Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེགས་ལྡན་མཧཱ་ཀཱ་ལ་འཁོར་མང་གི་བསྟོད་པ་འཕྲིན་ལས་ཀུན་འགྲུབ།
   
   
   
   
   
   
   
   
   


 
previousལེགས་ལྡན་མཧཱ་ཀཱ་ལ་འཁོར་མང་གི་བསྟོད་པ་འཕྲིན་ལས་ཀུན་འགྲུབ།next

ལེགས་ལྡན་མཧཱ་ཀཱ་ལ་འཁོར་མང་གི་བསྟོད་པ་འཕྲིན་ལས་ཀུན་འགྲུབ།


TNT14_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ལྡན་མཧཱ་ཀཱ་ལ་འཁོར་མང་གི་བསྟོད་པ་འཕྲིན་ལས་ཀུན་འགྲུབ་ཅེས་བྱ་བ་བཞུགས་སོ། །


TNT14_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལེགས་ལྡན་མཧཱ་ཀཱ་ལའི་བསྟོད་པ་འཕྲིན་ལས་ཀུན་འགྲུབ་ཅེས་བྱ་བ། བླ་མ་དང་མགོན་པོ་ལ་ཕྱག་འཚལ་ལོ། །ལྷ་ཆེན་དཔལ་འབར་མཐུ་སྟོབས་བསམ་མི་ཁྱབ། །ཐུགས་རྗེའི་བདག་ཉིད་འགྲོ་བའི་གཉེན་གཅིག་པུ། །རྒྱལ་བའི་ཡེ་ཤེས་མཁྱེན་པ་ཐུགས་སུ་ཆུད། །ལེགས་ལྡན་ནག་པོ་འཁོར་བཅས་བསྟོད་པར་བགྱི། ཁམས་གསུམ་འཇིག་རྟེན་ཀུན་ཁྱབ་རྟག་པའི་གཙོ། །དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་པ་སྲུང༌། །ཕྱོགས་བཅུའི་ཞིང་ཁམས་ཀུན་ལ་དབང་སྒྱུར་བ། །དགེ་ལ་སྤྱོད་པ་ཀུན་གྱི་སྟེང་འཛིན་ཞིང༌། །དམ་ཚིག་ཉམས་པ་ཀུན་གྱི་སྲོག་གཅོད་མཁན། །འཁོར་ལོའི་དབང་ཕྱུག་ཀུན་གྱི་བཀའ་སྡོད་དེ། །གསང་སྔགས་ཆོས་རྣམས་ཀུན་དུ་སྐྱོང་བའི་མགོན། །ཏྲཀ་ཤད་མཧཱ་ཀཱ་ལ་ཁྱེད་ལ་བསྟོད། །འཇིག་རྟེན་མཐུན་ཕྱིར་མཧཱ་དེ་བའི་སྲས། །རེས་འགའ་མི་བཟད་དུག་གི་ནགས་


TNT14_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཁྲུངས། །ཕལ་ཆེར་འཇིག་རྟེན་དབང་པོའི་ཐུགས་ལས་སྤྲུལ། །གཞན་དུ་གསང་བའི་བདག་པོའི་ལས་བྱེད་མཆོག །གཟི་བརྗིད་ཁྲོ་རྒྱལ་འཆོལ་བ་སྟོབས་པོ་ཆེ། །གཤིན་རྗེ་གཤེད་པོའི་གཅན་པ་འཇིགས་གཟུགས་ཅན། །རྟག་པར་མ་མོའི་ཚོགས་དང་ལྷན་ཅིག་རོལ། །བདུད་འཇོམས་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་སྟོང་དང་ལྷན་ཅིག་ཐུགས་བསྐྱེད་པ། ཁྱེད་ནི་འདྲེན་མཆོག་ཤཱཀྱའི་རྒྱལ་པོ་ཡིས། །བསྟན་སྲུང་ཀུན་གྱི་རྒྱལ་པོར་མངའ་གསོལ་མཛད། །སྡིག་ཅན་ཡོངས་ཀྱི་གཤེད་མ་དཔའ་བོ་ཁྱེད། །མ་རུངས་ཀུན་ལ་སྲོག་གཅོད་མཐར་བྱེད་ཉིད། །ཆོས་གཞི་ཀུན་གྱི་སྲུང་མ་མེལ་ཚེ་མཁན། །ཆོས་བཞིན་སྤྱོད་པ་ཀུན་གྱི་དགྲ་ལྷའི་རྒྱལ། །སྲིད་པའི་བྱེད་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །ཨུ་ཙ་ལ་ཡི་དུར་ཁྲོད་ཆེན་པོ་ནི། །མི་དང་འབྱུང་པོའི་བམ་


TNT14_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རི་ལྟར་སྤུངས། །རུས་པའི་གྲམ་ཁྲོད་དུ་མས་ཕྱོགས་ཀུན་ཁྱབ། །ཞག་དང་ཀླད་པའི་འདམ་རྫབ་ལྟེང་ཀ་འཁྱིལ། ཁྲག་རྒྱུན་དྲོན་མོའི་ཆུ་ཀླུང་བརྒྱ་ཕྲག་འབབ། །མི་བསྲུན་བྱ་དང་གཅན་གཟན་ཚོགས་ཀུན་རྒྱུ། །ཤ་ཟ་སྲིན་པོ་བྲོ་བརྡུང་གླུ་གར་བྱེད། །དྲག་པོའི་ཞིང་མཆོག་དེ་ལའང་བསྟོད་པར་བགྱི། །རིན་ཆེན་སྣ་ཚོགས་ལས་གྲུབ་གཞལ་མེད་ཁང༌། །དེ་དབུས་ཐོད་མཁར་མེ་རླུང་འཚུབ་མའི་ནང༌། །འདེགས་བྱེད་གླང་ཆེན་སེང་གེ་བྱ་ཁྱུང་ཅན། །གསེར་གྱི་ཁྲི་མཆོག་པདྨ་ཉི་ཟླས་སྤྲས། །བསྟན་དགྲ་བསྒྲལ་བའི་མི་རོ་རྟ་རོ་འབུམ། །དུད་སྤྲིན་འཐུལ་ཞིང་མེ་སྟག་འཕྲོ་བ་ཡི། །དུག་གི་མེ་ཏོག་བཅས་པར་བཀྲམ་པའི་གཞི། །ཡེ་ཤེས་ལས་སྤྲུལ་གནས་མཆོག་དེ་ལ་འདུད། །གྲུ་གསུམ་མཐིང་ནག་བརྩེགས་པའི་དཀྱིལ་འཁོར་དུ། །དཔལ་ཆེན་མགོན་ནག་སྲིན་པོ་ཁྲོས་པའི་ཚུལ། །ཤྭ་ནའི་ཞལ་གྱིས་འགལ་བྱེད་བླ་ཚེ་རྔུབ། །དུག་སྡོང་འབར་བས་སྟོང་ཁམས་ཁྱབ་པར་བསྲེགས། །བདུད་ཞགས་ནག་པོས་ལོག་འདྲེན་ཁྲག་ཁྲིག་འཆིང༌། །ངན་སེམས་ཅན་ཀུན་བདུད་ཀྱི་ཁྲམ་ལ་འདེབས། །དགྲ་སྙིང་ཕུང་པོ་ཐོད་པར་བླུག་སྟེ་གསོལ། །ཕྱག་བཞིས་བདུད་བཞི་འཇོམས་པའི་དཔའ་བོ་ཆེ། །རབ་ཁྲོས་གཏུམ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྡང་མིག་ཉིན་བྱེད་བྱེ་བའི་འོད་དང་མཉམ། །མཆེ་གཙིགས་སྟོན་ཟླ་འབུམ་གྱི་འོད་དཀར་འགྱེད། །གློག་དམར་གྲངས་མེད་འགྱུ་བ་ལྟ་བུའི་ལྗགས། །བསྐལ་པའི་མེ་མཚུངས་སྨ་ར་སྨིན་མ་སེར། །རལ་པ་བསྐྱོད་པས་ས་གསུམ་མུན་པར་འཇུག །


TNT14_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་སྟབས་ཤུགས་ཀྱིས་རྩོམ་ཆེན་རླུང་ཡང་བསྒུལ། །ཤུགས་དྲག་ཕྱག་གིས་སྟོང་གསུམ་སྐད་ཅིག་ཉུལ། །ནག་པོ་གཟི་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །གད་རྒྱངས་གཅིག་གིས་རི་དབང་སྟོང་ཕྲག་སྒྱེལ། །ལྷབ་ལྷུབ་ན་བཟའ་གཡོ་བས་མཁའ་དབྱིངས་འགེངས། །སྣ་ཚོགས་རྒྱན་གྱི་སྣང་བས་ཞིང་ཀུན་ཁྱབ། །ལྟ་ཟེར་འབར་བས་ལྷ་མིན་གྲོང་ཁྱེར་བསྲེགས། །སྙན་ནས་གློག་འགྱུ་འབྲུག་སྟོང་དུས་གཅིག་ལྡིར། །ཤ་ཁྲག་རུས་པའི་རི་བོ་ཞལ་དུ་འདེབས། །ཤངས་ཀྱི་ཁོང་ནས་དུས་མཐའི་རླུང་ཡང་ལྡང༌། །སྲིད་གསུམ་བྱེད་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཚངས་དང་དབང་པོས་མདུན་ནས་གུས་པས་བསུ། །གཤིན་རྗེ་སྲིན་པོ་བཀའ་ཉན་ལས་ལ་འགྱེད། །གདོང་དྲུག་ཚོགས་བདག་ལྷ་དམག་སྐུལ་མར་གཏོང༌། །གཟའ་དང་གནོད་སྦྱིན་ཐམས་ཅད་ཕྱི་ཡི་བྲན། །ཀླུ་དང་གསང་བ་པ་རྣམས་ནང་གི་འབངས། །རླུང་དང་སྲེག་ཟའི་ལྷ་ཡིས་ལོགས་ནས་བསྟོད། །ལྷ་ཡི་ལྷ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །རྫུ་འཕྲུལ་རྟ་ནག་ཆིབས་ནས་ཕྱོགས་ཀུན་གནོན། །སེང་གེ་ཆིབས་ནས་ཕ་རོལ་གཡུལ་ངོ་ཟློག །འཕྲུལ་གྱི་བྱ་ཁྲ་གཏེར་བདག་ཚོགས་རྣམས་ཀུན། །སྔོན་དུ་རྒྱུ་ཞིང་སྔ་དགྲ་དར་བ་འཇོམས། །གསོད་བྱེད་གཤིན་རྗེ་རྔམ་པ་གཅན་གཟན་ཚུལ། །ཕྱི་བཞིན་འབྲངས་ནས་ཕྱིའི་དགྲ་རྡུལ་དུ་རློག །རུ་མཚོན་ཐོགས་ཏེ་ལྷ་རྣམས་དབུགས་ཀྱང་འབྱིན། །སྡེ་བརྒྱད་དམག་དཔོན་ཆེན་པོར་ཕྱག་འཚལ་བསྟོད། །བདུད་འདུལ་ཙན་དན་བང་ཆེན་ཐོགས་པའི་ཚེ། །དམག་ཚོགས་


TNT14_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དབྱིངས་ཁྱབ་པའི་སྤྲུལ་པ་སྟོན། །བདུད་རྒྱལ་ཉི་ཁྲི་ཆིག་སྟོང་སྐུ་ལས་སྤྲུལ། །བྱེ་བ་དུང་ཕྱུར་བདུད་དམག་ལིངས་ལ་འགྱེད། །གཡས་ནས་ལྷ་དམག་དཀར་པོ་འབུམ་སྡེ་འཕྱོ། །གདུག་རྩུབ་གཅེར་བུ་འབུམ་སྡེ་གཡོན་ནས་རྒྱུག །སྲིན་པོའི་དམག་ཚོགས་གྲངས་མེད་བཀའ་ལ་སྡོད། །གཟི་བྱིན་མཐའ་ཡས་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་སྡེ་བརྒྱད་མ་ལུས་ལས་ལ་འཁོལ། །སངས་རྒྱས་ཀུན་གྱི་དགོངས་པ་ཁྱོད་ཀྱིས་སྒྲུབ། ཁྱོད་སྐུ་དྲན་པ་ཙམ་གྱིས་དགྲ་ཚོགས་སྟོངས། །མཚན་སྨོས་ཙམ་ན་བགེགས་ཀུན་ཕྱོགས་བཅུར་འབྲོས། ཁྱོད་ལ་དད་གུས་སྐད་ཅ།ིག་གཅིག་བསྐྱེད་པས། །ནད་མེད་ཚེ་རིང་འབྱོར་བ་ཐམས་ཅད་འབྱུང༌། སྙིང་པོ་བཟླས་པ་ཙམ་གྱིས་སྒྲིབ་ཀུན་སེལ། །ཐུགས་རྗེའི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་འདུད། །གནས་མཆོག་འདོད་པའི་རྒྱལ་པོའི་ཁང་བཟང་ན། །ལྷ་རྫས་འདོད་ཡོན་ཀུན་ལ་དགེས་རྒུར་རོལ། །མི་བཟད་འཇིགས་ཆེན་དུར་ཁྲོད་བརྒྱད་པོ་རུ། །མཚན་མོ་རྒྱུ་བ་ཀུན་གྱི་སྡེ་དཔོན་ཚུལ། །ཨོ་རྒྱན་ལ་སོགས་ཉེར་བཞིའི་ཡུལ་ཆེན་དུ། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས་ཀྱི་དབང༌། །འཕགས་མཆོག་ཁྱོད་ནི་རྡོ་རྗེ་ཐེག་པ་འདིར། །རྒྱུད་ཀུན་བདག་པོར་གྱུར་ལ་ཕྱག་འཚལ་བསྟོད། །དཔའ་བོ་ཆེ་ཁྱོད་རེས་འགའ་ས་སྟེང་རྒྱུ། །དུག་དང་མེ་དཔུང་མཚོན་ཆའི་ཆར་སྤྲིན་འཁྲུག །ནག་ཕྱོགས་འདྲེ་ཀུན་དྭངས་ཤིང་སྙིང་ཁྲག་སྐྱུག །ངན་སེམས་ཅན་གྱི་མི་རྣམས་སྲོག་རྩ་འཆད། །ལན་འགའ་བར་སྣང་མཁའ་ལ་གཤེགས་ཙ་ན། །ཉི་ཟླ་གཟའ་སྐར་ཚོགས་ཀྱིས་མེ་


TNT14_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་འཐོར། །བདུད་རྣམས་སྐྲག་ཅིང་མྱོས་ལ་ཀླད་པ་འགེམས། །སྟོབས་ཆེན་ཕ་རོལ་གནོན་ལ་ཕྱག་འཚལ་འདུད། །དུས་གཞན་དག་ཏུ་ས་འོག་འཇིག་རྟེན་རྒྱུ། །རི་རབ་དང་བཅས་ས་གཞིར་འདར་ཞིང་བསྐྱོད། །རྒྱ་མཚོ་བདུན་ཡང་འར་འུར་ཆལ་ཆིལ་འཁྲུགས། །འབུམ་ཕྲག་གྲུབ་པའི་སྡེ་རྣམས་གར་ཡང་བསྒྱུར། ཁྲག་ཁྲིག་བཅུ་གཉིས་གདེངས་ཅན་བུ་མོ་ཡིས། །གླུ་དབྱངས་སྟོང་དང་རོལ་མོ་བྱེ་བས་མཆོད། །མཐའ་དག་ལྷ་མིན་དབང་པོས་ཐལ་མོ་སྦྱོར། །མཆོད་འོས་མཐུ་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །མགོན་ཁྱོད་འཛམ་བུའི་གླིང་དུ་རྟག་བཞུགས་ཚེ། །གཙུག་ལག་ཁང་རྣམས་གཡེལ་མེད་བསྲུང་བ་དང༌། །དགེ་འདུན་ཐམས་ཅད་ཆོས་བཞིན་སྤྱོད་དུ་འཇུག །སངས་རྒྱས་བསྟན་ལ་སངས་རྒྱས་ཉིད་དང་མཚུངས། །བདུད་དང་བགེགས་དང་ལྷ་མིན་གནོད་པ་བཟློག ཁྱོད་ལ་མཆོད་ཅིང་ཁྱོད་ཀྱིས་བསྐྱངས་པ་ན། །ཆོས་སྤྱོད་བཅུ་པོ་ཡར་ངོའི་ཟླ་ལྟར་རྒྱས། །བར་ཆད་ཀུན་སེལ་ཆོས་སྲུང་ཁྱོད་ལ་འདུད། །མ་རུངས་གདུག་ཅན་འདུལ་བར་མཛད་ཙ་ན། །མི་སྙིང་རྫ་ལྟར་བརྙིལ་བ་ཁྱོད་ཀྱི་ཟས། ཁྲག་ཆེན་བཤྭའ་རྒལ་རྒྱུག་པ་སྐོམ་དུ་འཐུང༌། །མེ་འོད་འཁྲུགས་པ་ཁྱོད་ནི་དུར་ཁྲོད་དུ། །རོ་ལངས་ཆེན་པོ་རྣམས་དང་སྒྱུ་རྩལ་རྩེ། །རྣལ་འབྱོར་ཅན་ལ་ཉམས་ཀྱི་དྲོད་ཚད་ཉུལ། །དམ་ཚིག་ཅན་ལ་འབྲལ་མེད་གདོང་གྲོགས་མཛད། །སྔགས་རིག་དགྲ་ལྷ་ཁྱོད་ལ་ཕྱག་འཚལ་འདུད། །སྒྲུབ་པོ་མཆོག་ལ་རིག་འཛིན་དངོས་གྲུབ་སྩོལ། །རི་ལུ་མིག་སྨན་དངུལ་ཆུ་


TNT14_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་མོ། །རལ་གྲི་རྐང་མགྱོགས་གཏེར་ཆེན་ཁ་ཅིག་ལའོ། །སྐལ་བ་ཤིན་དུ་ཆུང་ཡང་ཞི་སོགས་ལས། །ཐོགས་མེད་རྩོལ་ཁྱོད་དངོས་གྲུབ་ཀུན་གྱི་བདག །མ་སྒྲུབས་བར་ཡང་དབང་ཐང་ཕུན་ཚོགས་ཐོབ། །བསད་བསྐྲད་དབྱེ་བས་དགྲ་འཇོམས་ནུས་པར་འགྱུར། །མཐུ་རྩལ་འགྲན་ཟླ་མེད་པ་ཁྱོད་ལ་བསྟོད། །འདི་ན་འཇིག་རྟེན་དབང་བསྒྱུར་དེ་ཀུན་གྱི། །མགོ་ལ་ཁྱོད་ཀྱི་ཞབས་པད་རྡུལ་ཕྲེང་གཡོགས། ཁྱོད་མཐོང་ཙམ་གྱིས་གཤིན་རྗེའི་ཕོ་ཉ་བྱེར། །ཕྱོགས་དང་ཕྱོགས་མཚམས་ས་གསུམ་ཐམས་ཅད་དུ། །མི་མཐུན་གཡུལ་ལས་རྒྱལ་བའི་རྔ་ཆེན་བརྡུངས། །ལྷ་མཆོག་ལེགས་ལྡན་མཧཱ་ཀཱ་ལ་དེ། །དྲག་ཤུལ་ཅན་ཁྱོད་རྟག་ཏུ་བདག་བསྟེན་ནོ། །དངོས་པོ་ཀུན་གྱིས་མཆོད་ཅིང་ཕྱག་འཚལ་ལོ། །དཔལ་གྱི་ཐུགས་ལ་དགྱེས་བདེ་བསྐྱེད་བྱེད་ཡུམ། །འཕྲིན་ལས་ཀུན་སྒྲུབ་དཔལ་ལྡན་རེ་མ་ཏཱི། །སྒྲུབ་པོ་དམ་ལྡན་མ་ཡིས་བུ་བཞིན་སྐྱོང༌། ཁམས་གསུམ་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །མངོན་གཅོད་འཕྲིན་ལས་སྒྲུབ་ལ་ཐགས་ཐོགས་མེད། །རི་རབ་ཡུད་ཀྱིས་བསྐོར་ཞིང་རྫུ་འཕྲུལ་འགྱེད། །འགྲོ་བ་དྲུག་གི་སྲོག་ལ་མངའ་མཛད་མ། །ལས་བྱེད་ཁྱི་གདོང་བདུན་ལ་ཕྱག་འཚལ་བསྟོད། །ཆོ་འཕྲུལ་མཐའ་ཡས་སྟོན་བྱེད་མིག་སྒྱུར་མ། །ནད་ཀྱི་བདག་མོ་དགྲ་བོའི་ཤ་ལ་རྔམ། །བར་ཆད་ལོག་འདྲེན་བགེགས་ཀྱི་ཁྲག་ལ་རོལ། །དུར་ཁྲོ་མ་མོ་བདུན་ལ་ཕྱག་འཚལ་བསྟོད། །རབ་གཏུམ་ཕོ་ཉ་མོན་པ་ནག་པོའི་ཚུལ། །འཇིག་རྟེན་དྲེགས་པའི་གཙོ་བོ་དམག་དཔོན་བདུན། །


TNT14_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ལ་འགལ་བྱེད་མིང་གི་ལྷག་མར་འཇོག །རྡོ་རྗེ་བཤན་པའི་ཚོགས་ལ་བསྟོད་པར་བགྱི། །མཐོ་རིས་ས་སྟེང་ས་འོག་སྲིད་གསུམ་ལ། །དབང་བྱེད་དྲག་གཏུམ་ཟིལ་གནོན་སེང་གེའི་གདོང༌། །སྡང་བའི་དགྲ་ལ་གནམ་ལྕགས་ཐོགས་ལྟར་རྒྱུག །གསང་བའི་ལས་མཁན་གསུམ་ལ་བསྟོད་པར་བགྱི། །དངོས་སུ་བཤམས་དང་ཡིད་བྱུང་མཆོད་པ་འབུལ། །བདེན་སྟོབས་ལས་བྱུང་མཆོད་སྤྲིན་རྒྱ་མཚོ་འབུལ། །ཕྱི་ནང་གསང་བའི་དམ་རྫས་མཐའ་དག་འབུལ། །ལེགས་ལྡན་དགྱེས་པའི་རྟེན་རྫས་དཔག་ཡས་འབུལ། །རྒྱ་ཆེན་ཕྱོགས་གྲོལ་ཁྱབ་པའི་མཆོད་པ་འབུལ། །རང་བཞིན་ཡེ་ཤེས་ཆེན་པོའི་ངོ་བོར་འབུལ། །རྣམ་འགྱུར་འདོད་ཡོན་བསམ་མི་ཁྱབ་པར་འབུལ། །ཉམས་མྱོངས་ལྷན་སྐྱེས་བདེ་བ་ཆེན་པོར་འབུལ། །བདག་དང་རྒྱུད་ལྔར་འཁོར་བའི་འགྲོ་རྣམས་ཀྱི། །ཉེས་བྱས་གང་ཡིན་ཆོས་དབྱིངས་ངང་དུ་བཤགས། ཁྱད་པར་དམ་ཚིག་འགལ་འཁྲུལ་གྱུར་པ་ཀུན། ཁྱེད་ཐུགས་སྙིང་རྗེའི་ཀློང་དུ་བཟོད་པར་གསོལ། །དཔལ་མཆོག་མགོན་པོ་ལྕམ་དྲལ་ཁྱེད་ཉིད་ལ། །ལས་འབྲེལ་འཇོག་པའི་དགེ་ལ་རྗེས་ཡི་རང༌། །འཁོར་བ་མ་སྟོངས་བར་དུ་འདིར་བཞུགས་ལ། །བླ་མེད་དམ་ཆོས་བདུད་རྩིའི་ཆར་ཆེན་ཕོབ། །དགེ་འདིས་དཔལ་ཆེན་ཁྲག་འཐུང་ལེགས་ལྡན་ཆེ། ཁྱེད་བཞིན་བདག་ཀྱང་དུས་གསུམ་རྒྱལ་ཀུན་གྱི། །འཕྲིན་ལས་རྒྱུན་མི་འཆད་པར་སྒྲུབ་པ་དང༌། །གང་ལ་གང་འདུལ་འགྲོ་དོན་ནུས་པར་ཤོག །ཅེས་པ་ལེགས་ལྡན་མཧཱ་ཀཱ་ལ་འཁོར་


TNT14_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

མང་གི་བསྟོད་པ་འཕྲིན་ལས་ཀུན་འགྲུབ་ཅེས་བྱ་བ་འདི་ནི། ས་སྐྱོང་མིའི་དབང་པོ་ཀུན་དགའ་རབ་བསྟན་དབང་གི་རྒྱལ་པོའི་གསུང་གིས་བསྐུལ་ནས་ཏཱ་ར་ནཱ་ཐས་སྨྲས་པའོ། །མངྒ་ལཾ།།


previousལེགས་ལྡན་མཧཱ་ཀཱ་ལ་འཁོར་མང་གི་བསྟོད་པ་འཕྲིན་ལས་ཀུན་འགྲུབ།next