Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་མགོན་ཏྲཀྴད་ཀྱི་འཕྲིན་ལས་བསྐང་གསོ་སོགས་ཉེར་མཁོ་འགའ་ཞིག
   
   
   
   
   
   
   
   


 
previousདཔལ་མགོན་ཏྲཀྴད་ཀྱི་འཕྲིན་ལས་བསྐང་གསོ་སོགས་ཉེར་མཁོ་འགའ་ཞིགnext

དཔལ་མགོན་ཏྲཀྴད་ཀྱི་འཕྲིན་ལས་བསྐང་གསོ་སོགས་ཉེར་མཁོ་འགའ་ཞིག


TNT14_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་ཏྲཀྴད་ཀྱི་འཕྲིན་ལས་བསྐང་གསོ་སོགས་ཉེར་མཁོ་འགའ་ཞིག་བཞུགས་སོ། །


TNT14_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྐད་ཅིག་གིས་རི་རབ་གླིང་བཞི་གླིང་ཕྲན་བྱེ་བ་བསམ་གྱིས་མི་ཁྱབ་པ། ཐུན་རྫས་འདོད་པའི་ཡོན་ཏན་དུ་མ་དང་ལྡན་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ། སྥ་ར་ཎ་ཨི་མཾ་ག་ན་ཁཾ་སྭཱཧཱ། ཨོཾ་ཨཱཿཧཱུཾ། ཧཱུཾ། ཏྲཀྴད་མཧཱ་ཀཱ་ལ་དང༌། །ཡུམ་གཅིག་ལྷ་མོ་མ་ཕམ་མ། །འཁོར་གྱི་དམ་ཅན་རྒྱ་མཚོའི་ཚོགས། །དེ་རིང་སྲིད་པའི་མདོས་ལ་བྱོན། །སྲིད་གསུམ་རབ་འབྱམས་འཇིགས་རྟེན་ཁམས། །སྟོང་གསལ་ནམ་མཁའ་འོད་ཀྱི་གཞི། །རླུང་མེ་ཆུ་སའི་དཀྱིལ་འཁོར་ལ། །རི་མཚོ་གླིང་བདུན་བཀོད་པ་འཛེས། ཁྱད་པར་གླིང་བཞི་གླིང་ཕྲན་བརྒྱད། །འདོད་པའི་ཡོན་ཏན་སྣ་ཚོགས་ལྡན། །རི་རབ་རིན་ཆེན་བཞིའི་རང་བཞིན། །ལྷ་དང་མི་ཡི་བཀོད་པ་འབར། །ཤར་ཕྱོགས་


TNT14_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཤེས་ལས་གྲུབ། །དྲི་ཟ་བྱེ་བ་བརྒྱ་ཡི་རྟེན། །ལྷོ་ཕྱོགས་བཻཌཱུརྱ་ལས་གྲུབ། །གཤིན་རྗེ་བྱེ་བ་བརྒྱ་ཡི་རྟེན། །ནུབ་ཕྱོགས་པདྨ་རཱ་ག་འབར། །ལྟོ་ཕྱེ་བྱེ་བ་བརྒྱ་ཡི་རྟེན། །བྱང་ཕྱོགས་རིན་ཆེན་གསེར་ལས་གྲུབ། །གནོད་སྦྱིན་བྱེ་བ་བརྒྱ་ཡི་རྟེན། །སུམ་ཅུ་རྩ་གསུམ་ལ་སོགས་པ། །ལྷ་གནས་བཀོད་པ་བསམ་མི་ཁྱབ། །འོག་མིན་གནས་ཀྱི་བྱང་ཤར་དང༌། །དབང་ཕྱུག་ཆེན་པོའི་གནས་རབ་མཆོག །རི་རྒྱལ་ལྷུན་པོའི་བྱང་ཕྱོགས་དང༌། །ཚང་ཚིང་འཁྲིགས་སོགས་དུར་ཁྲོད་དུ། །དཔལ་ཆེན་ལྕམ་དྲལ་གཞལ་མེད་ཁང༌། །རྒྱུ་ནི་རིན་ཆེན་བྱེ་བ་འབུམ། །རྨངས་ནི་རྡོ་རྗེ་ཕ་ལམ་ལ། །ཐོད་པ་སྣ་ཚོགས་བརྩིགས་པའི་མཁར། །གྲུ་བཞི་སྒོ་བཞི་རྟ་བབས་བཞི། །སྣ་ཚོགས་དུར་ཁྲོད་རྒྱན་གྱིས་བརྒྱན། །མཐིང་ནག་ཟུར་གསུམ་ལྕགས་རིས་བསྐོར། །


TNT14_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

མདུང་དང་རལ་གྲི་གཤིབས་པས་མཛེས། །རོ་དང་རོ་ལངས་བྱ་གཅན་སོགས། །འཇིགས་སུ་རུང་བའི་བཀོད་པ་འབར། །བྱེ་བ་བསམ་གྱིས་མི་ཁྱབ་པ། །ཆོས་དབྱིངས་བདེན་པའི་མཐུ་སྟོབས་དང༌། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དང༌། །རྟེན་འབྲེལ་རྫས་དང་ནུས་པའི་མཐུས། །ཟག་མེད་ཕུལ་བྱུང་རྣམ་པར་བཀོད། །ཧཱུཾ་གླིང་བཞི་རི་རབ་མཛེས་པ་ཡང༌། །བྱེ་བ་ཁྲག་ཁྲིག་གྲངས་མེད་ཀྱིས། །ནག་པོ་ལྕམ་དྲལ་འཁོར་དང་བཅས། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག། ཐུགས་དམ་གཉན་སྐོང་བར་ཆད་གསོལ། །ཐུགས་དམ་གཉན་སྐོང་དངོས་གྲུབ་སྩོལ། །ཐུགས་དམ་གཉན་སྐོང་བསམ་པ་སྒྲུབས། །ཐུགས་དམ་གཉན་སྐོང་འཕྲིན་ལས་མཛོད། །གཞལ་མེད་ཁང་བཟང་བཀོད་པ་ཡང༌། །བྱེ་བ་ཁྲག་ཁྲིག་གྲངས་མེད་ཀྱིས། །ནག་པོ་ལྕམ་དྲལ་འཁོར་དང་བཅས། །ཐུགས་དམ་གཉན་པོ༴སོགས། འདི་མན་ཀུན་ལ་འགྲེའོ། །ཤེལ་ནག་རྒྱལ་མཚན་འབར་བ་ཡང༌། །བྱེ་བ༴ དར་ནག་བ་དན་འབར་བ་ཡང༌། །བྱེ་བ༴ གྲི་གུག་རལ་གྲི་ལ་སོགས་ཀྱང༌། །བྱེ་བ༴ རྟ་ནག་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ དྲེལ་ནག་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ རྔ་མོང་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ འབྲོང་ཆེན་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ ལུག་ནག་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ ཁྱི་ནག་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ སྟག་ཆེན་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴


TNT14_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

གཟིག་ཆེན་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ སེང་ཆེན་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ དོམ་ནག་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ དྲེད་མོང་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ སྤྱང་ཀི་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ བྱ་ཁྲ་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ ཁྱུང་ཆེན་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ གཡུ་འབྲུག་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ མ་ཧེ་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ ལྟོ་འཕྱེ་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ བྱ་རོག་རྒྱན་གྱིས་བརྒྱན་པ་ཡང༌། །བྱེ་བ༴ མ་ཧཱ་གསེར་གྱི་རུས་སྦལ་ཡང་༴ བྱེ༴ མཐིང་ནག་ནམ་མཁའ་མཛེས་པ༴ བྱེ༴ འཕན་དར་རྒྱལ་མཚན་བརྗིད་པ༴ བྱེ༴ ལྷ་བཤོས་དཀར་ཟླུམ་མཛེས་པ་ཡང་༴ བྱེ༴ བཤོས་ཕྲན་དམར་པོ་ཟུར་གསུམ་ཡང༌། །བྱེ༴ གསང་ཕྱི་ཟླ་གམ་མཛེས་པ་ཡང༌། །བྱེ༴ བདུད་བཤོས་ཟུར་བཞི་རྩེ་རྒྱས་ཡང༌། བྱེ་བ༴ བཤོས་ཕྲན་ཏིང་ལོར་བཅས་པ་ཡང༌། །བྱེ་བ༴ ཐོད་པ་ཁྲག་གིས་བསྐང་བ་ཡང༌། །བྱེ་བ༴ སྨན་སྣ་སྣ་ཚོགས་རིལ་བུ་ཡང༌། །བྱེ་བ༴ གླུད་གཟུགས་དབང་པོ་ཚང་བ་ཡང༌། །བྱེ་བ༴ ཆང་བུ་མཐེབ་ཀྱུ་བཅས་པ་ཡང༌། །བྱེ་བ༴ ཟས་སྣ་བསམ་གྱིས་མི་ཁྱབ་ཡང༌། །བྱེ་བ༴ དབང་པོ་རྣམ་ལྔ་བཀྲམ་པ་ཡང༌། །བྱེ་བ༴ དོན་སྙིང་རྣམ་ལྔ་བཀྲམ་པ་ཡང༌། བྱེ་བ༴ ཡན་ལག་ལྷུ་དུམ་བཀྲམ་པ་ཡང༌། །བྱེ་བ༴ རཀྟའི་རྒྱ་མཚོ་འཁྱིལ་པ་ཡང༌། །བྱེ་བ༴ ཤ་ཆེན་རི་ལྟར་


TNT14_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་པ་ཡང༌། །བྱེ་བ༴ ཀེང་རུས་གཅལ་དུ་བཀྲམ་པ་ཡང༌། །བྱེ་བ༴ ཞིང་གི་བླ་རེ་བ་དན་ཡང༌། །བྱེ་བ༴ གསུར་ཆེན་སྤྲིན་ལྟར་གཏིབས་པ་ཡང༌། །བྱེ་བ༴ ཞུན་ཆེན་སྒྲོན་མེ་སྦར་པ་ཡང༌། །བྱེ་བ༴ བདུད་རྩི་སྨན་གྱི་མཆོད་པ་ཡང༌། །བྱེ་བ༴ རྟེན་རྒྱུན་ཐུན་གྱི་གཏོར་མ་ཡང༌། །བྱེ་བ༴ གཞན་ཡང་འདོད་ཡོན་བསམ་མི་ཁྱབ། །བྱེ་བ་ཁྲག་ཁྲིག་གྲངས་མེད་ཀྱིས། །ནག་པོ་ལྕམ་དྲལ་འཁོར་དང་བཅས། །ཐུགས་དམ་གཉན་པོ་སྐོངས་གྱུར་ཅིག །ཐུགས་དམ་གཉན་སྐོངས་བར་ཆད་སེལ། །ཐུགས་དམ་གཉན་སྐོང་དངོས་གྲུབ་རྩོལ། །ཐུགས་དམ་གཉན་སྐོང་བསམ་པ་སྒྲུབས། །ཐུགས་དམ་གཉན་སྐོང་འཕྲིན་ལས་མཛོད། །ཧཱུཾ་དྲཀྴད་མཧཱ་ཀཱ་ལ་དང༌། །ནག་མོ་ཟ་བྱེད་བེ་ཏ་ལི། །དགོངས་པ་མཉམ་ཉིད་ཆེན་པོའི་ཀློང༌། །ལེགས་ཉེས་བཟང་ངན་རྟགས་དང་བྲལ། སྤྲུལ་པ་ཡང་སྤྲུལ་འཁོར་གྱི་ཚོགས། །རྟག་འཛིན་ཚར་གཅོད་རྗེས་གཟུང་གི །འཕྲིན་ལས་ལས་ལ་བརྩོན་པ་རྣམས། །དེང་འདིར་བདག་ལ་གསན་ཞིང་དགོངས། །བདག་ནི་མ་རིག་རྨོངས་དབང་གིས། །དམ་རྫས་མ་ཚང་མཆོད་གཏོར་གཡེལ། །སྒྲུབ་ལ་མི་བརྩོན་ལེ་ལོས་གཟིར། །གསང་བ་གཞན་ལ་སྤེལ་བ་སོགས། ཁྱེད་ཀྱི་ཐུགས་དང་འགལ་བ་རྣམས། །དོ་ནུབ་མདོས་ཀྱིས་དག་པར་མཛོད། །ལྟ་བ་ཉམས་པ་མདོས་ཀྱིས་སྐོང༌། །སྤྱོད་པ་ཉམས་པ་མདོས་ཀྱིས་སྐོང༌། །སྲིད་པའི་མདོས་ཀྱིས་ཐམས་ཅད་ཚངས། །


TNT14_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་ཀྱིས་མ་ཚང་གཅིག་ཀྱང་མེད། །བདག་དང་རྒྱུ་སྦྱོར་བཅས་པ་ཡི། །བཅིངས་པ་ཁྲོལ་ལ་བསྡམས་པ་ཀློད། །གཟུང་པ་ཐོང་ལ་ཉམས་པ་གསོས། །མཐུན་པ་སྒྲུབས་ལ་རེ་བ་སྐོང༌། །འདོད་པ་མཐའ་དག་གྲུབ་པ་དང༌། །བླ་མེད་བདེ་ཆེན་ཐོབ་པར་མཛོད།། །།དར་རྒྱས་འཕེལ། མངྒ་ལཾ། །༈ ཧཱུཾ་མོན་པ་དཀར་པོ་སེང་གེའི་མགོ །ཐེ་རང་རྒྱལ་པོ་ལས་ལ་འཁོལ། །བགེགས་ཀུན་འཇོམས་པའི་ཆོ་འཕྲུལ་ཅན། །སྐུ་ཡི་ལས་བྱེད་དུས་ལ་བབ། །མོན་པ་དམར་པོ་སེང་གེའི་མགོ །རྨུ་བཙན་ས་བདག་ལས་ལ་འགྱེད། །སྲི་བཙན་འདུལ་བའི་དྲག་ཤུལ་ཅན། །གསུང་གི་ལས་བྱེད་དུས་ལ་བབ། །མོན་པ་ནག་པོ་སེང་གེའི་མགོ །གཤིན་རྗེ་གཟའ་བདུད་ལས་ལ་འཁོལ། །དགྲ་ཀུན་གསོད་པའི་རྫུ་འཕྲུལ་ཅན། །ཐུགས་ཀྱི་ལས་བྱེད་དུས་ལ་བབ།། །།བཀྲ་ཤིས། ༈ ཧཱུཾ་ལྟ་བ་མཁའ་ལྟར་ཡངས་པས་མངའ་གསོལ་ལོ། །སྤྱོད་པ་ནོངས་འཁྲུལ་མེད་པས་མངའ་གསོལ་ལོ། །སྒོམས་པ་སྟེང་འགྲུས་མེད་པས་མངའ་གསོལ་ལོ། །དམ་ཚིག་ཚུལ་བཞིན་བསྲུང་བས་མངལ་གསོལ་ལོ། །ཕྱག་རྒྱ་ཏིང་འཛིན་བརྟན་པོས་མངའ་གསོལ་ལོ། །བཟླས་བརྗོད་མ་ཡེངས་ཚང་བས་མངའ་གསོལ་ལོ། །དཀོན་མཆོག་གསུམ་གྱི་བདེན་པས་མངའ་གསོལ་ལོ། །འཁོར་འདས་བཀྲག་མདངས་བཅུད་ཀྱིས་མངའ་གསོལ་ལོ། །སྡེ་བརྒྱད་མཁའ་འགྲོའི་ཚོགས་ཀྱིས་མངའ་གསོལ་ལོ། །སྲིད་གསུམ་བདག་པོ་


TNT14_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་མངའ་གསོལ་ལོ། །རྣལ་འབྱོར་བདག་གི་དགྲ་ལྷར་མངའ་གསོལ་ལོ། །བསྟན་སྲུང་ཀུན་གྱི་རྒྱལ་པོར་མངའ་གསོལ་ལོ། །ཆོས་འཁོར་ཡོངས་ཀྱི་སྲུང་མར་མངའ་གསོལ་ལོ། །བདུད་འདུལ་དམག་དཔོན་ཆེན་པོར་མངའ་གསོལ་ལོ། །བཀྲ་ཤིས་མཐུ་སྟོབས་དབང་པོར་མངའ་གསོལ་ལོ། །ཕྱོགས་ལས་རྣམ་པར་རྒྱལ་བར་མངའ་གསོལ་ལོ། །ཞེས་གྱེར་རོ། །བཤགས་པའི་རྗེས་ལ་སྐུལ་རྣམས་གྱེར། དེའི་རྗེས་སུ་དངོས་སུ་ཡང་གཟུགས་འགྲོས་དང༌། ན་བཟའ་དང༌། གོ་མཚོན་སོགས་བསྟར་ནས་བཞག །དམིགས་པ་དང༌། བཟླས་པ་ཅུང་ཟད་བྱས་ནས། ཡིད་ཀྱིས་འཁོར་མང་པོ་སྤྲུལ། མཆོད་པ་མཐའ་ཡས་པ་སྤེལ། མངའ་གསོལ་གྱེར་བར་བྱའོ།། །།ཞེས་པ་བསྟོད་བསྐུལ་མངའ་གསོལ་དང་བཅས་པའི་ཚོགས་མང་པོ་ལས། སྙིང་པོ་ཁྱེར་བདེ་བར་བྱས་པ་འདི་ཡང༌། ས་སྐྱོང་མིའི་དབང་པོ་ཀུན་དགའ་རབ་བརྟན་གྱི་ཐུགས་དམ་དུ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བསྒྲིགས་པའོ། །མངྒ་ལཾ།།༈ ཨོཾ་སྭཱ་སྟི། གཏོར་བཟློག་བསྡུས་པ་ནི། བསྐང་གཏོར་གྱི་མདུན་ནམ། གཡོན་དུ་བཤོས་བུ་གྲུ་གསུམ་ནག་པོ་ཤ་ཁྲག་གིས་བརྒྱན་པ་ཁྲུ་གང་བ་མཐེབ་ཀྱུ་བཅད་ཁ་ཕྱི་ལ་བསྟན་པས་བསྐོར་བ། དེའི་མདུན་དུ་དགོས་མཆོད་དང༌། སྣོད་གཅིག་ཏུ་གཏོར་ཆུང་དུ་གྲགས་པ་མཐེབ་ཀྱུ་བརྒྱ་རྩ་བརྒྱད་བཤམས། བསྐང་གསོ་ཚར་གཅིག་སོང་མཚམས། བཟློག་གཏོར་ཆེ་ཆུང་ལ་ཐུན་མོང་དུ་བྱིན་རླབས་དཀྱུས་ལྟར་དང༌། མཆོད་པ་བྱིན་རླབས་ཀྱང་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དགྲ་དང་བགེགས་དང་གནོད་བྱེད་ཐམས་ཅད་བཀུག་ནས་གཏོར་མ་ལ་ཐིམ། ཨོཾ་ཊཀྐི་ཧཱུཾ་ཛཿ ཎྲི་ཡཾ་ཛཿ ཏྲི་ཡཾ་ཛཿ ཞེས་ལན་གསུམ་བརྗོད། མཐེབ་ཀྱུ་རྣམས་


TNT14_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་བཞིར་བཅད། ཡང་ནང་མཆོད་ཀྱིས་བྲན། ཨོཾ་ཨཱཿཧཱུཾ། ལན་གསུམ་གཏོར་སྔགས་ལན་ཉེར་བདུན་གྱིས་ཕུལ། ཨོཾ་མཧཱ་ཀ་ལ་རྣལ་འབྱོར་གྱི་སྒྲ་ལྷ་སོགས་དང༌། རོལ་མོ་རྒྱུན་དཀྲོལ་བྱ། དེའི་སྒང་ལ་འཐེབ་ཀྱུ་གཏོར་མ་ཆེན་པོར་བླུགས། དེ་ལྟར་ལན་བཞིས་ཕུལ། བར་འདིར་བསྟོད་པ་དང་སྐུལ་རྣམས་བྱ། དེ་ནས་སྙན་གསན་དབབ་པ་ནི། ཧཱུཾ་ང་ནི་སངས་རྒྱས་ཀུན་གྱི་དངོས། ཁྲོ་རྒྱལ་དཔལ་ཆེན་ཧེ་རུ་ཀ །དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །དེ་རིང་དྲག་པོའི་ཟོར་འཕེན་གྱི། །བསྟན་པ་ཡོངས་ཀྱི་སྲུང་མ་དང༌། །སེམས་ཅན་ཕན་བྱེད་དགེ་ལ་སྤྲོ། །དཀར་པོའི་ཕྱོགས་ལ་དགའ་བ་ཡི། །འབྱུང་པོ་ཐམས་ཅད་སྐུ་ཟུར་ཅིག །གཞི་བདག་གནས་བདག་གྲོང་བདག་དང༌། །ས་གཞི་བར་སྣང་ནམ་མཁའ་ལ། །གནས་པའི་ལྷ་ཀླུ་མི་མ་ཡིན། །ཐམས་ཅད་རང་གི་གནས་སུ་སོང༌། །མཐོ་བ་རྣམས་ནི་ཞབས་སྐུམ་ཞིག །དམའ་བ་རྣམས་ནི་དབུ་ཆུམས་ཤིག །བར་པ་རྣམས་ནི་སྐུ་ཟུར་ཅིག །སྒོ་བ་རྣམས་ཀྱིས་སྒོ་ཕྱེ་ཞིག །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ཅེས་ཆང་གི་ནང་དུ་མཐེབ་ཀྱུ་བཅུག་པ་ལན་གསུམ་འགྲོ་ཕྱོགས་སུ་གཏོར། བྷྱོཿབྷྱོཿསྡང་བའི་དགྲ་ལ་བྷྱོཿ །ཆོས་ཆོས་དགྲ་ལ་དམག་དཔུང་ཆོས། །དམག་དཔོན་རྒྱལ་པོ་དམག་སྣ་དྲོངས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་ལས། །ལྟས་ངན་ཆོ་འཕྲུལ་ཕྱི་ལ་བསྒྱུར། །སྐེག་དང་བར་ཆད་དགྲ་ལ་བཟློག །བཟློག་གོ་དྲག་པོའི་དཔུང་གིས་བཟློག །བཟློག་གོ་དམར་ཆེན་གཏོར་མས་བཟློག །ནད་ཡམས་


TNT14_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

དལ་ཡམས་དགྲ་ལ་བསྒྱུར། །རྨི་ལྟས་མཚན་ངན་ཕྱི་ལ་བཟློག །བཟློག་གོ་དྲག་པོའི༴ བཟློག་གི་དམར༴ ཁྲམ་ཁ་ཤོད་ཁ་ཕྱི་ལ་བསྒྱུར། །མཐུ་གཏད་བྱད་ཁ་དགྲ་ལ་བཟློག །བཟློག་གོ་དྲག༴ བཟློག་གོ་དམར༴ ཡས་ཀྱི་བདུད་གཡོས་དགྲ་ལ་བཟློག །མས་ཀྱི་སྲི་ལངས་དགྲ་ལ་བཟློག །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ དེ་ནས་གཏོར་མ་ལ་རཀྟ་དང་ནང་མཆོད་བྲན། སྙིང་པོའི་མཐར། ས་མ་ཡ་སྟྭཾ། ཞེས་དམ་ལ་བཞག ཁང་སྟེང་ངམ་ཕྱི་རོལ་དུ་དམར་གཏོར་མཆོད་པ་དང་བཅས་པའི་སྣོད་སྟེགས་ལ་བཞགཆབ་ཀྱིས་བྲན། སྤྱི་བཏབ་དང༌། དེ་རྗེས་རོལ་ཆེན་བྱས་ལ་ཤཱ་ས་ན་བཟླའོ། །ཧཱུཾ་ཆོས་སྐྱོང་མགོན་པོ་ལྕམ་དྲལ་དང༌། །ཕྱི་ནང་གསང་བའི་ལས་མཁན་དང༌། །སྡེ་བརྒྱད་མགོན་པོ་དམག་དཔུང་བཅས། །ཕྱོགས་བཞིའི་རུ་འདྲེན་ཚོགས་རྣམས་དང༌། །སྤྲུལ་པ་ཉི་ཁྲི་ཆིག་སྟོང་དང༌། །ལྷ་བདུད་གྲངས་ལས་འདས་པ་རྣམས། །སྔོན་གྱི་དམ་ཚིག་རྗེས་དགོངས་ནས། །ཆོས་འཁོར་འདི་ཡི་བཏང་བཟུང་ལ། །བྱད་ཁ་རྦོད་གཏོང་བྱེད་པ་དང༌། །གནོད་པར་བྱེད་པའི་གདོན་དང་བགེགས། །ལོག་པར་ལྟ་བའི་དགྲ་བོ་རྣམས། །ཐམས་ཅད་རྡུལ་བཞིན་བརླག་པར་མཛད། །རྡོ་རྗེ་མཚོན་ཆའི་ཆར་པ་ཕོབ། །མི་ནད་ཕྱུགས་ནད་མུན་ལྟར་གཏིབས། དུས་མཐའི་མེ་ཡིས་བསྲེག་པར་མཛོད། །ཤ་ཁྲག་རུས་པ་ཞལ་དུ་ཐོབ། །འགོ་བའི་ལྷ་དང་ཕྲལ་ནས་ཀྱང༌། །མ་ཐོགས་མྱུར་དུ་ལས་མཛོད་ཅིག །སྡིག་ཅིག་མ་རུངས་འདི་རྣམས་ཀྱི། །རྣམ་ཤེས་དབྱིངས་སུ་


TNT14_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་དུ་གསོལ། །བསྟན་པ་གཉན་པོ་བསྲུང་དགོས་པས། །ད་ལྟ་ལས་ལ་འཇུག་པ་དང༌། །གང་ལ་བྱ་བ་དབྱིངས་སུ་སྒྲོལ། །ཞེས་པའི་མཐར་རོལ་མོའི་སྒྲ་དང་བཅས་གཏོར་མ་སྐྱེལ་བའམ་འཕང་པར་བྱའོ། །དེ་ནས་སློབ་དཔོན་གྱིས་རྟིང་མནན་ཕྱི་མིག་མི་ལྟ་བར་ལྡོག །ནང་དུ་མཆོད་པ་ཁ་གསོས་ལ་རྗེས་ཆོག་བྱ། འཕྲིན་ལས་བསྐང་གཏོར་ཡང་འབུལ་ན། དང་པོར་སྤྱི་བཏབ་ཀྱི་བསྐང་གཏོར་ཁང་སྟེང་ངམ། གཏོར་སྟེགས་སུ་འབུལ་ལོ། །དེ་རྗེས་དམར་ཆེན་གཏོང་བའམ། ཡང་ན་དམར་ཆེན་ཕྱི་རོལ་དུ་བཏང་འཕྲལ་སྒྲུབ་ཁང་སྟེང་དུ་འཕྲིན་ལས་གཏོར་མ་འབུལ་བའི་ལུགས་ཀྱང་ཡོད། དེ་ཡང་དཀྱུས་གཅིག་པོ་ལ་གཉིས་ཀ་འབུལ་བའི་དབང་དུ་བྱས་སོ། །ཞེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ། །མངྒ་ལཾ། །༈ ཧཱུ་བཅོམ་ལྡན་འདས་དཔལ་ཆེན་པོའི་བཀའ་འཁོར་ན། ནག་པོ་མི་སྡུག་མའི་བུ་མོ་བདུད་མོ་ཆེན་མོ་བཞི། དམར་མོ་ཁྲོ་གཉེར་ཅན་མའི་བུ་མོ་གནོད་སྦྱིན་མ་ཆེན་མོ་བཞི། དཀར་ཤམ་བཞིན་བཟང་མའི་བུ་མོ་སྨན་བཙུན་མ་ཆེན་མོ་བཞི། འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་བཀའི་ཕམ་འབབས་ལ་གཤེགས་སུ་གསོལ། ཨོཾ་ཨ་རལླི་ཧོ་ཧྲཱིཿཧྲིཾ་ཧྲིཾ་ཛ་ཛ་བྷྱོཿ ཊཀྐི་ཧཱུཾ་ཛ་བྷྱོཿ བཀའ་ཡི་ཚོགས་དང་བཅས་པ་ཉིད། ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་དགོངས་འཕྲིན་ལས་མཛོད། །བྷྱོཿ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ལྷ་ཡི་རྡོ་རྗེ་གཡའ་མོ་སྐྱོད། །གང་གི་ཡུམ་ཆེན་རྡོ་རྗེ་ཀུན་བཟང་མ། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །


TNT14_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་མོ་ཆེན་མོ་མཆེད་བཞི་ཡང༌། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་བཟང་པོའི་རྒྱན་དང་བཅས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །གངས་དཀར་ཤ་མེད་རྡོ་རྗེ་གཡུ་སྒྲོན་མ། །མཁའ་རེག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང༌། །དམངས་རིགས་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གནོད་སྦྱིན་ཆེན་མོ་མཆེད་བཞི་ཡང༌། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་བཟང་པོའི་རྒྱན་དང་བཅས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༌། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་གསིལ། །གཡུ་ཡི་དྲིལ་སྙན་རྡོ་རྗེ་ཟུལ་ལེ་མ། །སྨན་བཙུན་ཆེན་མོ་མཆེད་བཞི་ཡང༌། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་བཟང་པོའི་རྒྱན་དང་བཅས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བྷྱོཿ མཆེད་བཞི་ཆེན་མོ་ཁྱེད་རྣམས་ཀྱང༌། །སྔོན་དང་སྔོན་གྱི་དུས་ཚོད་ན། །རྒྱལ་སྲས་པདྨ་འབྱུང་གནས་ཀྱིས། །ཨ་སུ་རའི་བྲག་ཕུག་དང༌། གུང་ཐང་དེ་ཡི་ལ་ཐོག་དང༌། །གནམ་མཚོ་ཕྱུག་མོའི་གླིང་འགྲམ་དུ། །བཀའ་དང་དམ་ལ་བཏགས་པ་བཞིན། །སྔོན་གྱི་ཞལ་གཞེས་མ་གཡེལ་བར། །ཕྱི་ནང་བར་ཆད་ཞི་བ་དང༌། །བཅོལ་


TNT14_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཕྲིན་ལས་གྲུབ་པར་མཛོད། །ལ་ལཱ། ལི་ལཱི། སྡང་སྡང༌། སྡེང་སྡེང༌། སྲིད་འགྲོ་མ་ཧཱུཾ་བྷྱོཿཧཱུཾ་བྷྱོཿ །མངྒ་ལཾ། །


previousདཔལ་མགོན་ཏྲཀྴད་ཀྱི་འཕྲིན་ལས་བསྐང་གསོ་སོགས་ཉེར་མཁོ་འགའ་ཞིགnext