Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་མགོན་པོའི་ཟུངས་གསོ་ཐབས་ཀྱི་ལག་ལེན་ཆོ་ག
   
   
   
   
   
   


 
previousདཔལ་མགོན་པོའི་ཟུངས་གསོ་ཐབས་ཀྱི་ལག་ལེན་ཆོ་གnext

དཔལ་མགོན་པོའི་ཟུངས་གསོ་ཐབས་ཀྱི་ལག་ལེན་ཆོ་ག


TNT14_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་པོའི་ཟུངས་གསོ་ཐབས་ཀྱི་ལག་ལེན་ཆོ་ག་བཞུགས་སོ། །ན་མོ་གུ་རུ། ཕྱི་རྟེན་ཟུངས་གསོ་ཐབས་མདོར་བསྡུས་པ་ནི། ཆོས་སྐྱོང་མགོན་པོའི་གྲངས་བསྙེན་སོགས་ཇི་ལྟར་འོས་པ་སྔོན་དུ་སོང་བས། རས་གཞི་དར་གཞི་ཤོག་བུ་སོགས་ཇི་ལྟར་འོས་པ་ལ། གསེར་དངུལ་ལམ། མཚལ་ལམ། སྣག་ཚས་ཀྱང་རུང་སྟེ། མགོན་པོ་ཉིད་དམ་ལྕམ་དྲལ་ལམ། གཙོ་འཁོར་ཀུན་གྱི་སྔགས་ཇི་ལྟར་འོས་པའི་ཐ་མར། དཔལ་མགོན་པོ་འཁོར་བཅས་རྟེན་ཟུངས་སུ་བཙུགས་པ་འདི་ལ། རྟེན་བཅས་ཏེ་དགྱེས་པར་བཞུགས་ཤིང༌། གཙུག་ལག་ཁང་གི་སྲུང་མ་དང༌། བསྟན་པའི་གཉེར་ཁ་མཛོད། བར་ཆད་ཐམས་ཅད་ཞི་བ་དང༌། བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་སྒྲུབས། འཕྲིན་ལས་ཕྱོགས་མེད་དུ་སྤེལ། རྟེན་འབྲེལ་ལེགས་ཕྱོགས་


TNT14_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྒྲིགས། དགྲ་བགེགས་ལོག་འདྲེན་ཐམས་ཅད་ཆོམས། བསམ་ངན་སྦྱོར་རྩུབ་ཅན་གྱི་དགྲ་ཐམས་ཅད་རླག་པར་མཛོད། མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་བྱ་བ་བྲིས་ལ། ལྷར་བསྐྱེད་རབ་གནས་བྱས། ཞུ་བ་ལས་སྔགས་འཕྲེང་དུ་བསམ། ཞབས་ནས་བསྒྲིལ། སྨྱུག་སྦུགས་སོགས་སུ་བཞུགས་པའམ། ཐུམས་བཏབ། དར་མཚོན་སྣ་ལྔའམ། རྡོ་ཚར་གྱི་མགོ་ལ་བཅོམས། དེ་འདྲ་རྟེན་གྱི་གྲངས་དང་མཉམ་པར་བྱ། དེ་ནས་དུས་ཁྱད་པར་ཅན་ལ། སྒྲུབ་པ་པོ་རྣམས་ཀྱིས་གཏོར་བསྔོ་དང་བསྐང་བ་སྔོན་དུ་བཏང༌། རྟེན་གཏོར་རམ། བསྐང་གཏོར་གྱི་གཏོར་དབང་བྱས་ཀྱང་རུང་མོད་ཀྱི། ལག་ལེན་མི་བདེ་ཞིང་དེ་དག་དུས་མ་ཡིན་པར་སྒུལ་སྐྱོད་བྱེད་པ་ལ་དགག་ཆའང་ཡོད་པས། གཏོར་དབང་བྱེད་རྒྱུའི་དམར་གཏོར་གྲུ་གསུམ་ཞིག་ལོགས་སུ་བཅོས། དེ་ལ་གཏོར་བསྔོ་ལོགས་པ་མི་དགོས་ཀྱང༌། བྱིན་རླབས་སོགས་གཏོར་བསྔོ་དང་བསྐང་གསོའི་སྐབས་ཐམས་ཅད་དུ་དམིགས་པ་ནན་ཏན་དུ་བྱེད་ཅིང༌། གཏོར་བསྔོའི་སྐབས་སུ་ཡང་དམིགས་པས་ལོགས་སུ་འབུལ། གཏོར་མ་དེའི་སྟེང་གི་ནམ་མཁའ་ལ་མགོན་པོ་ལམ་མེར་བཞུགས་པའི་མོས་པ་བྱེད། རྣམ་འཇོམས་ལ་སོགས་པའི་བུམ་ཆུ་སྒྲུབ་པའམ། དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བའི་ལས་བུམ་ཡོད་ན་དེས་ཆོག །བསྡུ་ན་བུམ་པ་ཁ་རྒྱན་དྲི་བཟང་གི་ཆུ་དང་བཅས་པ་ལ། ཨ་མྲྀ་ཏ་བརྒྱ་རྩ་སོགས་དང༌། ཨ་བྷི་ཥེ་ཀ་བརྒྱ་རྩ་བཟླ། དེ་ནས་ཟུངས་རྟེན་རྣམས་ཇི་ལྟར་འོས་པའི་སར་ཁྲིད།


TNT14_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་སྦྱངས་བ་དང༌། ཏིལ་སྦྱངས་སོགས་བྱ། ཨ་མྲྀ་ཏའི་སྔགས་བཟླ་བཞིན་ཟུངས་རྟེན་རྣམས་ལ་བུམ་ཆུས་གཏོར། ཡང་ཨ་བྷི་ཥེ་ཀའི་སྔགས་ཀྱིས་ཀྱང་དེ་དག་ལ་གཏོར་ཞིང༌། གུ་གུལ་གྱིས་བདུགས་ནས། སྔར་གྱི་ཤོག་རིལ་དར་སྣ་དང་བཅས་པ་དེ་རྟའི་ཕུཾ་ཕུཾ་དང༌། གཡག་ལུག་ཁྱི་རྣམས་ཀྱི་སོག་བ་གཡས་པའི་ཐད་དུ་འདོགས། གཏོར་དབང་བྱེད་རྒྱུའི་གཏོར་མ་དེ་སྟེགས་བུའི་སྟེང་དུ་བཤམས། ཟུངས་ཀྱི་གྲངས་དང་མཉམ་པའི་མཐེབ་ཀྱུས་གསོས། ནང་མཆོད་ཀྱིས་བྲན། ཆང་ཕུད་ཅིག་ཀྱང་བཤམས། སྒྲུབ་པ་པོ་རྣམས་ཀྱིས་དབྱངས་དང་རོལ་མོར་བཅས་ཏེ། སྤྱན་རས་གཟིགས་མགོན་སོགས་ཀྱིས་སྤྱན་འདྲེན་བྱ། མཐར་རོལ་ཆེན་ཡུན་རིང་དུ་བྱ་ཞིང༌། ཨོཾ་མཧཱ་ཀཱ་ལ་ཀཱ་ལི་དེ་བི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་པ་ལན་མང་པོ་དང༌། བཛྲ་ས་མཱ་ཛཿའི་


TNT14_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་པདྨ་ཀ་མ་ལ་ཡེ་སྟྭམ། ཞེས་སྦྱར་བའང་ལན་མང་དུ་བརྗོད། ཇི་ལྟར་བལྟམས་པ༴ སོགས་ཀྱིས་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་ཁྲུས་གསོལ་བྱ་སྟེ། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །ཞེས་པའི་ཚབ་ཏུ། དཔལ་ལྡན་མགོན་པོ་ལྕམ་དྲལ་འཁོར་བཅས་ལ། །ཞེས་འདོན་པ་སྤོ། དམིགས་པ་ནི། མགོན་པོ་འཁོར་དང་ཟུངས་རྟེན་རྣམས་ལྷན་ཅིག་པ་ལ། བདུད་རྩིའི་ཆུ་རྒྱུན་གྱིས་བཀྲུས་པར་བསམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བསྟོད་ཐུང་ཤོ་ལོ་ཀ་རེས་བསྟོད། གཏོར་མ་བསངས་སྦྱངས། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་རླབས་གསོས། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་གི་རྒྱ་མཚོ་ཆེན་པོར་མོས། གཏོར་སྔགས་དཀྱུས་ལྟར་གྱིས་ཕུལ། ཟུངས་རྟེན་རྣམས་བསངས་སྦྱངས། སྟོང་པའི་ངང་ལས། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་རྟ་ནག །གཡག་ནག །ལུག་ནག ཁྱི་ནག་ལ་སོགས་པ་ཟུངས་རྟེན་ཁྱད་པར་ཅན་ལུས་དཔའ་བརྗིད་ཉམས་རྩལ་སྟོབས་དང་ལྡན་པ། ངག་དོན་ལྡན་ནུས་པའི་མཐུ་དང་ལྡན་པ། སེམས་ཤེས་རིགས་དཔའ་བའི་གདེང་དང་ལྡན་པ། བྱེད་པ་འདོད་དོན་འཕྲིན་ལས་སྒྲུབ་པའི་འཕྲུལ་དང་ལྡན་པ། ཕུང་ཁམས་སྐྱེ་མཆེད་ཡན་ལག་ཡོངས་སུ་རྫོགས་ཤིང༌། འདོད་ཡོན་མཁོ་དགུ་མ་ལུས་པ་འབྱུང་བའི་གཞི་གྱུར་པ་འདི་ཉིད། དཔལ་མགོན་པོ་འཁོར་བཅས་དགྱེས་ཤིང་ཚིམ་ལ་ཐུགས་ཆགས་པའི་རྟེན་དང༌། མཐུ་སྟོབས་ནུས་པ་རྒྱས་པའི་གཞི་དང༌།


TNT14_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དང་རྟེན་དུ་གྱུར་ཅིག །ནམ་མཁའ་མཛོད་ཀྱི་སྔགས་རིང་ཐུང་གསུམ་ཕྱག་རྒྱ་དང་བཅས་པ་ལན་གསུམ་གསུམ་བརྗོད། ལས་ཀྱི་རྡོ་རྗེས་གཏོར་མ་དེ་ཟུངས་རྟེན་རྣམས་ཀྱི་མགོ་བོར་འཇོག་ཅིང༌། མར་གྱི་ཞུར་རེ་འདེབས། སྔགས་གཏོར་ཁ་གསོས་པའི་མཐེབ་ཀྱུ་རེ་སྦྱིན། ཆང་ཕུད་ནས་གཏོར་བ་ཙམ་བྱ། སྒྲུབ་པོ་གཞན་རྣམས་ཀྱིས་སྙིང་པོ་བཟླ་ཞིང༌། རོལ་མོ་འཇམ་རོལ་བྱ། སློབ་དཔོན་གྱིས་མགོན་པོ་ལྕམ་དྲལ་གྱི་སྙིང་པོའི་མཐར། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བཏགས་པ་མང་དུ་བརྗོད། དེ་ནས་འདི་སྐད་ཅེས་གྱེར་ཏེ། མིག་སྨན་ལྟར་གནག་མྱུར་བའི་གོམ་སྟབས་ཀྱིས། །གླིང་བཞི་རི་རབ་ཡུད་ཀྱིས་སྐོར་བྱེད་ཅིང༌། །སྣ་ཚོགས་རིན་ཆེན་དར་གྱི་ལྷབ་ལྷུབ་ཅན། །ཅང་ཤེས་སྤྲིན་གྱིས་ཤུགས་ཅན་འདི་ཉིད་འབུལ། །དཔལ་ལྡན་མགོན་པོ་ལྕམ་དྲལ་འཁོར་དང་བཅས། །ཟུངས་རྟེན་འདི་ལ་རྟེན་བཅས་བཞུགས་ནས་ཀྱང༌། །བདག་ཅག་དཔོན་སློབ་དགེ་འདུན་བཅས་པ་ཡི། །འགལ་རྐྱེན་མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །མཐུན་རྐྱེན་བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ཞི་རྒྱས་དབང་དང་དྲག་པོ་ལ་སོགས་པ། །གང་ལ་གང་འདུལ་འཕྲིན་ལས་ཐོགས་མེད་སྒྲུབས། །ཆོས་འཁོར་འདི་ཡི་བསྟན་པ་གཉན་པོ་སྲུངས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་དུ་གསོལ། །རྒྱལ་བློན་རྒྱལ་ཕྲན་ཡུལ་མི་གཙོ་བོ་ཀུན། །ཐམས་ཅད་དབང་དུ་བསྡུ་བའི་འཕྲིན་ལས་མཛོད། ཁྱོད་ལ་རེ་བལྟོས་འཆའ་ཞིང་བཅོལ་ལགས་སོ། །


TNT14_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དང་མཚན་མ་མངོན་སུམ་བསྟན་དུ་གསོལ། །བདག་ཅག་སྡེ་འདིའི་མི་ཕྱུགས་ནོར་དང་འཁོར། །རང་དབང་ཡུལ་འཁོར་ཐམས་ཅད་ཁྱེད་ལ་གཏད། །ཉིན་མཚན་བྱ་ར་མེལ་ཚེ་མ་གཡེལ་ཞིག །བཅོལ་ལོ་བལྟོས་སོ་མཐུ་སྟོབས་ཅི་འདུག་བལྟ། །རྩལ་ཤུགས་བསྐྱེད་ལ་འགལ་བའི་སྡེ་ཆོམས་ཤིག །ཡལ་ཡོལ་རྣམ་གཡེང་ལེ་ལོ་མ་མཛད་པར། །སྔོན་གྱི་དམ་ཚིག་རྡོ་རྗེ་རྗེས་དྲན་ནས། །བཅོལ་བའི་ལས་རྣམས་ཐམས་ཅད་གྲུབ་པར་མཛོད། །ཅེས་བརྗོད་ཅིང་རོལ་མོའི་སྒྲ་བསྒྲགས། དེ་བཞིན་དུ། མུན་ལྟར་གཏིབས་ཤིང་རབ་འཇིགས་ངར་སྒྲ་ཅན། །གློག་དམར་འགྱུར་བའི་རོ་འཛིན་སྐྱོད་བྱེད་ཅིང༌། །རྡོ་རྗེའི་རྭ་རྩེས་རི་རབ་རིབ་དུ་འཕེན། །གཡག་རྒོད་ཞོལ་ཆེན་ལྡན་པ་འདི་ཉིད་འབུལ། །དཔལ་ལྡན་མགོན་པོ་ལྕམ་དྲལ༴ སོགས་ཤོ་ལོ་ཀ་གསུམ་གོང་བཞིན། འཇམ་ལེགས་སྤུ་སྡུག་གོས་གྱོན་ཉམས་སྟོབས་རྒྱས། །ཡིད་འོང་སྒྲ་ཡི་དིར་དིར་ཁམས་གསུམ་གཡོ། །འཁྱིལ་པའི་རྭ་ཅན་སྐྱེ་འགྲོ་དབང་དུ་བསྡུད། །ལུག་ནག་སྤྱི་དཀར་གཡང་ཆགས་འདི་ཉིད་འབུལ། །དཔལ་ལྡན་མགོན་པོ་ལྕམ་དྲལ༴ སོགས་གོང་བཞིན། འབྲུག་སྟོང་སྐད་ཀྱིས་བདུད་སྡེའི་སྙིང་འགས་ཤིང༌། །དྲག་གཏུམ་མཆེ་བའི་ཤུགས་ཀྱིས་དགྲ་དཔུང་འཇོམས། །འབུམ་ཕྲག་གདོང་ལྔའི་ཚོགས་ཀྱང་ཟིལ་གནོན་པའི། ཁྱི་ནག་སྙིང་དཀར་སྟོབས་ལྡན་འདི་འབུལ་ལོ། །དཔལ་ལྡན་


TNT14_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ལྕམ་དྲལ༴ ཞེས་པ་ནས། རྟེན་དུ་གསོལ་གྱི་བར་གོང་བཞིན། དེ་ཡང་རྟ་གཡག་ལུག་ཁྱི་བཞི་ཀར་ཡོད་པའི་དབང་དུ་བྱས་པ་ཡིན། གཅིག་གམ་གཉིས་སམ་གསུམ་ཡོད་ནའང་དེ་དང་དེའི་ཚིག་གིས་འབུལ་བསྡུ་ན་གང་ལ་ཡང༌། དཔལ་ལྡན་མགོན་པོ་༴ སོགས་ཤྭ་ལོ་ཀ་གསུམ་ཁོ་ནས་ཀྱང་ཆོག་གོ །ཡང་ན། རིན་ཆེན་རྒྱན་ལྡན་རྟ་ནག་རྟིང་དཀར་འབུལ། །རྔམ་བརྗིད་སྟོབས་ལྡན་གཡག་རོག་ཞོལ་ཆེན་འབུལ། །ཡིད་འཕྲོག་གཡང་ཆགས་ལུག་ནག་སྤྱི་དཀར་འབུལ། །མི་སྲུན་དགྲ་འཇོམས་ཁྱི་ནག་སྙིང་དཀར་འབུལ། །ཞེས་སོ། །རེ་རེའི་མཐར་གོང་བཞིན་སྦྱར་བས་ལེགས་པར་འགྱུར་རོ། །ལག་ལེན་བསྡུས་པ་བྱེད་ན། བགེགས་སྦྱངས་པ་དང༌། གཟུངས་སྔགས་འདོགས་པ་དང༌། ཁྲུས་ཆུ་གཏོར་ནས་གཏོར་དབང་ཙམ་བསྐུར། འབུལ་བའི་ཚིགས་བཅད་བསྡུས་པ་ཙམ་བརྗོད་པས་ཀྱང་ཆོག་གོ །དེ་ནས་ཡིག་བརྒྱ་ལན་གསུམ་བརྗོད། སྤྱན་དྲངས་པའི་མགོན་པོ་ཟུངས་རྟེན་ལ་ཐིམ་པར་མོས་ནས། ཛཿཧཱུཾ་བཾ་ཧོཿ ལན་མང་དུ་བརྗོད་ལ་མེ་ཏོག་གཏོར་ནས། སུ་པྲ་ཏིཥྛ་དང༌། ཡེ་དྷརྨ་བཟླ། བཀྲ་ཤིས་ཀྱི་ཚིག་ཇི་ལྟར་འོས་པ་བརྗོད་ཅིང༌། རོལ་ཆེན་དང་བཅས་ཏེ་ཟུངས་རྟེན་རྣམས་བཏང་ངོ༌། །འདི་ཉིད་ལྷ་དང་སྔགས་དང་སྤྱན་འདྲེན་ཚིགས་བཅད་སོགས་སོ་སོའི་འདོན་པ་བསྒྱུར་པས་མགོན་པོའི་རིགས་གང་ལ་སྦྱར་ཀྱང་ཆོག་གོ །ཞེས་པའང་ཏཱ་ར་ནཱ་ཐས་ཉེར་མཁོ་ཙམ་བརྗོད་པའོ། །གཅིག་ཞུས། བཀྲ་ཤིས། །


previousདཔལ་མགོན་པོའི་ཟུངས་གསོ་ཐབས་ཀྱི་ལག་ལེན་ཆོ་གnext