྲ་འདུལ་བ་པོ། །དམ་ཚིག་ཅན་གྱི་འཕྲིན་ལས་སྒྲུབ་པ་པོ། །རང་གི་ཁས་བླངས་དམ་བཅས་སྐྱོང་བ་པོ། །རིག་འཛིན་རྣམས་ཀྱི་སྲོག་ཤིང་དམ་པ་པོ། །དམ་ཚིག་ཅན་གྱི་སྐུ་ལ་ཕྱག་འཚལ་ལོ། །ཧཱུཾ་ལྷ་ཆེན་ནག་པོའི་ལས་བྱེད་ཕོ་ཉ་ནི། །སངས་རྒྱས་བསྟན་པ་གཉན་པོ་སྲུང་བའི་ཕྱིར། །རྡོ་རྗེ་ནག་པོ་མཐུ་དང་རྩལ་མ་ཆུང༌། །ཚངས་པའི་གཙུག་ཐག་གཉན་པོ་གཅོད་པའི་ཚེ། །རྡོ་རྗེ་ནག་པོ༴ ཚེ་སྲོག་བཅད་ནས་ཀླད་ཁྲག་དཀྲུག་པའི་ཚེ། །རྡོ་རྗེ་ནག་པོ༴ ཁོང་ཁྲག་དམར་པོ་ཧུབ་ཀྱིས་འདེབས་པའི་ཚེ། །རྡོ་རྗེ་ནག་པོ༴ བབ་གཞི་བླ་རུས་དྲལ་ནས་ཟ་བའི་ཚེ། །རྡོ་རྗེ་ནག་པོ༴ རྐང་ལག་མགོ་གསུམ་སོ་


TNT14_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ཕྲལ་བའི་ཚེ། །རྡོ་རྗེ་ནག་པོ༴ བསྟན་པའི་སྤྱི་དགྲ་རྩད་ནས་གཅོད་པའི་ཚེ། །རྡོ་རྗེ་ནག་པོ༴ དམ་ཉམས་སྡིག་ཅན་དགྲ་ལ་རྦད་པའི་ཚེ། ཁྲག་མཐུང་ནག་པོ་མཐུ་དང་རྩལ་མ་ཆུང༌། །ལས་མཁན་ཡུམ་བཞི་དགྲ་བོའི་ཤ་ལ་ཟོ། །ཕྱོགས་སྐྱོང་བཅུ་ནི་ནམ་མཁའི་སྤྲིན་ལྟར་སྟིབས། །རྒྱལ་ཆེན་བཞི་ཡི་རུ་མཚོན་པུར་རུ་རུ། །དཔལ་མགོན་བདུན་བཅུའི་འབོད་སྒྲ་དིར་རི་རི། ཁྲག་འཐུང་སྟོང་གི་ཚོགས་ནི་ཆེམས་སེ་ཆེམ། །ཞིང་སྐྱོང་སྟོང་གི་ཚོགས་ནི་ཕུངས་སེ་ཕུང༌། །ཞུབ་ཆེན་སྟོང་གི་ཚོགས་ནི་ཤར་ར་ར། །མཁའ་འགྲོ་སྟོང་གི་སྒྲ་སྐད་ངར་ར་ར། །དམ་ཅན་སྟོང་གི་ཚོགས་ནི་ཟངས་སེ་ཟང༌། །བཀའ་སྲུང་སྟོང་གི་ཚོགས་ནི་ཀྵིཾ་ཀྵིཾ་ཀྵིཾ། །བདུད་དང་སྲིན་པོའི་དུང་འབུད་རུམས་སེ་རུམ། །སྟག་སྤྱང་སེང་གེའི་ངུར་སྒྲ་འུར་རུ་རུ། །བཤང་དང་ཀང་ཀ་བྱ་ཚོགས་ཕུངས་སེ་ཕུང༌། །བྱ་ནག་ཁ་གདངས་མང་པོ་ཐིབས་སེ་ཐིབ། །ལྕེ་སྤྱང་མང་པོའི་རྐན་སྡེབས་དིར་རི་རི། །མི་ནག་གིང་གི་འོ་དོད་ལྷངས་སེ་ལྷང༌། །མོན་མོའི་གླུ་ལེན་མང་པོ་ཀྱུར་རུ་རུ། །རྒྱ་གར་མང་པོའི་བྲོ་རྡུང་ཆེམས་སེ་ཆེམ། །བཤན་པ་ནག་པོའི་གྲི་སྐོར་ལིངས་སེ་ལིངས༌། །མི་ནག་ཞགས་ཐོགས་མང་པོ་ཁྲབས་སེ་ཁྲབ། །མི་ནག་རྔ་ཐོགས་མང་པོ་ཁྲིགས་སེ་ཁྲིག །མི་ནག་མཚོན་ཐོགས་མང་པོ་ཟིངས་སེ་ཟིང༌། །མཆུ་སྡེར་རྣོན་པོ་རྣམས་ནི་ཐིབས་སེ་ཐིབ། །མ་མོའི་ཟོར་


TNT14_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་མང་པོ་ཤར་ར་ར། །སྔགས་པ་ཕུར་ཐོགས་མང་པོ་རོངས་སེ་རོང༌། །ནག་པོའི་དམག་ཚོགས་མང་པོ་ཉེར་རེ་རེ། །བསྐུལ་ལོ་བོས་སོ་མཧཱ་ཀཱ་ལའི་ཚོགས། །ཐུབ་པས་སྔགས་པའི་དམ་ཅན་ལས་ལ་བྷྱོཿ དྲག་ཤུལ་སྤྱོད་པའི་ཆ་བྱད་ལས་ལ་བྷྱོཿ སྨོད་པ་ངན་སྔགས་མཚོན་ཆ༴ སྨྲ་བ་དུག་གི་ཁ་རླངས༴ མུ་སྟེགས་འདམ་བུའི་གླང་ཆེན༴ སྲིན་པོ་ཕོ་ཉ་ཞིང་སྐྱོང་༴ དགྲ་བགེགས་གཤེད་པོ་ཁྲག་འཐུང་༴ ཆོས་བྱེད་སྲུང་མ་ནག་པོ༴ སྙིང་རིང་བཤན་པ་ཁྲག་འཐུང་༴ མནའ་བཟན་གཤེད་པོ་ནག་པོ༴ ངན་བྱེད་གཉན་པོ་ཁྲག་འཐུང་༴ རྣལ་འབྱོར་དགྲ་ལྷ་ནག་མོ༴ ནག་པོ་སྟོང་གི་ཚོགས་རྣམས༴ མ་མོ་བྱེ་བའི་ཚོགས་རྣམས༴ བདུད་དང་སྲིན་པོའི་ཚོགས་རྣམས༴ ལས་ཀྱི་བཤན་པ་ཉེར་གཅིག་ལས་ལ་བྷྱོཿ བདག་ལ་སྡང་བའི་དམ་ཉམས་སྡིག་ཅན་འདི། །རྒྱོབ་ཅིག་སྲེགས་ཤིག་ཚོས་ཤིག་ཞལ་དུ་གསོལ། །ཐུལ་ཞིག་བཟུང་ཞིག་ཆིངས་ཤིག་དམ་པོར་སྡོམས། །ལོ་དང་ཟླ་བར་བཞག་པའི་སྐབས་མེད་པས། ཁུག་ཅིག་སྡོམས་ཤིག་ཆིངས་ཤིག་རྣམ་པར་གཏོར། །ཞག་དང་ཟ་མར་མ་བཞག་མྱུར་དུ་སྒྲོལ། །ཕྱེ་ཞིག་བསྐྲོད་ཅིག་གནོན་ཅིག་རྨུགས་པར་གྱིས། །ཐུལ་ཅིག་ཆོམས་ཤིག་རེངས་ཤིག་རྣམ་པར་གཤིག །


TNT14_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཀྱིས་གཏད་ལ་མ་གཡེལ་ཅིག །གསོད་ཅིག་ཆོད་ཅིག་སྲོག་རྩ་མྱུར་དུ་ཆོད། །དགྲ་བགེགས་རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ཤ་ཆེན་ཁྲག་ལ་རོལ་ཅིག་ཧུབ་ཀྱིས་དྲོངས། །མ་ཐོགས་མྱུར་དུ་སྒྲོལ་ཅིག་གཏུབས་ལ་གསོལ། །བཅོལ་བའི་ལས་རྣམས་མཛོད་ཅིག་ས་མཱ་ཡ། ཁྲག་འཐུང་རྒྱལ་པོ་འཁོར་དང་བཅས་པ་རྣམས། །བསྟེན་པའི་ཚེ་ན་ཆོས་སྐྱོང་རྒྱང་མ་རིང༌།།བསྟན་པའི་སྤྱི་དགྲ་ཡལ་བར་མ་བོར་ཞིག །བོས་པའི་ཚེ་ན་མགོན་པོ་སྙན་མ་སྲ། །བླ་མའི་སྐུ་དགྲ་ཡལ་བར་མ་བཏང་ཅིག །གཡབས་པའི་ཚེ་ན་མགོན་པོ་སྤྱན་མ་བཏུལ། །ཆོས་ཀྱི་སྒྲ་འདི་ཡལ་བར་མ་བཏང་ཅིག །རྦད་པའི་དུས་ན་དམ་ཅན་མཐུ་མ་ཆུང༌། །རྣལ་འབྱོར་དགྲ་འདི་ཡལ་བར་མ་བཏང་ཅིག །མདོར་ན་རིག་འཛིན་རྣལ་འབྱོར་བདག་ཅག་གིས། ཁྱོད་ལ་ཡང་ཡང་བསྐུལ་ཀྱང་དགོས་པ་མེད། །བསྒྲལ་བའི་ཞིང་བཅུ་ཚང་བའི་སྡིག་ཅན་འདི། །མ་ཐོགས་མྱུར་དུ་སྒྲོལ་བའི་དུས་ལ་བབ། །ཅེས་སྐུལ་འདི་སྐབས་ཐམས་ཅད་ལངས་ཏེ་བྱེད། དེ་ནས་སྟན་ལ་འདུག་སྟེ་སྔགས་རིང་ཇི་ལྟར་འོས་པ་བཟླའོ། །དགུ་པ་གསོལ་ཀ་ནི། ཧཱུཾ་མགོན་པོའི་མཚན་གསོལ་དཔལ་ལྡན་ནག་པོ་ཆེ། །རྒྱལ་བའི་བསྟན་སྲུང་བཀའི་ཕྱག་བརྙན་མཆོག །གདུག་པ་ཚར་གཅོད་དྲག་ཤུལ་མཐུ་རྩལ་ཆེ། །བདུད་འདུལ་དཔའ་བོ་བདག་ལ་དགོངས་སུ་གསོལ། །འདོད་ཡོན་རྒྱ་ཆེའི་གཏོར་མ་


TNT14_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་དང༌། །ལོངས་སྤྱོད་སྣ་ཚོགས་ཞལ་ཟས་མཆོད་པ་འདི། །དཔལ་ལྡན་ནག་པོ་ཆེན་པོའི་ཞལ་དུ་འབུལ། །དགྱེས་པའི་ཚུལ་གྱིས་མཆོད་གཏོར་འདི་བཞེས་ལ། །སྔོན་གྱི་ཐུགས་དམ་གཉན་པོ་ཉེར་དགོངས་ཏེ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །མི་མཐུན་ནོད་པའི་རྐྱེན་རྣམས་ཞི་བ་དང༌། །འདོད་པའི་དོན་རྣམས་འགྲུབ་པར་མཛད་དུ་གསོལ། །གཏོར་མ་ལ་སྨན་ཕུད་དང་རཀྟ་སྒྲེངས། ཟས་སྣ་སྣ་ཚོགས་ཀྱིས་གཏོར་མ་དང་པོ་དེ། ཤར་དུ་རིམ་པས་བླུགས་ཏེ། གཏོར་སྔགས་ཤུགས་ཕྱུང་ལ་ལན་གསུམ་བརྗོད། མཐར། ཧོཿ དཔལ་མགོན་པོ་ནག་པོ་དུག་གསུམ་གྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་རྣལ་འབྱོར་གྱི་དགྲ་ལྷ། བདུད་འདུལ་གྱི་དབང་ཕྱུག །མནའ་བཟན་གྱི་གཤེད་མ། དམ་ཉམས་ཀྱི་སྲོག་གཅོད། དགྲ་བགེགས་འདུལ་བའི་དཔའ་བོ། བསྟན་སྲུངས་ཀྱི་མངའ་བདག་ཆེན་པོ། འཁོར་ཕོ་ཉ་ལས་མཁན་གཡོག་འཁོར་གྲངས་ལས་འདས་ཤིང་བརྗོད་དུ་མི་ལང་བ་རྣམས་ཀྱི་ཞལ་དུ་འབུལ་ལོ། །གསོལ་ལོ། །མཆོད་དོ། །མགྲོན་ནོ། །མཆོད་པ་དམ་པ་བཞེས་སུ་གསོལ། དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ནད་དང་གནོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པར་མཛད་དུ་གསོལ། མི་དང་མི་མ་ཡིན་པའི་འགྲོ་བ་ཐམས་ཅད་དབང་དུ་བསྡུ་བར་མཛད་དུ་གསོལ། བར་


TNT14_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཅོད་པ་ཐམས་ཅད་ཐལ་བ་རྡུལ་དུ་རླག་པར་མཛད་དུ་གསོལ། སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དཀོན་མཆོག་གི་དབུ་འཕང་བསྟོད་ཅིག །དམ་ཆོས་མི་ནུབ་པའི་རྒྱལ་མཚན་ཕྱོར་ཞིག །བསམ་པ་ཐམས་ཅད་སྒྲུབས། རེ་བ་ཐམས་ཅད་སྐོངས། སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་ཁྱབ་པར་མཛོད། ཁྱད་པར་དུ་ཡང་དེང་དྲག་པོའི་འཕྲིན་ལས་མངོན་པར་ཞུ་བ་ལགས་ཀྱི། བསྟན་པ་ལ་སྡང་བའི་དགྲ་བགེགས་ལོག་འདྲེན་བྱད་མ་འདི་དག །སྐད་ཅིག་ཉིད་ལ་བསད་པ་དང༌། བསྐྲད་པ་དང༌། དབྱེ་བ་དང༌། རེངས་པ་དང༌། བཅིངས་པའི་སྒོ་དུ་མ་ནས་འཁོར་དང་བཅས་པ་དང༌། གྲོགས་དག་བཅས་པ་དང༌། སྲུང་སྐྱོབ་དང་བཅས་པ་ཐམས་ཅད་ཐལ་བ་རྡུལ་དུ་རློག་པའི་འཕྲིན་ལས་མཛོད་ཅིག །ཅེས་པའི་མཐར། བསད་སྔགས་རིང་ཐུང་གང་རུང་ཞིག་ཚར་གཅིག་གམ་གསུམ་བརྗོད། དེ་ཁོ་ནའི་རིམ་པས། སླར་ཡང༌། ཧཱུཾ་མགོན་པོ་མཚན་གསོལ་ཞེས་མན་ཆད། བསད་སྔགས་ཀྱི་བར་གསོལ་ཀ་ལས་བཅོལ་བསྐུལ་བ་འདི་ཚར་ལྔ་བྱ་སྟེ། གཏོར་ཆེན་གྱི་ལྷོ་དང༌། ནུབ་དང༌། བྱང་ལ་རེ་རེ་དང༌། མཚམས་བཞི་ལ་གཅིག་རྣམས་སོ། །དེ་ནས་བཅུ་པ་ཟོར་འཕང་བ་ནི། འཕྱར་དར་ནག་པོ་དང༌། དམ་རྫས་ཀྱི་དུད་པ་དང༌། གསེར་སྐྱེམས་སོགས་ཀྱིས་སྣ་དྲངས་ཏེ། སྤྲོས་པ་ལ་དགའ་ན་ཕོ་ཉ་ལས་མཁན་གྱི་ཆ་བྱད་འཛིན་པའི། དྲག་པོའི་རོལ་རྩེད་ཅི་རིགས་པ་དང་བཅས་ཤིང༌། གོ་མཚོན་ཐོགས་པས་ཀྱང་མཐའ་བསྐོར། སློབ་དཔོན་འཁོར་བཅས་རོལ་མོ་བ་


TNT14_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པས་རྟིང་མནན་ནས་འོངས་ཏེ། གཏོར་ཆེན་སྟེགས་མཐོ་བ་ལ་བཞག །ཟོར་སྣ་རྣམས་དང༌། ཐུན་རྣམས་ཀྱང་བཤམས། སྐབས་འདིར་གཟུ་དཔང་འཛུགས་ཏེ། ཧཱུཾ་སྲིད་པའི་རྩེ་མོ་མན་ཆོད་ནས། །དམྱལ་བ་ན་རག་ཡན་ཆོད་དུ། །གཟུ་དང་དཔང་ལ་དཀོན་མཆོག་བཞུགས། །ཡི་དམ་ཆོས་སྐྱོང་དཔང་མཛོད་ཅིག །ཞལ་བཞི་ཡབ་ཡུམ་དཔང་མཛོད་ཅིག །ཚངས་པ་བརྒྱ་སྦྱིན༴ གཟའ་དང་རྒྱུ་སྐར༴ དབང་ཆེན་ཁྱབ་འཇུག༴ ལྷ་སྲིན་སྡེ་བརྒྱད༴ ཡ་བདུན་རྒྱལ་པོ་མན་ཆད་ནས། །འཆིང་བྱེད་ཞགས་ཐོགས་ཡན་ཆོད་དུ། །དོ་ནུབ་གཟུ་དང་དཔང་མཛོད་ཅིག །སྐྱེས་བུ་ཀླུ་བཙན་མན་ཆད་ནས། །དྲག་དམར་བཙན་རྒོད་ཡན་ཆོད་དུ། །དོ་ནུབ༴ སྲིད་པའི་རྒྱལ་མོ་མན་ཆད་ནས། །འགོང་པོ་སྤུན་དགུ་ཡན་ཆོད་དུ། །དོ་ནུབ༴ དབྱིངས་ཕྱུག་རྒྱལ་མོ་མན་ཆད་ནས། །དམ་སྲི་ཕོ་མོ་ཡན་ཆོད་དུ། །དོ་ནུབ༴ ཞལ་ལྕེ་ལྷ་འདྲེ་ཡོངས་ཀྱིས་ཆོད། ཁ་སྨྲ་སྲུང་མ་གཉན་གྱིས་ཐོབ། །ང་ཡིས་མ་ཉེས་འདི་ཡིས་ཉེས། །དམ་ལ་འདས་པའི་སྡིག་ཅན་འདི། །བསྟན་པ་བཤིག་ཅིང་དཀོན་མཆོག་སྨོད། །སྲུང་མ་ཁྱོད་ལ་སྙད་བཙུགས་སོ། །སྔགས་འཆང་བདག་ལ་དོ་ཡང་བདོས། །རྒྱལ་ཁམས་ཕུང་བར་འདིས་ཡིས་བྱས། །མཁའ་འགྲོ་སྲུང་མ་ར་མདའ་ལོག །སྡང་བྱེད་དགྲ་བོ་དམ་ཉམས་འདིའི། །གནམ་གྱི་འཇུ་ཐག་སྐྱ་བོ་ཆོད། །ས་ཡི་བརྟེན་ཕུར་ནག་པོ་ཕུད། །ལས་ཀྱིས་རླུང་གིས་རྒྱབ་ནས་ཕུལ། །འཇིགས་


TNT14_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མུན་པས་མདུན་ནས་གསུས། ཁོད་པའི་ནང་ནས་སྙིང་བྱུང་ཅིག །དཔྲལ་བའི་དབྱིངས་ནས་མིག་བྲུས་ཤིག །ལྟག་པའི་ཕྱོགས་ནས་བདུད་ཆོད་ཅིག །ལོ་དང་ཟླ་བར་མ་བཞག་ཅིག །མྱུར་བར་ཁུག་ལ་རིངས་པར་སྒྲོལ། །ཅེས་པའོ། །དེ་རྗེས་གསེར་སྐྱེམས་དང༌། ཟོར་ལམ་དབྱེ་བ་སོགས་སྤྱི་དང་མཐུན་པར་བྱ། སྤྲོ་ན་སླར་ཡང༌། དཔལ་ལྡན་མགོན་པོ་མཧཱ་ཀཱ་ཡ། །སོགས་ཀྱིས་ཀྱང་བསྐུལ་ལོ། །མཐར། དཔལ་ལྡན་རྡོ་རྗེ་འཆང་གི་བཀའ་ཉན་པ། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་སྤྲུལ་པ། །གཏུམ་པོ་ཁྲག་འཐུང་སྐྱེ་འགྲོའི་སྲོག་གི་བདག །ཞིང་སྐྱོང་ནག་པོ་ཆེན་པོ་ལས་ལ་ཡ། ཁྱོད་ཀྱི་འཕྲིན་ལས་བསམ་གྱིས་མི་ཁྱབ་ཏེ། །གང་འདུལ་སྤྲུལ་པ་མ་ཐོགས་ཅིར་ཡང་སྟོན། །བདུད་དཔུང་དགྲ་བགེགས་འདུལ་བར་ཆས་པའི་ཚེ། །མཁའ་ལ་མི་བཟད་སྤྲིན་རུམ་དམར་ནག་འཁྲིགས། །རྡོ་རྗེའི་ཐོགས་དང་སེར་ཆེན་ཕྱོགས་བཅུར་འབབ། །འུར་འུར་སྒྲ་ཡིས་རི་བོའི་ཚོགས་རྣམས་བསྒྱེལ། །ཕྱོགས་མཚམས་ཐམས་ཅད་མེ་འབར་ཁྲོ་ཆུ་འབབ། །ས་གཞི་སྡིག་སྦྲུལ་སྲོག་ཆགས་གདུག་པས་ཁྱབ། །སྟག་སེང་གཅན་གྱི་ཚོགས་རྣམས་ལང་ལོང་རྒྱུ། །གསོད་བྱེད་སྲིན་པོའི་ཚོགས་ཀྱིས་ས་སྟེང་ཁྱབ། ཁྲག་འཐུང་མ་མོའི་ཚོགས་ཀྱིས་བར་སྣང་ཁེངས། །ཉི་ཟླ་གཟའ་སྐར་ཁྲོས་པས་མཁའ་དབྱིངས་ཁྱབ། །མཚོན་ཆའི་བུ་ཡུག་ཕྱོགས་བཅུར་བུན་ནུ་ནུ། །དགྲ་ཚོགས་ད་ལྟ་འཇོམས་པའི་དུས་ལ་


TNT14_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

བབ། །བསྟན་པ་འཇིག་པའི་དགྲ་བོ་འདི། །རིངས་པར་སོང་ལ་དྲག་ཏུ་དེད། །མྱུར་བར་སོང་ལ་དམ་དུ་ཆིངས། །མགྱོགས་པར་ཁུག་ལ་ངེས་པར་གསོད། །གྲི་གུག་འབར་བས་དགྲ་སྲོག་ཆོད། །རལ་གྲི་འབར་བས་ཡན་ལག་གཏུབས། །མདུང་ཐུང་འབར་བར་ལུས་ཀུན་ཕུག །རྩེ་གསུམ་འབར་བས་སྒོ་གསུམ་དྲོལ། །ནག་པོ་ཆེན་པོ་སྐུ་བསྐྱོད་ཅིག།ཞིང་སྐྱོང་ཆེན་པོ་རྩལ་མ་ཞན། །སྟོབས་འཕྲོག་ནག་པོ་མཐུ་མ་ཆུང༌། །ཞལ་གདངས་དྲག་པོའི་བཤུགས་པ་འཚེར། །གཡུང་མོ་ནག་མོ་དགྲ་ལ་ཡ། །གད་རྒྱངས་ཆེན་པོས་དགྲ་སྙིང་འགེམས། །མི་སྲུན་གཏུམ་མོ་དགྲ་ལ་ཡ། ཁྲག་རྒྱུན་གསོལ་བས་མྱོས་པ་མོ། །སྲིན་མོ་འཇིགས་རུང་དགྲ་ལ་ཡ། །སྐྱེ་གནས་ནད་ཡམས་ན་བུན་མཐུལ། །སིང་ག་གླིང་མ་དགྲ་ལ་བྷྱོཿ །དམ་ཉམས་དགྲ་ལ་སྨྱོ་འབོག་གཏོང༌། །བཤན་པ་སྔོན་པོ་དགྲ་ལ་ཆོས། །དགྲ་ལ་ནང་འཁྲུག་ཐོག་སེར་འབེབས། །བཤན་པ་སེར་པོ་དགྲ་ལ་ཆོས། །བསྟན་པ་འཇིག་པ་ནད་ཀྱིས་འདེབས། །བཤན་པ་དམར་པོ་དགྲ་ལ་ཆོས། །འགལ་བྱེད་མི་ཕྱུགས་ཕྱོགས་ཀྱིས་འདེབས། །བཤན་པ་ལྗང་ཁུ་དགྲ་ལ་ཆོས། །སྲོག་གཅོད་རྫུ་འཕྲུལ་བསམ་མི་ཁྱབ། །བཤན་པ་ནག་པོ་དགྲ་ལ་ཆོས། །ལིང་པ་ཆེན་པོ་ཁྱེད་རྣམས་ཀྱིས། །དོ་ནུབ་དགྲ་བགེགས་ཆོམ་ལ་ཕོབ། །ཡུམ་ཅིག་ཨེ་ཀ་ཛ་ཊི་ནི། །རལ་པ་གཅིག་གིས་ཁམས་གསུམ་ཁྱབ། །དབང་ཕྱུག་ཆེན་མོ་མཐུ་རྩལ་ཅན། །དགྲ་བགེགས་སྙིང་ལ་ད་ཟོ་ཅིག །གཤིན་རྗེ་ཁྲོ་ཚ་


TNT14_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པོ་ཆེ། ཁབ་མིག་ཙམ་ལའང་རྟག་ཏུ་འཇུག །སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་ཏེ། །བི་ནུ་རཱ་ཛ་དགྲ་ལ་ཡ། །སྲིད་པའི་རྒྱལ་མོ་མུ་ཁ་ལེ། །སྟོང་གསུམ་བྷ་གའི་དབྱིངས་སུ་འཇུག ཁྱབ་བྱེད་སྣ་ཚོགས་གཟུགས་ཅན་མ། །བདུད་འདུལ་ཆེན་མོ་དགྲ་ལ་བྷྱོཿ །བཤན་པ་ཉི་ཤུ་རྩ་གཅིག་ཀྱང༌། །མཐོང་བ་ཙམ་གྱིས་སྡངས་པར་བྱེད། །དོ་ནུབ་དགྲ་བོའི་ཡུལ་དུ་ཆོས། །དགྲ་བགེགས་ཐལ་བ་རྡུལ་དུ་རློག །ཚངས་པ་དུང་གི་ཐོར་ཚུགས་ཅན། །འཁོར་བྱེད་ཆེན་པོ་དགྲ་ལ་ཡ། །སྲོག་བདག་གནམ་ལྷ་བྱང་ཆུབ་སྟེ། །སྨྱོ་བྱེད་ཆེན་པོ་དགྲ་ལ་ཡ། །སྐྱེས་བུ་གྱིང་ཆེན་དགྲ་ལྷ་ཁྱོད། །ཆོ་འཕྲུལ་ལྟས་ངན་དགྲ་ལ་ཡ། །ནག་པོ་འབུམ་ཕྲག་དྲུག་ལ་སོགས། །ཞིང་སྐྱོང་མཐུ་ཆེན་བསམ་མི་ཁྱབ། །དོ་ནུབ་དགྲ་བོའི་ཡུལ་དུ་ཆོས། །ལྷག་མ་མེད་པར་ཆོམས་ལས་ཞོག །དྲེགས་པ་ལྷ་སྲིན་སྡེ་བརྒྱད་རྣམས། །དྲག་པོའི་ལས་ལ་ད་བསྐུལ་གྱི། །དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར། །དགྲ་བགེགས་ཐལ་བ་རྡུལ་བཞིན་རླག་པར་མཛོད། །ལྷག་མ་ཅི་ཡང་ལྡངས་རྒྱུ་མེད་པར་མཛོད། །ས་སྟེང་འདི་རུ་མིང་ཡང་མེད་པར་མཛོད། །དམ་པ་དུས་ལ་བབ་པོ་ས་མཱ་ཡ། །ཞེས་དྲག་ཏུ་བསྐུལ་ལ། ཌོ་བི་ནི་དེ་བི་བྷྱོཿ རྡོ་ཟོར་འཕངས། ཙཎྜ་ལིས་ར་ཟོར་དང༌། རཀྟ་སིས་ཁྲག་ཟོར་དང༌། སིང་ག་ལིས་མདའ་ཟོར་དང༌། དེ་ཐམས་ཅད་ལ། མཧཱ་ཀཱ་ལ་ཐུན་


TNT14_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོཿ ཞེས་པས་རྒྱབ་བརྟེན། བསད་སྔགས་དྲག་ཏུ་བཟླ་ཞིང་ཐུན་འཕང་ངོ༌། ཧཱུཾ་དཔལ་ལྡན་མགོན་པོའི་བཀའ་འཁོར་ནི། །ནག་པོའི་དམག་ཚོགས་ཉེར་རེ་རེ། །ཤ་ཟའི་ངར་སྐད་དིར་རི་རི། །མ་མོའི་ཟོར་འཕེན་ཤར་ར་ར། །མཁའ་འགྲོའི་ཤུགས་ཀླུ་རྩེར་རེ་རེ། །ལྷ་མོའི་གླུ་དབྱངས་ཀྱུར་རུ་རུ། །མི་ནག་གར་བྱེད་ཁྱུགས་སེ་ཁྱུག །རོ་ལངས་གད་རྒྱངས་དིར་རི་རི། །ཀེང་རུས་གར་བྱེད་ཟངས་སེ་ཟང༌། །བྱ་ནག་མང་པོ་ཐིབས་སེ་ཐིབ། །ལྕེ་སྤྱང་ངུ་འབོད་ལྷངས་སེ་ལྷང༌། ཁྱི་ནག་མང་པོ་ཁེངས་སེ་ཁེང༌། །རྣམ་འཕྲུལ་དུ་མ་སྟོན་པ་རྣམས། །ལ་ལ་འགྱིང་ཞིང་དགྲ་ལ་རོལ། །ལ་ལ་འཕྱོང་ཞིང་བགེགས་རྣམས་འཇོམས། །ལ་ལ་ཧབ་ཧུབ་ཁྲག་ལ་འཐུང༌། །ལ་ལ་རྒོད་ཅིང་རོ་ལ་ཟ། །ལ་ལ་ཆེམ་ཆེམ་རུས་པ་མུར། །ལ་ལ་འགྱིང་ཞིང་དགྲ་རྣམས་གསོད། །ལ་ལ་རྒྱུག་ཅིང་དམ་ཉམས་སྒྲོལ། །སྡིག་ཅན་ཆོས་ལ་སྡང་བ་འདི། །བདུད་ཀྱི་ཁྲམ་ལ་ཐོབ་ལ་ཤོག །ཤོ་སྡེ་ནག་པོ་ཁྲོམ་ལ་ཤོག །ཞགས་པ་དམར་ནག་ཐོབ་ལས་ཤོག ཁྱོད་ཀྱིས་ཁས་བླངས་དུས་ལ་བབ། །དམར་ཀྱྀ་གཏོར་མ་འདིས་བཞེས་ལ། །བསྟན་པ་འཇིག་པའི་དགྲ་བོ་འདི། །བདུན་བརྒྱུད་རྩ་ནས་ཆོད་ལ་ཤོག །ཨོཾ་མཱཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ། ཌོཾ་བི་ནི། ཙཎྜ་ལི། རཀྵ་སི། སིང་ག་ལི། དེ་བི་བྷྱོཿབྷྱོཿ ཨ་ཡ་མ་རུ་རུ་ཙ་ཤ་ན་བྷྱོཿབྷྱོཿ ཞེས་པ་དང༌། བསད་སྔགས་དྲག་པོ་བརྗོད་ཅིང་གཏོར་མ་ཟོར་དུ་འཕང༌། དགྲ་བགེགས་ཕྱོགས་


TNT14_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་ཡུལ་འཁོར་དང་བཅས་པ་ཐམས་ཅད་ལྷག་མ་ཙམ་ཡང་མེད་པར་བྱས་པར་བསམ། རོལ་མོའི་སྒྲ་དྲག་པོ་དང་བཅས་པས་མཚམས་བཅད་དེ། སློབ་དཔོན་གྱི་རྟིང་མནན་ལ་འོངས། རྗེས་ཀྱི་བྱ་བ་ནི་གོང་གཏོར་སྒྲུབ་ཀྱི་སྐབས་སུ་བཤད་པ་དང་འདྲའོ། །འདིར་ཅུང་ཟད་ངེས་འཚལ་པ་ལ། སྒྲུབ་སྐོར་རྙིང་པ་ཁུངས་མ་ཕལ་ཆེར་དུ། རྣམ་འགྱུར་གསུམ་པ་ཉིད་བཤད་དེ། དེ་ཡང་བསྙེན་དུས་ནི་གཏོར་ཆོག་དཀྱུས་ཀྱི་དེ་ཡིན། འདི་ལ་རྩ་ཞལ་བརྩེགས་མ་ཉིད་ནག་པོ་ལ་འཛོལ་སོ་མེད། གཡས་གཡོན་གཉིས་ལྗང་ནག་བྱ་བ་ལ། ཕྱིས་ཀྱི་ཕལ་ཆེར་ལྗང་ལ་ནག་པའི་མདངས་ཅན་དུ་མཚུངས་པར་བཞེད། ཡི་གེ་རྙིང་པ་རང་མང་པོ་ན། གཡས་སྔོ་གཡོན་ལྗང་དུ་བཤད་པའང་འདུག །སྒྲུབ་པ་དང་ལས་སྦྱོར་གཉིས་ཕལ་ཆེར་རྣམ་འགྱུར་འདྲ་བར་བྱེད། སྤོགས་ཆོག་ལ་གཡས་བརྩེགས་མ་གཉིས་ནག་པོ། གཡོན་བརྩེགས་མ་གཉིས་ལྗང་ཁུར་བཤད། དེ་ཀའི་དབང་དུ་བྱས་ནས་སྐབས་འདིར་གཏོར་མའི་ལས་སྦྱོར་ཡིན་པས། ལས་སྒྲུབ་གཉིས་པོ་རྣམ་འགྱུར་གཅིག་པའི་ཕྱིར་དཀྱུས་ལ་དེ་བཞིན་དུ་བྲིས་པ་ཡིན། ཁ་ཅིག་ལས་སྦྱོར་དང་སྤོགས་ཆོག་རྣམས་འགྱུར་གཅིག་པར་བཞེད་དེ། དེ་ལའང་འགལ་བ་མ་མཐོང་ངོ༌། །འགའ་ཞིག་རྣམ་འགྱུར་བཞི་པར་འདོད་པ་ལྟར་ན། གཞན་གསུམ་སྤྱི་དང་འདྲ། ལས་སྦྱོར་མགོན་པོ་ཞལ་བཞིའི་འཁོར་ཞལ་དུ་འདོད་དོ། །འོན་ཀྱང་སྒྲུབ་པའི་བྱ་བ་ནི། ཐོག་མ་བསྙེན་པའི་ཕྱོགས་ལ་ཡང་འཇུག །ཕྱི་མ་ལས་སྦྱོར་གྱི་ཕྱོགས་ལ་ཡང་འཇུག་པས། ཀུན་ཁྱབ་ཡིན་པའི་


TNT14_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྒྲུབ་ནུས་ཉིད་གཙོ་བོར་བྱའོ། །ཞེས་བདག་ཅག་གི་བླ་མ་དམ་པ་རྣམས་གསུང་ངོ༌།། །།དེ་ལྟར་ན་ནག་པོ་གདོང་བཞི་པའི་གཏོར་མའི་ལས་རིམ་ཞི་དྲག་ཉེར་མཁོ་ཙམ་གསལ་བར་བརྗོད་པ། ལས་བཞི་ལྷུན་གྲུབ་ཅེས་བྱ་བ་འདི་ཡང༌། རང་གི་སློབ་རིགས་མེ་འབར་གྱི་གཙུག་ལག་ཁང་སྒྲུབ་གནས་བྱང་ཆེན་གྱི་དགེ་འདུན་རྣམས་སོགས་དོན་གཉེར་ཅན་མང་པོས་སྔ་ཕྱིར་ཡང་ཡང་བསྐུལ་བ་ལ་བརྟེན་ནས་ཏཱ་ར་ནཱ་ཐས་ཞོར་བྱུང་དུ་བྲིས་པའོ། །འདི་དག་ལ་ཡིག་རྙིང་རྩ་བ་རྣམས། ཐོ་ཡིག་ཙམ་ལས་མེད་ཅིང༌། བར་སྐབས་དང་ཕྱིས་ཀྱི་ཡི་གེ་ཅི་རིགས་འདུག་པ་རྣམས། ཚིག་ཚོགས་ཧ་ཅང་ཆེས་བས་གཟུང་དཀའ་བར་འདུག་པས་འདིར་མདོར་བསྡུས་ཙམ་ཚིག་ཟོར་ཡང་བར་བཀོད་པ་ཡིན་ནོ། །ཧཱུཾ་ཧཱུཾ་ཕཊ་ཕཊ་དང༌། སྒྲཾ་སྒྲཾ་སིལ་སིལ་ངཽམ་ངཽམ་རང་བྱེད་མཁན་ཅིག་མ་ལགས་པ། འདི་འདྲ་རིགས་ལ་རྩལ་འདོན་རང་མེད་མོད། །འོན་ཀྱང་མན་ངག་ཅུང་ཟད་རིག་ཅིང༌། གཞན་ཀྱིས་བསྐུལ་བ་ལ་བརྟེན་ནས་བག་ཙམ་ཞིག་བྲིས་པའོ། །དགེ་ལེགས་འཕེལ། ཞུས་དག


previousནག་པོ་གདོང་བཞི་པའི་གཏོར་མའི་ལས་རིམ་ཞི་དྲག་ཉེར་མཁོ་ཙམ་གསལ་བར་བརྗོད་པ་ལས་བཞི་ལྷུན་གྲུབ། ༄next