Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་ཆེན་ལྕམ་དྲལ་གྱི་སྒྲུབ་ཐབས་དགྲ་བགེགས་ཀུན་འཇོམས།
   
   
   
   
   
   
   
   
   
   
   
   


 
previousལྷ་ཆེན་ལྕམ་དྲལ་གྱི་སྒྲུབ་ཐབས་དགྲ་བགེགས་ཀུན་འཇོམས།next

ལྷ་ཆེན་ལྕམ་དྲལ་གྱི་སྒྲུབ་ཐབས་དགྲ་བགེགས་ཀུན་འཇོམས།


TNT14_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆེན་ལྕམ་དྲལ་གྱི་སྒྲུབ་ཐབས་དགྲ་བགེགས་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ། །


TNT14_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཧཱ་ཀཱ་ལཱ་ཡ། རབ་འཇིགས་དྲེགས་པ་འདུལ་མཛད་དཔའ་བོ་ཆེ། །སྒྲུབ་ལ་བུ་གཅིག་ལྟར་བརྩེ་དངོས་གྲུབ་སྩོལ། །བླ་མ་དང་ནི་ནག་པོ་ཆེན་པོ་ལ། །གུས་པས་བཏུད་ནས་གཏོར་མའི་ཆོ་ག་བཤད། །འདིར་བྲིས་སྐུ་དང་མཆོད་གཏོར་བཤམས། བདག་བསྐྱེད་དང་ཡི་དམ་གྱི་མཆོད་གཏོར་སྔོན་དུ་འགྲོ་བས་འདི་སྐད་ཅེས་བྱའོ། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་གི་མདུན་དུ་འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར། དུར་ཁྲོད་ཆེན་པོའི་གནས། ཤིན་ཏུ་གཏུམ་པའི་ལྗོངས། དྲེགས་པ་བདུད་ཀྱི་ཡུལ། དུག་གི་ན་བུན་འཐུལ་བ། དྲག་པོའི་གློག་འཁྱུག་ཅིང༌། རྒྱོབ་སོད་ཀྱི་འབྲུག་སྒྲ་སྒྲོག་པ། གནམ་ལྕགས་ཀྱི་ཐོག་དང་མཚོན་ཆ་སྣ་ཚོགས་ཀྱི་སེར་བ་འབབ་ཅིང༌། མ་མོ་འདུ་བའི་གནས། མཚན་


TNT14_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མེ་འབར་བ། ཉིན་མོ་རླུང་ནག་འཚུབ་ཅིང༌། ན་བུན་རྣག་ཁྲག་དང་ཞག་ཏུ་འབབ་པ། མི་རོ་སྐམ་རློན་རིད་གསུམ་སྣ་ཚོགས་བཅལ་དུ་བཀྲམ་ཞིང༌། ཁྲག་ཞག་གི་རྦ་ཀློང་འཁྲུག་པ། གཅན་གཟན་གཏུམ་པོ་རྣམས་ངར་སྐད་འབོད་པའི་དབུས་ན། རྨངས་གཞི་ལྕགས་ལས་གྲུབ་པའི་སྟེང་དུ། ཤར་མིའི་ཐོད་པས་བརྩིགས་པ། ལྷོར་རྟའི་ཐོད་པས་བརྩིགས་པ། ནུབ་སྤྲེའུའི་ཐོད་པས་བརྩིགས་པ། བྱང་ལུག་གི་ཐོད་པས་བརྩིགས་པའི་ཕོ་བྲང་ཆེན་པོ། ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་ལ། ནང་ཐོད་པའི་མཁར་དུ་ཡོད་པ། གྲུ་བཞི་སྒོ་བཞི་པ་ཤིན་ཏུ་འཇིགས་ཤིང་རབ་ཏུ་འབར་བ། ཟུར་བཞི་ཟངས་ལ་བྱས་པ། སྒོ་བཞི་བསེ་ལས་བྱས་པ། གསེར་གྱི་རེ་ཆ་གསལ་བ། མུ་མིན་འཕྲུལ་གྱི་གཡག་


TNT14_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཅན། །རྟ་བབས་དུང་ལ་གྲུབ་པ། ཟངས་ལྕགས་ཀྱི་ཁྲག་གི་བང་ཡོད་པ། ནང་ཀེ་རུས་ཀྱི་ཀ་གདུང་རྣམས་ཀྱིས་ཕུབ་པ། རུས་པའི་དྲྭ་བ་དྲྭ་ཕྱེད་དང༌། མི་མགོ་བརྩིགས་པའི་ཏོག་གིས་མཚན་པ། ངོས་རྣམས་ལ་ཁྲག་གི་ཟར་ཆུ་འབབ་པ། དེའི་ནང་མི་རོ་རྟ་རོ་བཅལ་དུ་བཀྲམ་པ། མི་ཁྲག་རྟ་ཁྲག་མཚོ་རུ་བསྐྱིལ་བ། མི་ལྤགས་རྟ་ལྤགས་ཡོལ་བར་བྲེས་པ། གསུར་ཆེན་དུད་པ་ཕྱོགས་བཅུར་འཐུལ་བ། ཕྱི་རོལ་རྨང་གཞིའི་སྟེགས་བུ་ལ་རོ་ལངས་ཀྱིས་ཤོན་བྱེད་པ། །ཀེང་རུས་ཀྱི་གར་མཁན་འཁྲབ་པ། ཕྱོགས་ཐམས་ཅད་དུ་ཞིང་ཆེན་གྱི་བླ་བྲེ། མི་རོའི་རྒྱལ་མཚན་དང་བ་དན། རྒྱུ་རློན་གྱི་ལྡ་ལྡི། མགོ་བོ་སྣ་ཚོགས་ཀྱི་དོ་ཤལ་དང༌། །སྐྲའི་རྔ་ཡབ་ལ་སོགས་པ་ཉམ་ང་ལ་བག་ཚ་བའི་རྒྱན་དང་ལྡན་པའི་ཕོ་བྲང་གི་ལྟེ་བར་ནག་པོ་བདུན་བརྩེགས་མཁར་ཟུར་དྲུག་པ་ལ་མཐིང་བཟང་གཡུའི་སྐས་བཙུགས་པའོ། །དེའི་དབུས་སུ་མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ལ་རིན་པོ་ཆེའི་ཁྲི་པདྨ་དང་ཉི་མའི་སྟེང་དུ་མི་རོ་རྟ་རོ་ལ་གནས་པའི་རཾ་ལས་དུག་སྡཽང་རཾ་གྱིས་མཚན་པ་ལས་འོད་འཕྲོས། དགྲ་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་ལྷ་ཆེན་དཔལ་འབར་མཧཱ་ཀཱ་ལ་སྲོག་བདུད་ནག་པོ་ཐོད་པའི་ཕྲེང་བ་ཅན་སྐུ་མདོག་སྨུག་ནག་བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། ཞལ་གཉིས་ཕྱག་བཞི་པ། གཡས་ཤྭ་ན་མུ་ཁའི་གདོང་ཤེལ་མིག་གྱེན་དུ་ཕྱོགས་པས་དགྲ་བགེགས་ལ་ཟུག་ཅིང་བླ་འགུགས་པ།


TNT14_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཉིས་ཀའང་མཆེ་བ་གཙིགས་པ། ལྗགས་འགྲིལ་ཞིང་རྐན་སྒྲ་སྡེབ་པ། ཧཱུཾ་ཕཊ་ཀྱི་གད་མོ་དང་ང་རོ་དྲག་པོ་སྒྲོག་པ། ཕྱག་གཡས་གཉིས་ཀྱིས་དུང་གི་སྡོང་པོ་མེ་འབར་བ་དང་བདུད་ཞགས། གཡོན་གཉིས་ཀྱིས་ཁྲམ་ཤིང་དང་ཐོད་པ་སྙིང་བཅས་ཁྲག་གིས་གང་བ་འཛིན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བསྒྲད་པ། སྨ་ར་དང་སྨིན་མ་དང་སྐྲ་ཁམས་ནག་གྱེན་དུ་བརྫེས་པ་ལ་སྦྲུལ་ནག་དང་དར་ནག་གི་ཅོད་པན་ཅན། མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང༌། རློན་པ་ཁྲག་འཛགས་པ་ལྔ་བཅུའི་དོ་ཤལ་འཆང་བ། དུག་སྦྲུལ་སྟོང་གི་ཆུན་པོས་བརྒྱན་པ། སྐུ་ལ་དར་ནག་གི་འཇོལ་བེར་སུམ་བརྩེགས་མུན་པའི་གཡུང་དྲུང་རིས་དང་གསེར་གྱི་སྐ་རགས་ཅན། དེའི་སྟེང་ན་དྲེད་མོའི་བཅང་སླག་སེང་གེ་སྔོན་པོའི་གོང་ལག་ཅན་གསོལ་བ། ཞབས་ལ་སག་ཏིའི་ལྷམ་གྱོན་པ། སྙན་ནས་འབྲུག་སྟོང་ལྡིར་ཞིང༌། དྲི་འཛིན་ནས་ནག་པོ་བརྩེགས་པའི་རླུང་དམར་ལྡང་བ། སྡང་མིག་ལས་མེ་འོད་སྤྲོ་ཞིང༌། ཞལ་དུ་ཤ་ཁྲག་གི་རྒྱ་མཚོ་འཁྱིལ་བ། སྒོ་དགུ་ནས་ཉམས་པ་ལ་དུག་གི་ཆར་སྤྲིན་འབེབས་པ། སྤྱི་བོ་ལ་ཉི་ཟླས་བརྒྱན་པ། སྐུ་ཆེ་ལ་ཡན་ལག་རགས་པ། ཁམས་གསུམ་འདར་ཞིང་སྐྲག་པར་བྱེད་པ། དགྲ་བགེགས་དང་ལོག་པར་ལྟ་བ་ཐམས་ཅད་སྐད་ཅིག་གིས་རྡུལ་དུ་རློག་པའོ། །དེའི་གཡོན་དུ་བྷྱོཿལས་རལ་གྲི་བྷྱོཿས་མཚན་པ་ཞུ་བ་ལས་དཔལ་ལྡན་ལྷ་མོ་གཉན་གྱི་རེ་མ་ཏཱི་སྐུ་མདོག་ནག་མོ། ཞལ་གཅིག་ཕྱག་


TNT14_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་མ། ཞལ་རས་ཕྱི་རྒྱབ་ཏུ་ཕྱོགས་པས་གཟིགས་པ། མི་རོ་ཞལ་དུ་གསོལ་བཞིན་པས་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་རལ་བ་དམར་སེར་གཡོན་ངོས་སུ་འཁྱིལ་བ། ཕྱག་གཡས་གཉིས་ན་ཞིང་ཆེན་དང་རལ་གྲི་སྡིག་པའི་ཡུ་བ་ཅན་མེ་འབར་བ། གཡོན་གཉིས་ན་ནེའུ་ལེའི་རྐྱལ་པ་ནོར་བུའི་ཆར་འབེབས་པ་དང༌། ཐོད་པ་ཁྲག་གིས་གང་བ་འཛིན་པ། ཐོད་སྐམ་གྱི་དབུ་རྒྱན་དང༌། རློན་པའི་དོ་ཤལ་ཅན། སྙན་གཡས་གཡོན་ལ་དུག་སྦྲུལ་དང་སེང་གེས་བརྒྱན་པ། ཞལ་ནས་དྲག་སྔགས་ཀྱི་འོ་དོད་འབོད་ཅིང༌། མིག་ནས་ཁྲག་གི་ཆར་པ་འབབ་པ། ཤངས་ནས་ནད་ཀྱི་ན་བུན་འཐུལ་བ། ལྟེ་བའི་ཐད་ཀ་ནས་ཉི་མ་འཆར་ཞིང༌། སྤྱི་བོའི་གཙུག་ཏུ་ཟླ་བ་རྒྱས་པ། མི་ལྤགས་ཀྱིས་སྟོད་གཡོགས་ཤིང༌། རེ་ལྡེས་སྨད་དཀྲིས་པ། སྦྲུལ་རིགས་བཞིའི་སྐ་རགས་བཅིངས་པ། ཞབས་ལ་དབང་གི་ལྕགས་སྒྲོག་འཁྲོལ་བ། སྲིན་པོའི་བོང་བུ་གྭ་དམར་ལ་ཆིབས་པ། ནད་ཀྱི་རྐྱལ་པ་མཚོན་གྱི་གྲུ་གུ་བྱང་དམར་གྱི་ཁྲེས་པོ། ཤོ་རྡེའུ་དཀར་ནག་བདུད་ཀྱི་ཁྲམ་བམ་སྟེ་སྤྲུལ་པའི་མཚོན་ཆ་ལྔ་དང་བཅས་པ། སྲིན་པོའི་ཡ་འཁལ་ལ་སྔ་རུ་དང་མ་འཁལ་ལ་ཕྱི་རུ་བྱས་པ། གོང་སྨེད་སྦྲུལ་ལས་བགྱིས་ཤིང་རཀྟའི་རྒྱ་མཚོར་རྒྱུ་བ། ཡབ་ཡུམ་གཉིས་ཀའང་མེ་དཔུང་རབ་ཏུ་འབར་བའི་དབུས་ནས་བཞུགས་པའོ། །ཟུར་དྲུག་ཏུ་བྷྱོཿདྲུག་ལས་སྤྲུལ་པ་ཕོ་ཉ་མོན་མོ་ཤྭ་ན་ནག་མོ་དྲུག་སྐད་ཅིག་གིས་གྲུབ་པ་ནི། གསེར་མིག་མ། དངུལ་མིག་


TNT14_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

མ། ཟངས་མིག་མ། འཁར་མིག་མ། གཡུ་མིག་མ། མཆོང་མིག་མ་རྣམས་ཁྱིའི་གདོང་ཅན་ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་ནག་མོ་གཡས་རྡོ་རྗེ་ནམ་མཁའ་ལ་གསོར་ཞིང༌། གཡོན་ཞགས་པ་ནག་པོ་འཕེན་པ། གཅེར་བུ་རུས་པའི་རྒྱན་ཅན། རལ་པས་རྟིང་པར་སླེབས་པ། ཕྱག་རྒྱ་བསྒྱུར་ཞིང་གར་བྱེད་པ། ཁྱི་སྐད་འདོན་ཞིང་རི་རབ་བསྐོར་བ། ལྷང་ལྷང་ངུ་ཞིང་དུར་ཁྲོད་ཉུལ་བ། བྱང་ཕྱོགས་ཀྱི་གནོད་སྦྱིན་ཆེན་པོ་བརྒྱད་ནི་ལྕགས་ཀྱི་བྱ་ཁྲ་བརྒྱད་དུ་སྤྲུལ་ནས་སྔོན་ལ་ལྡེང་བས་སྔ་དགྲ་དར་བ་རྡུལ་དུ་རློག་པ། ལྷོ་ཕྱོགས་ཀྱི་གཤིན་རྗེ་ཆེན་པོ་བརྒྱད་ནི། སྟག །གཟིག །དོམ། དྲེད། འཕར་བ། སེང་གེ །ཅེ་སྤྱང༌། ཁྱི་རྣམས་སུ་སྤྲུལ་ནས་ཕྱི་བཞིན་དུ་འབྲེང་བས་ཕྱི་དགྲ་སེམས་པ་རྡུལ་དུ་རློག་པའོ། །ཕྱི་བསྐོར་དུ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བདུད་ཕོ་སེང་གེའི་གདོང་ཅན་གསུམ་དང་རི་བདུན་དང་མ་བདུན་ལས་བྱུང་བའི་སྤྲུལ་པའི་མོན་པ་ཕོ་བདུན་མོ་བདུན་རྣམས་དང༌། གཞན་ཡང་སྤྲུལ་པ་དང་ཡང་སྤྲུལ་གྱི་ཚོགས་རྣམས་དང༌། བདུད་ཀྱི་དམག་ཉིས་ཁྲི་ཆིག་སྟོང༌། ལྷ་དམག་འབུམ་སྡེ་དང་བཅས་ཤིང༌། ལྷ་མ་སྲིན་སྡེ་བརྒྱད་རྣམས་དང་བཅས་པ་ཐམས་ཅད་ཀྱང་གཅེར་བུ་འདབ་ཆགས་ཐང་ལ་བོར་བ་ལྟར་འདར་ཡེད་ཡེད་འདུག་པ་ཐམས་ཅད་ཀྱང་སྒྲུབ་པ་པོའི་བཀའ་སྡོད་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཀྱིས་རང་བཞིན་གྱིས་གནས་ནས་མགོན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ སྤྱན་རས་གཟིགས་


TNT14_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཐུགས་ཀྱི་འཕྲིན་ལས་ལས། །རྣམ་འཕྲུལ་ཞི་བས་འདུལ་བར་མི་སྤྱོད་ཅིང༌། །དྲག་པོའི་སྟོབས་ཀྱིས་གདུག་པ་ཚར་གཅོད་པ། །འཇིགས་པའི་གཟུགས་ཅན་ཁྱོད་ནི་འདིར་བྱོན་ཅིག །ལྷ་ཆེན་ཐུགས་ཀྱི་ཕོ་ཉ་མཐུ་བོ་ཆེ། ཁྱོད་ཀྱི་རྣམ་འཕྲུལ་ཕྱོགས་བཅུ་མ་ལུས་ཁྱབ། །ཡབ་གཅིག་རྟག་ཏུ་འདོད་རྒྱལ་ཁང་བཟང་ན། །ཕལ་ཆེར་ཨུ་ཙ་ལ་ཡི་དུར་ཁྲོད་ན། །རེས་འགའ་བསིལ་བའི་ཚལ་ན་སྲིན་པོའི་གཟུགས། །ད་ལྟ་ཙ་རི་རོང་གི་ཕོ་བྲང་ན། ཁྱོད་ཀྱི་བརྟེན་ས་རྩུབ་མོའི་བྲག་ཕུག་ན། །རྣལ་འབྱོར་དམ་ཚིག་ལྡན་པའི་རྗེས་འབྲང་ཞིང༌། །གང་གིས་བཅོལ་བའི་ལས་རྣམས་སྒྲུབ་མཛད་པ། །དྲག་པོ་དབང་ཕྱུག་གཟི་ལྡན་འདིར་བྱོན་ཅིག །སྔོན་ཚེ་ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །ཏྲཀྴད་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །དྲག་པོའི་ལས་ལ་གནས་འདིར་སྤྱན་འདྲེན་གྱི། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨེ་ཧྱ་ཧི་མཧཱ་ཀཱ་ལ་ཏྲཀྴད་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱི་ནང་མཆོད་ཕུལ། ཧཱུཾ་ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང༌། །ལྷ་དམག་དཀར་པོའི་དབུག་འབྱིན་པ། །ལྷ་ཆེན་དཔལ་འབར་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ལ། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། སླར་ཡང་འོད་འཕྲོས། རིགས་ལྔ་འཁོར་བཅས་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་འཁོར་


TNT14_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་མི་བསྐྱོད་པས་དབུ་བརྒྱན། བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཏྲཀྴད་མཧཱ་ཀཱ་ལ་སིདྡྷི་ཏྲི་ཡཾ་དུན་ཛ་ཛཿ ཞེས་དཔལ་མགོན་པོ་དང༌། ཨོཾ་རོ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ་མ་བྷྱོ་ཛཿཛཿ ཞེས་དཔལ་ལྷ་མོའི་སྔགས་སོ། །དེ་ནས་གཏོར་མ་བསངས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་བི་མུ་ཤུ་མ་ར་ལས་བདུད་རྩི་ལྔ། གོ་ཀུ་ད་ཧ་ན་ལས་ཤ་ལྔ་བསྐྱེད། སྙིང་གའི་ས་བོན་གྱི་འོད་ཀྱིས་མདུན་གྱི་ནམ་མཁའ་ལ་རྡོ་རྗེ་ཧཱུཾ་དང་བཅས་པར་གྱུར། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས། རླུང་གིས་མེ་སྦར་བའི་ཤ་ལྔ་བདུད་རྩི་ལྔ་ཡི་གེ་དང་བཅས་པ་ཞུ་ཞིང་ཁོལ་བས་ལྦུ་བ་ཨོཾ་དུ་གྱུར། དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་པས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། དེ་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། མགོན་པོ་ཡབ་ཡུམ་འཁོར་བཅས་ཀྱི་ལྗགས་གཏོར་མ་བདུད་རྩིའི་རང་བཞིན་ཅན་ལ་རེག་ཅིང་གསོལ་བས་ཚིམ་ཞིང་མཉེས་པར་གྱུར། ཨོཾ་མཧཱ་ཀཱ་ལ་ཏྲི་ཡཾ་ཛཿ ས་མ་ཡ་ས་མ་ལོ་ཀི་ནི་མུན་བྷྱོ་ཧཱུཾ་ཕཊ་བཱ་ལིཾ་ཨི་དཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་བྷུཉྫ་ཧོ། རཀྟ་པི་བ་ཏོ་ས་མ་ཡ་སྭཱཧཱ། ཨོཾ་དེ་ཝི་མཧཱ་ཀཱ་ལི་རེ་མ་ཏི་མཧཱ་བཱ་ལིང་ཏ་ཁཱ་ཧི། མཧཱ་མང་ས་ཁ་ཧཱི། རཀྟ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། མཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མཧཱ་པཉྩ་ཨ་མྲྀ་ཏ་བཱ་


TNT14_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་ཕུལ་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་མཧཱ་ཀཱ་ལ་རྣལ་འབྱོར་གྱི་དགྲ་ལྷ། བདུད་འདུལ་གྱི་དབང་ཕྱུག དུག་གསུམ་གྱི་སྨན་པ། རིག་འཛིན་གྱི་སྲོག་ཤིང༌། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། ལྷའི་དེད་དཔོན་ཆེན་པོ། སྲོག་བདུད་ནག་པོ་ཐོད་པའི་ཕྲེང་བ་ཅན་བཱ་ལིང་རྒྱན་གྱི་གཏོར་མ་འདི་བཞེས་ཤིག་ཁ་རཾ་ཁཱ་ཧི། དཔལ་ལྡན་གཉན་གྱི་རེ་མ་ཏཱི། བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། ནག་མོ་དྲེའུ་ལ་ཞོན་པ། གཅེར་མོ་བོང་བུ་ལ་ཞོན་པ། འགྱོགས་མ་རླུང་ལ་ཞོན་པ། བཱ་ལིང་རྒྱན་གྱི་གཏོར་མ་འདི་བཞེས་ཤིག་ཁ་རཾ་ཁཱ་ཧི། གཞན་ཡང་འཁོར་གྱི་མོན་མོ་དྲུག །བྱང་ཕྱོགས་ཀྱི་གནོད་སྦྱིན་ཆེན་པོ་བརྒྱད། ལྷོ་ཕྱོགས་ཀྱི་གཤེན་རྗེ་ཆེན་པོ་བརྒྱད། སྤྲུལ་པ་ཡང་སྤྲུལ་ཕོ་ཉ་འཁོར་གྱི་དམག་ཉིས་ཁྲི་ཆིག་སྟོང་སྡེ་བརྒྱད་དང་བཅས་པ་ཐམས་ཅད་བཱ་ལིང་རྒྱན་གྱི་གཏོར་མ་འདི་བཞེས་ཤིག་ཁ་རཾ་ཁཱ་ཧི། ཨོཾ་ཤྲཱི་མཧཱ་ཀཱ་ལ་ག་ན་པ་ཏི་ཡཀྵ་བཻ་ཏ་ལི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཡབ་ཡུམ་གྱི་སྙིང་པོའི་མཐར་འབྲུ་གསུམ་སྦྱར་ནས་ནང་མཆོད་ཕུལ། ཧཱུཾ་དད་པ་དང་ནི་དམ་ཚིག་གིས། །ཚུར་སྦྱོན་སྲོག་བདུད་མ་རུང་པ། །མངོན་ཤེས་རྫུ་འཕྲུལ་ཐབས་ཀྱི་གཙོ། །དྲག་པོའི་ཞལ་ལ་གཏུམ་པའི་སྐུ། །རྡོ་རྗེ་མཧཱ་ཀཱ་ལ་སྟེ། །ལྷ་ཆེན་ལྕམ་དྲལ་སྤྱན་འདྲེན་གྱི། །གནས་འདིར་མཆོད་ཀྱི་གཤེགས་སུ་གསོལ། །སྲོག་གི་བཀའ་སྡོད་མགོན་པོའི་སྐུ། །སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །


TNT14_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་སུམ་བརྩེགས་འཇིགས་པར་བྱེད། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཆེན་བརྗིད་པ་ལ། །རལ་པ་ཁམས་ནག་གྱེན་དུ་འཁྱིལ། །སྟེང་གི་ལྷ་ཚོགས་དབང་དུ་བསྡུད། ཁྲོས་བས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་སྒྱེལ། །དབང་ཕྱུག་ཆེ་ལ་བདག་བསྟོད་དོ། །གཡས་པ་དུག་སྡོང་བདུད་ཞགས་བསྣམས། །གཡོན་པ་ཐོད་པ་སྙིང་བཅས་གསོལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པའི། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ལས་ཀྱི་སྲོག་བདུད་ཆེན་པོ་ནི། །བདུད་རྟ་ནག་པོ་རྟིང་དཀར་འཆིབས། །སྐུ་ཆེ་ཡན་ལག་རགས་ཤིང་བརྗིད། །སྤྱན་དམར་ཞལ་གདངས་ལྗགས་འགྲིལ་ཞིང༌། །སྐུ་ལ་བེར་ནག་སྨུག་པོ་གསོལ། །སག་ཏིའི་ལྷམ་ལ་པད་ཉིའི་གདན། །བསྐལ་པའི་མེ་དཔུང་ནང་ན་འགྱིང༌། །མཐུ་སྟོབས་ཅན་ལ་བདག་བསྟོད་དོ། །འདས་དང་མ་བྱོན་ད་ལྟར་གྱི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་བསྲུང་བར་ཐུགས་བསྐྱེད་པ། །ནག་པོ་ཁྱོད་ནི་ཡིན་པ་སྟེ། །གང་ཞིག་དཀོན་མཆོག་གསུམ་པོ་དང༌། །བླ་མ་བརྙས་བྱེད་སེམས་ཅན་འཚེ། །བདག་ལ་གནོད་བྱེད་དགྲ་དང་བགེགས། །ཐམས་ཅད་ཁྱོད་ཀྱིས་གཞོམ་པ་དང༌། །བསྟན་པ་བསྲུང་བར་མཛད་དུ་གསོལ། །ནད་དང་གནོད་པ་ཞི་བ་དང༌། ཚེ་དང་བསོད་ནམས་འཕེལ་པ་དང༌། །ཐམས་ཅད་དབང་དུ་བསྡུ་བ་དང༌། །མི་མཐུན་ཕྱོགས་རྣམས་གཞོམ་པ་ཡི། །འཕྲིན་ལས་རྣམ་


TNT14_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཁྱོད་ཀྱིས་བགྱིས། །རྒྱན་གྱི་གཏོར་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །བྷྱོཿ མ་ཡི་ནང་ནས་མ་གཅིག་མ། །སྲིང་གི་ནང་ནས་སྲིང་གཅིག་མ། །དཔལ་ལྡན་གཉན་གྱི་རེ་མ་ཏཱི། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །ལྷ་ཡི་གནས་ན་ལྷ་མོ་ནམ་གྲུ་མ། །ཀླུ་ཡི་གནས་ན་ཀླུ་མོ་གློག་འགྱུ་མ། །སྲིན་པོའི་གནས་ན་སྲིན་མོ་ཤམ་ཤམ་མོ། །མི་ཡི་གནས་ན་བདུད་མོ་རེ་མ་ཏཱི། །མི་ལ་བདུད་དུ་ཁྱོད་ལས་ཆེ་བ་མེད། །གནས་ནི་བྱང་ཤར་མཚམས་ན་གནས། །རྒྱུ་ནི་བར་སྣང་མཁའ་ལ་རྒྱུ། །སྐྱེ་འགྲོ་ཡོངས་ཀྱི་དབུགས་འཆའ་མ། །རྐང་ལ་ལྕགས་ཀྱི་ལྷམ་གྱོན་མ། །སྐུ་ལ་མཛེས་པའི་རེ་ལྡེ་གསོལ། །མི་མགོ་རྟ་མགོ་མཁར་དུ་བརྩིགས། །ཐོད་པ་དགུ་བརྩེགས་གཞལ་ཡས་འདིར། །མ་ཅིག་ལྷ་མོ་སྤྱན་འདྲེན་ནོ། །དོ་ནུབ་ནམ་གྱི་གུང་སྟོད་ལ། །མིང་པོ་རྡོ་རྗེ་ལས་འཆོལ་གྱི། །སྲིང་མོ་དམ་ཅན་ལས་མཛོད་ལ། །བརྣག་པའི་ལས་རྣམས་གྲུབ་པར་མཛོད། །བོས་པའི་ཚེ་ན་སྙན་མ་སྲ། །སྒྲུབ་པའི་ཚེ་ན་ཟོར་མ་ལྕི། །:སྦད་[རྦད]པའི་ཚེ་ན་མཐུ་མ་ཆུང༌། །རྒྱན་གྱི་གཏོར་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཧཱུཾ་སྲོག་བདུད་ནག་པོ་ཆེན་པོ་ཡི། །བཀའ་ཉན་སྒྲོལ་བྱེད་མ་མོ་དྲུག ཁྱི་མོ་ནག་མོ་ཤེས་རབ་གསལ། ཁྲོ་ཆུའི་ཞལ་ལ་རྡོ་རྗེའི་སྐུ། །རི་རབ་བསྐོར་ཞིང་རྫུ་འཕྲུལ་འགྱེད། །ལྷང་ལྷང་ངུ་ཞིང་དུར་ཁྲོད་ཉུལ། །སྡིག་ཅན་སྒྲོལ་བའི་མཐུ་མོ་ཆེ། །བདུད་ཀྱི་བུ་མོ་ལས་ལ་ཡ། ཁྱི་མོ་ནག་མོ་གསེར་མིག་མ། ཁྱི་མོ་ནག་


TNT14_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དངུལ་མིག་མ། ཁྱི་མོ་ནག་མོ་ཟངས་མིག་མ། ཁྱི་མོ་ནག་མོ་མཁར་མིག་མ། ཁྱི་མོ་ནག་མོ་གཡུ་མིག་མ། ཁྱི་མོ་ནག་མོ་མཆོང་མིག་མ། །བདུད་ཀྱི་བུ་མོ་ཁྱེད་དྲུག་ཀྱང༌། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཉམས་པའི་དགྲ་བགེགས་སྒྲོལ་ལ་ཤོག །བསད་རྟགས་དོན་སྙིང་ཁྱེར་ལ་ཤོག །བར་ཆད་སོལ་ལ་མཐུན་རྐྱེན་སྒྲུབས། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །མོན་མོ་ནག་མོ་ཤེལ་མིག་མ། །མོན་མོ་ནག་མོ་གསེར་མིག་མ། །ཟངས་མིག་མ། གཡུ་མིག་མ། དངུལ་མིག་མ། ལྕགས་མིག་མ། མོན་མོ་ནག་མོ་བསེ་མིག་མ། །མོན་མོ་ཆེན་མོ་ཁྱེད་བདུན་ཡང༌། །ཤ་ཁྲག༴སོགས་གོང་བཞིན། ཧཱུཾ་མོན་པ་ནག་པོ་བྱི་ལ་ཞོན། །མོན་པ་ནག་པོ་འབྲུག་ལ་ཞོན། །སྦྲུལ་ལ་ཞོན། གློག་ལ་ཞོན། སྟག་ལ་ཞོན། ཁྱུང་ལ་ཞོན། རླུང་ལ་ཞོན། བདུད་ཀྱི་བཤན་པ་ཁྱེད་བདུན་ཡང༌། །ཤ་ཁྲག༴ སོགས་གོང་བཞིན། གཞན་ཡང་སྤྲུལ་པ་ཡང་སྤྲུལ་དང༌། །ཕྱོགས་བཞིའི་རུ་འདྲེན་དམག་གི་ཚོགས། །བདུད་ཕོ་ཉིས་ཁྲི་ཆིག་སྟོང་དང༌། །ལྷ་དམག་དཀར་པོ་འབུམ་སྡེའི་ཚོགས། །གཞན་ཡང་ལྷ་སྲིན་སྡེ་བརྒྱད་རྣམས། ཤ་ཁྲག༴ སོགས་ཀྱིས་བསྐུལ་ཞིང་འཕྲིན་ལས་བཅོལ། ཐུན་གྱི་གཏོར་མ་མེད་ན་འཇུག་གི་ཆོ་ག་བྱའོ། །གལ་ཏེ་ཐུན་གཏོར་ཡོད་ན། སྐབས་འདི་ཉིད་དུ་གཏོང་སྟེ། ཧཱུཾ་སྲིད་གསུམ་དབང་བསྡུད་མགོན་པོ་ཡབ་ཡུམ་དང༌། །སྟོབས་ལྡན་ཕོ་ཉ་མངག་བཞུགས་འཁོར་དང་བཅས། །ཤིན་ཏུ་


TNT14_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་ཁྲོས་དྲག་ལ་རྔམ་པའི་གཟུགས། །རྣོ་བའི་མཚོན་འཛིན་འགྱོགས་པའི་ཤུགས་ཅན་རྣམས། །ཟག་མེད་བདུད་རྩིའི་གཏོར་མ་འདི་བཞེས་ཤིག །སྨན་རག་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །ཛ་གད་དཔའ་བོའི་སྨན་ཕུད་འདི་བཞེས་ཤིག །ཛམ་བུ་ཏི་བའི་མཆོད་པ་འདི་བཞེས་ཤིག །དམ་ཉམས་དགྲ་པོའི་ཤ་ཁྲག་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་གཏང་རག་གཉན་པོར་འབུལ། ད་བཅོལ་ལས་ཀྱི་གསོལ་འདེབས་ཆེན་པོར་བཞེས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ནད་དང་གནོད་པའི་རྐྱེན་རྣམས་ཞི་བ་དང༌། །ཚེ་དང་བསོད་ནམས་དཔལ་འབྱོར་འཕེལ་བ་དང༌། ཁྱད་པར་སངས་རྒྱས་བསྟན་པ་སྐྱོང་བ་དང༌། །བླ་མས་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །རྒྱལ་བའི་བཀའ་དང་དམ་ཚིག་བདེན་པ་བཞིན། །བྱང་ཆུབ་སྒྲུབ་པའི་བར་ཆད་བྱེད་པ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །ཕུན་སུམ་ཚོགས་པ་མངའ་བ༴ སོགས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། སླར་ཡང་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། གོང་གི་བསྟོད་ཐུང་གིས་བསྟོད། བདག་ཅག་འཁོར་དང་བཅས་པ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྒྲུབ་པའི་གདོང་གྲོགས་དང༌། ཕྱི་ནང་གསང་བ་གསུམ་གྱི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་


TNT14_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྲུང་ཞིང་བཟློག་པ་དང༌། དགྲ་བགེགས་ལོག་འདྲེན་ཐམས་ཅད་ཐལ་བ་རྡུལ་དུ་རློག་པ་དང༌། མི་འགྱུར་བའི་ཚེ། མི་ཟད་པའི་ལོངས་སྤྱོད། རབ་ཏུ་རྒྱས་པའི་དབང་ཐང༌། ཐུབ་པར་དཀའ་བའི་མཐུ་སྟོབས་རྣམས་སྩལ་བ་དང༌། མདོར་ན་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཡི་གེ་བརྒྱ་བ་ཅི་འགྲུབ་ཏུ་བཟླ་ཞིང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་གསོལ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ཉིད་ལ་བསྟིམ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་བདག་བསྲུང༌། སླར་ཡང་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བྱས་ལ་ཐུན་མཚམས་ལ་འཇུག་གོ །འདིར་མོན་པ་ཕོ་བདུན་མོ་བདུན་སོགས་ཀྱི་ཞལ་ཕྱག་བཞོན་པ་བསྐྱེད་པར་འདོད་ན། བསྐུལ་བ་རྒྱས་པ་སོ་སོ་དག་ནས་འབྱུང་བ་ལྟར་བསྐྱེད་ཀྱང་རུང་ལ། མན་ངག་ལྟར་ན་མོན་པ་བྱི་ལ་ལ་ཞོན་པ་བདུད་ཞགས་དང་ནད་རྐྱལ། འབྲུག་ལ་ཞོན་པ་རལ་གྲི་དང་ཐོད་ཁྲག །སྦྲུལ་ལ་ཞོན་པ་དུག་སྡོང་དང་བེ་ཅོན། གློག་ལ་ཞོན་པ་ཕྱག་གཉིས་ཀྱིས་བེ་ཅོན་ནག་པོ། སྟག་ལ་ཞོན་པ་སྤུ་གྲི་དང་སྙིང་ཞགས། ཁྱུང་ལ་ཞོན་པ་སྟ་རེ་དང་སྦྲུལ་ཞགས། རླུང་ལ་ཞོན་པ་རལ་གྲི་དང་ཞགས་པ་ནག་པོའོ། །ཧཱུཾ་གསུམ་ལས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་འཇིགས་བྱེད་བདུད་ཕོ་གསུམ་ཁྲམ་ཤིང་དང་ནད་རྐྱལ་འཛིན་པ་སེང་གེའི་གདོང་ཅན་སེང་གེ་ལ་ཞོན་པའོ། །མོན་མོ་ཤེལ་མིག་མ་ཤེལ་གྱི་རལ་པ་ཅན་ནས། བསེ་མིག་མ་བསེའི་རལ་པ་ཅན་གྱི་བར་རྡོ་རྗེ་དང་ནད་རྐྱལ་འཛིན་པ། ཐམས་ཅད་ཀྱང་སྐུ་མདོག་ནག་མོའོ། །གཞན་ཡང་དཔལ་མགོན་པོ་སྐུ་མདོག་ནག་པོ་ཡང་རུང་ཞིང༌། ལྷ་མོ་ཕྱག་དང་པོ་གཉིས་ཀྱིས་རྩེ་གསུམ་དང་མི་རོའི་རྒྱལ་མཚན་འཛིན་པ་དང༌། ནེའུ་ལེ་ནད་སྐྱལ་དུ་བསྒྱུར་ཞིང༌། དྲེ་རྟ་རྐང་གསུམ་


TNT14_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆིབས་པ་དང་ཕྱག་གཉིས་མ་སོགས་སྣ་ཚོགས་ཡོད་ཅིང༌། ཤྭ་ན་མོ་རྣམས་ཀྱང༌། གསེར། གཡུ། མཆོང༌། ཟངས༌། དུང༌། མཁར་བ། ལྕགས་རྣམས་ཀྱི་མིག་ཅན་དང༌། མིག་དང་མཐུན་པའི་རལ་པ་བྱེད་པ་སོགས་ཡོད་པ་འགའ་ཞིག་འདམ་ཀ་དང༌། འགའ་ཞིག་བསྙེན་སྒྲུབ་དང་ལས་ཚོགས་སོ་སོའི་སྐབས་ཡིན་ནོ། །ཤེལ་མིག་མའམ། དུང་མིག་མའམ། ཁྱི་མོ་ཤེས་རབ་གསལ་ཕྱག་བཞི་མར་བསྐྱེད་པར་ཡོད་དོ། །མན་ངག་ལོགས་སུ་བསྟན་པར་བྱའོ། །བསྙེན་པ་ཙམ་དང་ཉེར་འབྲེལ་བར། །སྒྲུབ་ཐབས་མཆོད་ཆོག་འདི་བྱས་པས། །བསྟན་དགྲ་བདུད་སྡེ་བཅས་བཅོམ་ནས། །འཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག །ལྷ་ཆེན་ལྕམ་དྲལ་གྱི་སྒྲུབ་ཐབས་དགྲ་བགེགས་ཀུན་འཇོམས་ཞེས་བྱ་བ་འདི་ནི། འཇམ་དབྱངས་རྡོ་རྗེ་བླ་མའི་གཏོར་ཆོག་ལ་གཞི་བྱས་ཏེ། ཡིག་རྙིང་ནས་ཁ་བཀང་སྟེ་ལྷག་ཆད་ནོར་བའི་དྲི་མ་སྤངས་ཤིང༌། རྒྱས་བསྡུས་འཚམས་ལ་ཀླག་ཆོག་ཏུ་བྱས་པ་སྟེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་དགུ་པ་ལ་སྨྲས་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག བཀྲ་ཤིས། གཅིག་ཞུས་དག།


previousལྷ་ཆེན་ལྕམ་དྲལ་གྱི་སྒྲུབ་ཐབས་དགྲ་བགེགས་ཀུན་འཇོམས།next