Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལེགས་ལྡན་ནག་པོ་ཏྲཀྴད་ཀྱི་གཏོར་སྒྲུབ་ཀྱི་ལག་ལེན་མན་ངག
   
   
   
   
   
   
   


 
previousདཔལ་ལེགས་ལྡན་ནག་པོ་ཏྲཀྴད་ཀྱི་གཏོར་སྒྲུབ་ཀྱི་ལག་ལེན་མན་ངགnext

དཔལ་ལེགས་ལྡན་ནག་པོ་ཏྲཀྴད་ཀྱི་གཏོར་སྒྲུབ་ཀྱི་ལག་ལེན་མན་ངག


TNT14_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལེགས་ལྡན་ནག་པོ་ཏྲཀྴད་ཀྱི་གཏོར་སྒྲུབ་ཀྱི་ལག་ལེན་མན་ངག་བཞུགས་སོ། །


TNT14_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། ལེགས་ལྡན་ནག་པོའི་འདིའི་གཏོར་སྒྲུབ་ཀྱི་མན་ངག་ནི། མཎྜལ་ཆོས་འབྱུང་མཐིང་ཁ་མེ་རི་ཅན་རྩེ་མོ་ཕར་བསྟན་པ། དབུས་སུ་ཉི་གདན་ལ་རཾ་དང་བྷྱོས་མཚོན་པ་བསྡུས་པ་དང༌། དེའི་ཕྱི་རོལ་ཟླུམ་བསྐོར་གྱི་ནང་ལྗང་ཁུ། ཕྱི་རོལ་ཐོད་པའི་ཕྲེང་བ་དང༌། རྡོ་ར་མེ་རི་རྣམས་བྱེད་པ་འབྲིང་པོ་དང༌། བསྐྱེད་ཆོག་དང་མཐུན་པའི་དཀྱིལ་འཁོར་ཡོངས་རྫོགས་འབྲི་བ་རྒྱས་པའོ། །དབུས་སུ་མཉྫིའི་སྟེང་དུ་ཡབ་ཡུམ་ལ་སྒྲུབ་གཏོར་གཅིག །མདུན་དུ་གཙོ་བོའི་འབུལ་གཏོར་དང༌། ལྷ་མོའི་འབུལ་གཏོར། གཡས་གཡོན་དུ་མོན་པ་ཕོ་མོའི་གཏོར་མ་བདུན་བདུན། མདུན་དུ་ཁྱི་མོ་བདུན་གྱི་གཏོར་མ། གཡས་སུ་སྨན་དང་གཡོན་དུ་རཀྟ། མཆོད་པ་སོགས་ལག་ལེན་བཞིན་བཤམས། མདའ་དར་གྲི་སྙིང་ཅན་ཡོད་ན་རབ་མེད་ནའང་སྒྲུབ་གཏོར་ལ་མདའ་དར་ནང་རྟེན་གྱི་ཚུལ་དུ་གཟུགས། བྲིས་སྐུ་མེད་ན་ངེས་པར་ཙ་ཀ་ལི་འཛུགས།


TNT14_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྒྲུབ་པ་པོ་རྣམས་བཤགས་བསྡམ་ལ་སོགས་པ་སྔོན་དུ་འགྲོ་བས། བདག་བསྐྱེད་དང་ཡི་དམ་གྱི་གཏོར་བསྔོ་དང༌། མགོན་པོའི་གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་བྱ། སྒྲུབ་གཏོར་ཆེན་པོ་དེ་གཏོར་བསྔོ་ལྟར་བྱིན་གྱིས་བརླབས། བདུད་རྩི་འབབས་པའི་དམིགས་པ་དང་བཅས་གཏོར་མ་ལ་གཟུངས་ཐག་བཞག་སྟེ། ཨོཾ་མཧཱ་བཱ་ལིང་ཏ་སོགས་ཀྱི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། ཡིག་བརྒྱ་དང་རྟེན་འབྲེལ་སྙིང་པོ་ཚར་གསུམ་གསུམ་གྱིས་བརྟན་པར་བྱ། དེ་ནས་གཟུངས་ཐག་བརྡོག །དེ་ལྟ་བུའི་གཏོར་མ་ལ་དམིགས་ནས། གཏོར་མ་དང་བྲིས་སྐུ་ལྷན་ཅིག་ཏུ་ལྷར་བསྐྱེད་པ་ཡིན་ཏེ། ཚིག་ཆ་མངོན་རྟོགས་བཞིན་བཞུགས་གསོལ་གྱི་བར་དུ་བྱ། མཆོད་པ་ཚན་གཅིག་བྱིན་གྱིས་བརླབས་ཏེ། མཆོད་བསྟོད་བསྡུས་པ་དཀྱུས་མ་དེ་བྱས་ལ། དམིགས་པ་ཤུགས་དྲག་པོས་བཟླས་པ་གང་མང་བྱའོ། །སྒྲུབ་པ་པོ་ཡི་དམ་དང་མགོན་པོའི་


TNT14_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་སོང་བ་ཤ་སྟག་ཡིན་ན། སྔགས་བརྒྱ་ཙམ་ལ་གཟི་བྱིན་བསྐྱེད་པའི་དམིགས་པ་བྱ། དེ་ནས་དུས་སྐབས་དང་བསྟུན་པའི་ལས་བཞིའི་དམིགས་པ་ཉིད་ཀྱི་གཞུང་བསྲང༌། གཞུག་ཏུ་ཉེར་གཅིག་ཙམ་ལ་དངོས་གྲུབ་བླང་བའི་དམིགས་པ་བྱའོ། །མགོན་པོའི་བསྙེན་པ་མ་སོང་ན་ཕལ་ཆེར་བསྙེན་པའི་དམིགས་པ་དང༌། མཇུག་ཏུ་སྔར་ལྟར་བྱའོ། །དེ་ནས་གཏོར་མ་ཐམས་ཅད་ཕྱོགས་གཅིག་ཏུ་བྱིན་གྱིས་བརླབས་ལ། ཡང་སོ་སོར་དམིགས་ཏེ་གཙོ་བོའི་འབུལ་གཏོར་ལ་འབྲུ་གསུམ། ལན་ཉེར་གཅིག་དང་གཞན་རྣམས་ལ་གསུམ། ཐུན་མོང་དུ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། གཙོ་བོ་ཡབ་ཡུམ་གྱི་སྔགས་ཀྱི་མཐར། ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་བདུན་བདུན་དང༌། འཁོར་རྣམས་ཀྱི་སྔགས་ལ་དེ་བཏགས་པ་གསུམ་གསུམ་དང༌། ཐུན་མོང་དུ་གཏོར་སྔགས་དཀྱུས་མ་དང༌། ཤཱ་ས་ན་ལན་གསུམ་གྱིས་འབུལ། དཔལ་ཡེ་ཤེས་ཀྱི་ཞེས་སོགས་བསྟབ་པའི་ཚེ་རོལ་མོ་རྒྱུན་ཆགས་བྱ། སླར་ཡང་གཏོར་ཆུང་ཉི་ཤུ་རྩ་དྲུག་བྱིན་གྱིས་བརླབས། འབྲུ་གསུམ་ཉི་ཤུ་རྩ་དྲུག་ཏུ་བཟླས། མཆོད་པ་རྣམས་ཀྱང་བྱིན་གྱིས་བརླབས། མཆོད་འཕྲེང་དང་སྨན་རཀྟ་གཏོར་མ་གསུམ་གྱིས་གཞུང་བསྲང༌། དེ་སྐབས་གཏོར་མ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ལ་སྨན་དང་རཀྟ་ལྡུགས། གཏོར་ཆུང་རྣམས་གོང་བཞིན་བསྔོས་ནས། ལས་ཀྱི་རྡོ་རྗེས་དཔྲལ་བའི་ཐད་ཙམ་དུ་གཏོར་སྣོད་བཟུང་ལ་ཐམས་ཅད་ཀྱིས་འདི་ལྟར་གྱེར་ཏེ། ཧཱུཾ་དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་མགོན་པོ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་མཧཱ་ཀཱ་ལ་ཏྲཀྵད་ས་


TNT14_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

པ་རི་ཝཱ་ར་བཛྲ་ས་མཱ་ཛཿ འདི་སྐབས་སུ་འཐོར་བ་བསྡུ་བའི་དམིགས་པ་བྱ། དེ་ནས། ཧཱུཾ་བསྟན་དགྲ་མ་ལུས་བསྒྲལ་བ་ཡི། །སྙིང་ཁྲག་དྲོན་མོའི་མཆོད་ཡོན་དང༌། །དབང་པོ་སྣ་ལྔའི་མེ་ཏོག་བཤམས། །ཚིལ་ཆེན་བསྲེགས་པའི་བདུག་སྤོས་སྤྲིན། །ཞུན་ཆེན་སྣང་གསལ་མར་མེའི་འོད། །ཀླད་པ་མཁྲིས་པའི་དྲི་ཆབ་དང༌། །ཤ་ཆེན་སྐམ་རློན་ཞལ་ཟས་མཆོག །ཐོད་རྔ་རྐང་གླིང་རོལ་མོའི་སྒྲ། །གཏོར་མ་བཟའ་བ་སྣ་ཚོགས་རི། །བཏུང་བ་ཁྲག་གི་རྒྱ་མཚོ་སྟེ། །སྟོབས་བཅུའི་རང་བཞིན་བདུད་རྩི་སྨན། །ཞིང་གི་བླ་རེ་རྒྱལ་མཚན་གདུགས། །རྒྱུ་རློན་ལྡ་ལྡི་ཀེང་རུས་ཏེ། །གསང་ཆེན་མཆོག་གི་མཆོད་པ་འདི། །དཔལ་མགོན་འཁོར་དང་བཅས་ལ་འབུལ། །བཞེས་ནས་ཐུགས་དམ་སྐོང་གྱུར་ཅིག །ཨོཾ་མཧཱ་ཀཱ་ལ་ཏྲཀྴད་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་སོགས། ཤཔྟ་པྲ་ཏཱིཙྪ་སྭཱཧཱ། མཧཱ་བ་ལིང་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་གོ་རོ་ཙ་ན་ཁཱ་ཧི། མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་བརྗོད་ཅིང༌། གཙོ་བོའི་འབུལ་གཏོར་ལ་གཏོར་ཆུང་བཏབ། དེ་ནས་བསྟོད་པ་དང༌། འཕྲིན་བཅོལ་བསྡུས་པ་ནི། ཧཱུཾ་རཾ་ལས་བྱུང་བའི་སྟོབས་པོ་ཆེ། །བདུད་ཀྱི་རྒྱལ་པོ་ཁྲོ་གཏུམ་ཅན། །རྟ་ནག་ཞོན་པ་རྫུ་འཕྲུལ་བདག །སྡིག་ཅན་སྒྲོལ་མཛད་ཁྱོད་ལ་འདུད། །བྷྱོཿ ནད་ཀྱི་བདག་མོ་རེ་མ་ཏཱི། །གཤིན་རྗེའི་ལྕམ་མོ་ཨ་ལ་ལ། །འབྱུང་པོ་


TNT14_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ཤ་ལ་རྔམས། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །ལྷ་ཆེན་ཡབ་ཡུམ་འཁོར་བཅས་ཀྱི། །དམ་ཚིག་དུས་ལ་བབ་པོ་ས་མཱ་ཡ། ཁྱི་མོ་ཤེས་རབ་གསལ་གྱི་དུས་ལ་བབ། །ནག་མོ་གསེར་མིག་མའི༴ ནག་མོ་དངུལ་མིག༴ དམར་མོ་ཟངས་མིག༴ སྔོན་མོ་འཁར་མིག༴ ནག་མོ་མཆོང་མིག༴ ནག་མོ་གདོང་བརྒྱ་མའི༴ ནག་མོ་ཕག་གདོང་མའི༴ དུར་ཁྲོད་བདག་མོ་ཟ་བྱེད་མ། །ཚངས་མ་དབང་མོ་གཞོན་ནུ་མ། །ལྷ་ཆེན་མ་དང་རྟོག་འདོད་མ། །རྒན་བྱེད་མ་དང་སྣ་ཆེན་མོ། །མོན་མོ་བདུན་གྱི་དུས་ལ་བབ། །ལྷ་དང་གཤིན་རྗེ་གནོད་སྦྱིན་དང༌། །ཀླུ་དང་སྲིན་པོ་གྱིང་ཆེན་དང༌། །འཇིག་རྟེན་མགོན་པོ་ནག་པོ་སྟེ། །མོན་པ་བདུན་གྱི་དུས་ལ་བབ། །བདུད་དམག་བྱེ་བའི་དུས་ལ་བབ། །ལྷ་དམག་འབུམ་གྱི་དུས་ལ་བབ། །ལྷ་སྲིན་སྡེ་བརྒྱད་དུས་ལ་བབ། །མཆོད་གཏོར་བདུད་རྩི་འདིར་བཞེས་ལ། །སྔོན་གྱི་དམ་ཚིག་གཉན་དགོངས་ལ། །རྣལ་འབྱོར་བདག་གི་བསམ་པ་སྒྲུབས། །ཕྱི་ནང་འགལ་རྐྱེན་ཞི་བ་དང༌། །ཆོས་དང་དཔལ་འབྱོར་རྒྱས་པར་སྤེལ། །ལྷ་འདྲེ་མི་གསུམ་དབང་དུ་བསྡུས། །སྡང་བའི་དགྲ་བགེགས་མྱུར་དུ་སྒྲོལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །བཅོལ་བའི་འཕྲིན་ལས་མ་ལུས་མཛོད། །ལྷ་ཆེན་དཔལ་འབར་འཁོར་དང་བཅས་པ་རྣམས་བདག་གི་གུས་པས་མཆོད་གཏོར་ཕུལ་བ་འདི་བཞེས་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་


TNT14_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་བདེ་སྐྱིད་འཕེལ་བར་མཛོད་ཅིག །ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་རྒྱུ་སྦྱོར་བ་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། རྨི་ལམ་ངན་པ་དང་མཚན་མ་ངན་པ་ཐམས་ཅད༴ ཕ་རོལ་གྱི་བྱད་ཁ་ཕུར་ཁ་མཐུ་གཏད་སྦྱོར་བ་ངན་པ༴ ཀེག་ཀི་ཀཾ་མ་གཤིན་རྒྱལ་སེན་སོགས་བགེགས་དང་ལོག་འདྲེན་གྱིས་བར་དུ་གཅོད་པ་ཐམས་ཅད་བཟློག་པར་མཛད་དུ་གསོལ། ཚེ་དང་བསོད་ནམས་དང་ལོངས་སྤྱོད་དང་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། སྐྱེ་བོ་དམ་པའི་ཆོས་ལ་འཇུག་པའི་དོན་དུ་རྒྱན་བློན་རྒྱལ་ཕྲན་ཡུལ་མི་གཙོ་བོ་མཐའ་དག་དབང་དུ་བསྡུ་བར་མཛད་དུ་གསོལ། ཞི་བས་མི་འདུལ་བ་སྡང་བ་དང་གདུག་པའི་སེམས་དང་ལྡན་པ་བསམ་སྦྱོར་ངན་པ་ཅན་གྱི་མི་དང་མི་མ་ཡིན་པ་ཐམས་ཅད་བསད་པ་དང་བསྐྲད་པ་དང་དབྱེ་བ་དང་རེངས་པ་དང་བཅིངས་པ་ལ་སོགས་པ་ཚར་གཅོད་པར་མཛད་དུ་གསོལ། མདོར་ན་བདག་ཅག་འཁོར་དང་བཅས་པ་ལ་ཕན་པ་དང་བདེ་བ་ཐམས་ཅད་སྩལ་དུ་གསོལ། ཞེས་དང༌། བྱེ་བྲག་འདོད་དོན་གསོལ་བ་ཡོད་ནའང་དྲག་ཏུ་བཏབ། མགོན་པོ་ཡབ་ཡུམ་འཁོར་བཅས་ཀྱི་སྔགས་དྲག་ཏུ་བཟླ། དེ་ནས་བསྐང་བ་བསྟོད་པ་བཤགས་པ་སོགས་ཀྱི་གཞུང་བསྲང་བར་བྱའོ། །བཤགས་པའི་སྔོན་དུ་ཡིག་བརྒྱ་གང་མང་བཟླའོ། །དེ་དག་ནི་དང་པོ་ཚུགས་པའི་ཐུན་ཐོག་མར་བྱ་བ་ཡིན་ལ། དེ་ཕྱིན་ཆད་ནས་ཐུན་རེ་རེ་བཞིན་དུ་གཏོར་མ་ཉི་ཤུ་


TNT14_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བཞི་པོ་རྣམས་འཐེབ་ཀྱུ་རེས་གསོ་ཞིང༌། སྲོད་ཐུན་མ་གཏོགས་པ་ལ་གཏོར་ཆུང་གོང་གི་གྲངས་བཞིན་དང༌། །སྲོད་ཐུན་ལ་གཏོར་ཆུང་སུམ་ཅུ་བཏབ། དང་པོ་རང་དེ་མ་གཏོགས་གཏོར་ཆུང་བཏབ་པའི་སྐབས། གཏོར་ཆུང་སྔ་མ་རྣམས་ནས་གཅིག་གཉིས་རེས་སྒྲུབ་གཏོར་ཁ་གསོ། ཕྱི་མ་བཞི་པོ་དེ་རྒྱལ་ཆེན་བཞི་ལ་བསྔོ་བ་ཡིན། ཐོག་མའི་ཐུན་གཅིག་པོ་དེ་མ་གཏོགས་དམ་ཚིག་པ་སྔར་ཡོད་གསལ་འདེབས་ཀྱི་གསར་དུ་བསྐྱེད་མི་དགོས་པས་འདོན་བྱ་ལ་ས་བོན་རྣམས་བོར་བས་ཆོག་གོ །འགྲོལ་བའི་ཚེ་ཐོ་རངས་ནས་སྔ་དྲོའི་བར་གང་ཡང་རུང་བ་ཞིག་ལ་སྔར་བཞིན་ཆོ་ག་རྫོགས་པར་བཏང་ནས། །སྒྲུབ་གཏོར་ཆེན་མོའི་ལྷ་བྲིས་སྐུ་ལ་སྟིམ་པའི་དམིགས་པ་ལན་བདུན་བྱ། གཏོར་མའི་ལྷ་བྲིས་སྐུའི་ཐུགས་ཀར་ཐིམ་པར་གྱུར། ཛཿཧཱུཾ་བཾ་ཧོཿ ཞེས་ལན་བདུན་བརྗོད་སྒྲུབ་གཏོར་ཆེན་མོ་དེ་ཉིད་གཏོར་ཆོག་གིས་ཕུལ་ནས། གཏོར་མ་དེ་ཉིད་ཀྱི་སྙིང་པོ་མ་གཏོགས། གཏོར་མ་དང་འཐེབ་ཀྱུ་ཐམས་ཅད་ཁང་སྟེང་དུ་སྤྱིར་བཏབ་ཀྱིས་འབུལ་བ་མན་ཆད་དུས་གཏོར་དང་འདྲའོ། །གལ་ཏེ་འཕྲིན་ལས་བསྐང་གསོ་དང་མངའ་གསོལ་བྱེད་པར་འདོད་ན་ཉི་མ་སོ་སོར་བྱའོ། །ལེགས་ལྡན་ནག་པོ་ཆེན་པོ་དཔལ་མགོན་པོ་ཏྲཀྵད་ཀྱི་གཏོར་མའི་སྒྲུབ་པ་ཆེན་པོའི་མན་ངག་གསལ་བར་བཀོད་པ་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པའོ། །རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིག །དགེའོ།།


previousདཔལ་ལེགས་ལྡན་ནག་པོ་ཏྲཀྴད་ཀྱི་གཏོར་སྒྲུབ་ཀྱི་ལག་ལེན་མན་ངགnext