Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེགས་ལྡན་ནག་པོའི་གསོལ་ཀ
   
   
   
   
   
   
   
   
   
   
   


 
previousལེགས་ལྡན་ནག་པོའི་གསོལ་ཀnext

ལེགས་ལྡན་ནག་པོའི་གསོལ་ཀ


TNT14_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟཱི། རྡོ་རྗེའི་རང་བཞིན་ཤུགས་དྲག་རྔམ་པའི་སྐུ། །གནས་ཚུལ་བདེ་ཆེན་རྣམ་འགྱུར་ཅིར་ཡང་སྟོན། །གདུག་ཅན་དགྲ་ལ་ནད་མཚོན་མེ་ཆར་འབེབས། །ལེགས་ལྡན་ནག་པོའི་སྐུ་ལ་ཕྱག་འཚལ་ལོ། །ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཀྱིས་བགེགས་ཀུན་འཇོམས། །གསང་སྔགས་རང་སྒྲས་སྒྲུབ་ལ་དངོས་གྲུབ་སྩོལ། །རྒྱོབ་སོད་སྐད་ཀྱིས་བདུད་སྡེའི་སྙིང་ཁྲག་འགེམས། །ཏྲཀྴད་མགོན་པོའི་གསུང་ལ་ཕྱག་འཚལ་ལོ། །གདོད་ནས་སྤྲོས་བྲལ་མཁའ་ལྟར་དག་པ་ལ། །ཀུན་ཁྱབ་བྱམས་དང་སྙིང་རྗེའི་ཆུ་འཛིན་འཁྲིགས། །གདུག་ལ་ཁྲོ་ཚུལ་དབང་པོའི་གཞུ་ལྟར་ཤར། །མཧཱ་ཀཱ་ལའི་ཐུགས་ལ་ཕྱག་འཚལ་ལོ། །གདུག་རྩུབ་ཁྲོ་དང་ཆགས་པའི་ཚུལ་འཆང་ཞིང༌། །གསོད་གཅོད་ཚིག་རྩུབ་འཕྲོག་སོགས་རྣམ་ཆ་ཀུན། །མཁྱེན་བརྩེ་ནུས་མཐུ་ཚུལ་ཁྲིམས་རྣམ་དག་དང༌། ཁྱོད་ཀྱི་ཡོན་ཏན་ཚུལ་ལ་གུས་ཕྱག་འཚལ། །གནོད་པ་ཀུན་སེལ་འདོད་པའི་དོན་ཀུན་སྩོལ། ཁམས་གསུམ་དབང་བསྡུད་གནོད་བྱེད་ཐལ་བར་རློག །གང་ལ་གང་འདུལ་ཐུགས་རྗེའི་འཇུག་པ་ཅན། །འཕྲིན་ལས་རྣམ་བཞི་སྒྲུབ་མཛད་ཁྱོད་ལ་བསྟོད། །གཉིས་མེད་སྦྱོར་ཡུམ་དཔལ་གྱི་རེ་མ་ཏཱི། །མཁའ་འགྲོ་ཁྱི་བདུན་རྗེས་འབྲངས་གྲོགས་མོའི་ཚུལ། །མོན་པ་ཕོ་མོ་གཤིན་རྗེ་གནོད་སྦྱིན་སོགས། །ནང་གི་ཕྱག་བརྙན་ཕོ་ཉ་རྣམས་ལ་འདུད། །མཐའ་ཡས་སྣང་སྲིད་ལྷ་སྲིན་དྲེགས་པ་ཅན། །བཀའ་འཁོར་ཐམས་ཅད་བསྟན་དགྲ་འདུལ་ལ་དཔའ། །སྒྲུབ་ལ་བཀྲ་ཤིས་དགེ་ལེགས་སྩོལ་བར་མཛད། །དཔལ་གྱི་བཀའ་སྡོད་ཀུན་ལ་བསྟོད་པ་འབུལ། །


TNT14_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བསམ་དོན་ཡིད་བཞིན་འགྲུབ་པ་དང༌། །སྔོན་གྱིས་ལས་དང་འཕྲལ་རྐྱེན་ལས་བྱུང་བའི། །བར་ཆད་མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །ཚེ་དང་བསོད་ནམས་དབང་ཐང་རྒྱས་པར་མཛོད། །ཤཱཀྱ་སེང་གེའི་དགོངས་དོན་དར་བ་དང༌། །འགྲོ་ཀུན་བདེ་ལ་འགོད་པའི་ལས་ནུས་ཅན། །རང་གཞན་ཐམས་ཅད་བདེ་དང་ཐར་པ་དང༌། །རྟག་ཏུ་འགོད་པའི་མཐུ་སྟོབས་ལྡན་པར་ཤོག །ཅེས་པའང་ས་སྐྱོང་ཀུན་དགའ་རབ་བརྟན་གྱིས་བསྐུལ་ནས་ཏཱ་ར་ནཱ་ཐས་སྨྲས་པའོ། །ཞུས་དག།


previousལེགས་ལྡན་ནག་པོའི་གསོལ་ཀnext