Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྷ་མོ་རྡོ་རྗེ་རབ་བརྟན་མའི་བསྐང་བ་ཉེར་མཁོ།
   
   
   


 
previousདཔལ་ལྷ་མོ་རྡོ་རྗེ་རབ་བརྟན་མའི་བསྐང་བ་ཉེར་མཁོ།next

དཔལ་ལྷ་མོ་རྡོ་རྗེ་རབ་བརྟན་མའི་བསྐང་བ་ཉེར་མཁོ།


TNT14_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྷ་མོ་རྡོ་རྗེ་རབ་བརྟན་མའི་བསྐང་བ་ཉེར་མཁོ་བཞུགས་སོ། །


TNT14_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྡོ་རྗེ་རབ་བརྟན་མའི་བསྐང་བ་བྱེད་པར་འདོད་ན། རྟེན་དགྲམ། ལྔ་ཚར་དང་མཆོད་པ་བཤམ། བསྐང་གཏོར་ནི་དཔལ་གཏོར་གྲུ་གསུམ་རབ་ཏུ་རྒྱས་པ་ལ། འཁོར་ཅན་དུ་བྱེད་ན། བཤོས་ཕྲན་ཕྲ་མོ་བཅུ་གཅིག་གིས་བསྐོར་བ་དང༌། རྒྱུན་གཏོར་ཟུར་གསུམ་པ་གཅིག་ཀྱང་བཤམ། མདུན་ཀྱི་འོག་ཕྱོགས་སུ་ལས་མཁན་གཉིས་ཀྱི་གཏོར་མ་བཤམ། གསང་སྤྱིའི་ཚུལ་དུ་བཤོས་བུ་བུད་མེད་ཀྱི་མགོ་ཅན་རྒྱན་དང་ལྡན་པ། གཡས་གཡོན་དུ་གཤོག་པ་ཅན་དུ་བྱེད་པའི་ལུགས་ཀྱང་ཡོད་པ་འགྲུབ་ན་ལེགས། ཡང་བསྡུ་ན་དཔལ་བཤོས་སྙིང་གཟུགས་མ་རྒྱན་གྱིས་བརྒྱན་པ་ཁོ་ནས་ཀྱང་ཆོག །སྨན་དང་རཀྟ་དང༌། མཆོད་པ་དང༌། སྤྱན་གཟིགས་རྒྱ་ཆེར་བཤམ། གཏོར་བསྐང་ལ་དེ་ཙམ་གྱིས་ཆོག་ལ། མདོས་བསྐང་དུ་བྱེད་ན། འཕྱིང་པ་སོགས་ཀྱི་ཁོང་དུ་མདོས་བཅའ། རི་རབ་དབུས་སུ་ནམ་མཁའ་མཐིང་ནག་གམ། སྨུགས་ནག་གུར་དང་བཅས་


TNT14_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤར་དུ་ཁོང་དཀར། ལྷོར་ཁོང་སེར། ནུབ་ཏུ་ཁོང་དམར། བྱང་དུ་ཁོང་སྔོན། མཚམས་རྣམས་སུ་ཁོང་ནག་རེ། ཐམས་ཅད་ཀྱང་འཇའ་རིས་མ་ཡིན། གུར་ལ་ནང་ནས་ནག་དཀར་དམར་སེར་སྔོན་པོ། འཁོར་ལོ་རྩིབས་བརྒྱད་དོ། །འཇའ་རིས་གཞན་རྣམས་དེ་དང་འདྲ་རུང་ལ། ཕྱིའི་མདོག་སོ་སོ་རྒྱ་ཆེ་བར་བྱ། བང་རིམ་ཐ་མ་ལ་ནམ་མཁའ་འཇའ་རིས་མ་ཆུང་བ་བཅུ་གཉིས། ནམ་མཁའ་ཐམས་ཅད་ཀྱི་མདུན་དུ་རྒྱང་བུ་རེ། གཡས་སུ་མདའ་རེ། གཡོན་དུ་འཕང་རེ་བྱ། དེ་བཙུག་མི་བདེ་ན་ནམ་མཁའ་ཕན་ཚུན་གྱི་བར་དུ་མདའ་འཕང་རྒྱང་གསུམ་བཙུག་པའི་ཆོག །རི་རབ་ཀྱི་རྩེ་མོའི་དབུས་སུ་བུད་མེད་དྲེལ་ཞོན། ཤར་དུ་སེང་ཞོན། ལྷོར་རྔ་མོང་ངམ་སྟག་ཞོན། ནུབ་ཏུ་སྦལ་པའམ་མཛོ་ཞོན། བྱང་དུ་སྦྲུལ་ལམ་རྟ་ལ་ཞོན་པའོ། །མཚམས་བཞིར་མི་མོ་བཞི་དང༌། སྐོང་བུ་བཞི། གཞན་བུད་མེད་ཀྱིས་གཟུགས་འབྲང་རྒྱས། བཤོས་བུ། མཐེབ་ཀྱུ། ཆང་བུ།


TNT14_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་ནག་བྱ་ནག་འབྲི་མོ་དྲེའུ། རྨ་བྱའི་མདོངས་དང༌། དར་ཚོན་སྣ་ཚོགས་པ་གང་འབྱོར་བཤམ་མོ། །དེ་ནས་སྔོན་འགྲོ་གཏོར་མ་དང་གནས་ཡོ་བྱིན་རླབས་བྱ། བདག་བསྐྱེད་སྔོན་དུ་བཏང༌། སྨན་རཀ་གཏོར་གསུམ་བྱིན་རླབས་ནས་བཟུང༌། དགྲ་བོ་ཀུན་འདུལ་གནས་འདིར་བྱོན། ཞེས་པའི་རྗེས་སུ། མཐིང་ནག་ཆེན་མོ་གཤེགས་སུ་གསོལ། །གྲུབ་པའི་རྒྱལ་མོ་གཤེགས་སུ་གསོལ། །ནག་བཟང་མཐུ་ཆེན་གཤེགས་སུ་གསོལ། །ཧེ་ལ་འབར་མ་གཤེགས་སུ་གསོལ། །རྡོ་རྗེ་གཤོག་རྒོད་གཤེགས་སུ་གསོལ། །རྡོ་རྗེ་དབང་སྒྲུབ་གཤེགས་སུ་གསོལ། །རྡོ་རྗེ་སྣ་ཡོན་གཤེགས་སུ་གསོལ། །རྡོ་རྗེ་མཛོ་ཞོན་གཤེགས་སུ་གསོལ། །རྡོ་རྗེ་རྒྱང་གྲགས་གཤེགས་སུ་གསོལ། །རྡོ་རྗེ་རབ་བརྟན་གཤེགས་སུ་གསོལ། །གནས་འདིར་མ་གཅིག་ལྷ་མོ་སྤྱན་འདྲེན་ནོ། །སངས་རྒྱས་བསྟན་པ་བསྲུང་ཕྱིར་ཁྱོད་བསྟེན་ནོ། །སྡང་བའི་དགྲ་བོ་འདུལ་ཕྱིར་ད་ཚུར་བྱོན། །རཀྟ་མཚོ་ལྟར་སྐྱིལ་ལོ་ད་ཚུར་བྱོན། །གཏོར་མ་རི་ལྟར་སྤུངས་སོ་ད་ཚུར་བྱོན། །དམ་རྫས་ས་སྟེང་ཁྱབ་པོ་ད་ཚུར་བྱོན། །མ་གཅིག་གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ནོ། །དམ་ལས་མ་འདའ་གནས་འདིར་གཤེགས་སུ་གསོལ། །ཚིགས་བཅད་འདི་དག་གྱེར་བྱ་ཞིང༌། དེ་རྗེས་རཀ་མོ་དུ་ར་ཞེས་པ་ནས། ས་མ་ཡ་སྟྭཾ་གྱིས་བར་གཏོར་ཆོག་བཞིན། ཧཱུཾ་ཐོད་རུས་འབར་བས་གཏམས་བའི་གཞལ་ཡས་སུ། །མཐིང་ནག་ཕྱོགས་མེད་ཟླ་བ་ཁམ་པའི་སྟེང༌། །རླུང་གི་བོང་བུ་ག་དམར་གདན་སྟེང་དུ། །ལྕགས་ཀྱི་དྲེལ་རྟ་རྐང་གསུམ་གདན་སྟེང་དུ། །སེང་


TNT14_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

གེ་སྟག་ཆེན་རྔམ་པའི་གདན་སྟེང་དུ། །མི་དམར་བྱ་མོ་ནག་མོའི་གདན་སྟེང་དུ། །པདྨ་ཉི་ཟླ་བརྩེགས་པའི་གདན་ཁྲི་ལ། །མ་གཅིག་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བྷྱཽཿ སྲིད་གསུམ་དབང་བསྡུད༴སོགས་བྱ། གཉིས་སུ་མེད་པར་བསྟིམ། བར་འདིར་མཆོད་འཕྲེང་ནི། རང་བྱུང་གདོད་ནས་གྲུབ་པ་ཡི། །བདུད་རྩི་ལྔ་ཡི་རང་བཞིན་འདི། །རྩ་བ་བརྒྱད་ལ་ལོ་མ་སྟོང༌། །དམར་ཆེན་མཆོད་དང་མཾ་ས་གསུམ། །ག་བུར་ཤེལ་གྱི་སྤོས་ཕོར་དྲི། །སངས་རྒྱས་སྟོང་གི་ཐུགས་དམ་སྟེ། །རྣལ་འབྱོར་ཡོངས་ཀྱི་དམ་ཚིག་གོ །དམ་ཚིག་སྦྱིན་པ་ཆེན་པོ་འདི། །སྦྱིན་ནོ་སྟབས་སོ་སྐུ་ལ་གསོལ། །དུས་གསུམ་རྒྱལ་བ་འཁོར་བཅས་ལ། །རྣམ་དག་བདུད་རྩིའི་མཆོད་པ་འབུལ། །གདུང་བས་ལྷ་མོ་འབར་མ་མཆོད། །ཐུགས་རྗེས་དགོངས་ལ་དངོས་གྲུབ་སྩོལ། །མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུཾ་ཁྱེད་ལ་མཆོད་པ་འབུལ་བ་འདི། །དམ་ཉམས་དགྲ་བོ་འདི་ལགས་ཀྱི། །གཟུགས་ཕུང་ཤིག་ལ་རྣམ་ཤེས་ཐོན། །བླ་སྲོག་ཁུག་ལ་ད་ལྟ་སྒྲོལ། །ཤ་ཁྲག་ནང་ཁྲོལ་རོལ་ཏེ་མཆོད་པར་བཞེས། །ཚིལ་བུ་རུས་ཆེན་རྐང་རྣམས་མཆོད་པར་བཞེས། །གོ་རོ་ཙ་ན་བ་སུ་ཏ་ལ་རོལ། །ཙིཏྟ་དམར་པོ་འབུལ་ལོ་ཁ་རཾ་ཁཱ་ཧི། ཏྲཀ་རཀྴ་མ་ར་ཡ། དགྲ་བོ་ཁ་རཾ་ཁཱ་ཧི། ལྷ་མིན་ཕམ་བྱེད་རབ་བརྟན་མ། །ལྷ་རྣམས་རྒྱལ་བྱེད་རབ་བརྟན་མ། ཁྱོད་ཀྱི་ཐུགས་དམ་དུས


TNT14_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

་ལ་བབ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཧཱུཾ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །བ་ལིང་བནྡྷའི་བཅུད་བླངས་ནས། ཁོར་ཡུག་རྟོགས་པའི་བདུད་རྩི་འདི། །གསོལ་ཞིག་རོལ་ཞིག་ཁ་རཾ་ཁཱ་ཧི། །གདུགས་དང་རྒྱལ་མཚན་བླ་བྲེ་འཕན། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །ཕྱི་ཡི་མཆོད་པ་ཅི་མཆིས་རྣམས། །ནམ་གྲུ་ཁྱོད་ལ་མཆོད་པ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །སྡང་བའི་དགྲ་བགེགས་ཚར་ཆོད་ཅིག །བསམ་པའི་དོན་ཀུན་འགྲུབ་པར་མཛོད། །རཀྟ་གསང་བའི་ཨརྒྷཾ་འདི། །དབང་པོ་སྣ་ལྔའི་མེ་ཏོག་དང༌། །ཚིལ་ཆེན་བསུར་ཆེན་བདུག་སྤོས་དང༌། །ཞུན་ཆེན་སྒྲོན་མེ་སྣང་གསལ་དང༌། །རྡོ་རྗེ་གསང་བའི་དྲི་ཆབ་དང༌། དོན་སྙིང་རྣམ་ལྔའི་ཞལ་ཟས་བཀྲམ། །ཐོད་རྔ་རྐང་གླིང་རོལ་མོའི་སྒྲ། །ནང་གི་མཆོད་པ་ཅི་མཆིས་རྣམས། ནམ་གྲུ༴སོགས་གོང་བཞིན། མྱོས་བྱེད་ཀུན་གྱི་བཅུད་བསྡུས་པ། །ཀུན་ད་འཁྱིལ་བ་བྱང་ཆུབ་སེམས། །མ་ཉམས་ཉི་འོད་རཀྟའི་རྡུལ། །དྲི་ཆུ་སྨན་དང་ཀླད་པ་སོགས། །མདངས་དང་སྟོབས་དང་བདེ་བའི་རྒྱུ། །རབ་ཏུ་གསོལ་ཞིག་དམ་ཚིག་ཅན། །ཐབས་ཤེས་དབྱེར་མེད་མཉམ་པར་སྦྱོར། །གསང་བའི་མཆོད་པ་དམ་པ་འདི། །ནམ་གྲུ༴ སོགས་གོང་བཞིན། རཀྟ་སྟོང་གི་མཆོད་པ་བཞེས། །ཤ་སྣ་སྟོང་གི་མཆོད་པ་བཞེས། །སྙིང་སྣ་སྟོང་གི་མཆོད་པ་བཞེས། སྨན་སྣ་སྟོང་གི་མཆོད་པ་བཞེས། །བླ་བྲེ་རྒྱལ་མཚན་འཕན་དང་


TNT14_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས། །ཆིབས་དང་བང་མཛོད་ན་བཟའ་སོགས། །མཆོད་སྤྲིན་རྒྱ་མཚོ་འདི་འབུལ་གྱི། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་མཆོད་འཕྲེང་གྱེར་བསྟོད་པ་ནི། ཆོས་སྐྱོང་རྒྱལ་མོ་གཤོག་རྒོད་མ། །སྲོག་བདག་རྒྱལ་མོ་གསལ་ཤིང་ཅན། །དམ་ཉམས་གསལ་ཤིང་རྩེ་ལ་ཚུགས། །དགྲ་བགེགས་བརླག་བྱེད་ད་ཚུར་བྱོན། །བྱང་ཤར་མཚམས་ཀྱི་རེ་མ་ཏཱི། །དུར་ཁྲོད་ཆེན་པོའི་ནང་ཞིག་ནས། །མི་རོ་རྟ་རོ་གདན་སྟེང་ནས། །འཁོར་ནི་མ་མོ་འབུམ་གྱིས་བསྐོར། །སྐུ་མདོག་མཐིང་ནག་འོད་འབར་མ། །དབུ་ལ་གཡུ་ཡི་གོ་ཅོག་གསོལ། །བསེ་ཡི་གདོང་ལ་ནོར་བུས་བརྒྱན། །ཞལ་ནས་ཁྲག་འཛག་ཆིལ་ལི་ལི། །སྤྱན་གསུམ་མེ་འབར་ཏལ་ལ་ལ། ཤངས་ནས་རླུང་འཚུབ་དུད་པ་འཐུལ། །ཞབས་ཀྱིས་དགྲ་བོའི་གློ་སྙིང་བརྫི། །གདུག་པ་འདུལ་ཕྱིར་མི་བཟད་མཆེ་བ་གཙིགས། །སྲིད་གསུམ་སྒྲོལ་བྱེད་མཚོན་ཆ་སྣ་ཚོགས་བསྣམས། །ཡུན་དུ་མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས། །བདག་གི་འཆི་བདག་བཟློག་ལ་བདུད་འདི་སྲུངས། །འདི་དང་སྐྱེ་བ་ཀུན་ཏུ་གདོང་གྲོགས་མཛོད། །རྒྱུན་གྱི་མགོན་དང་གཉེན་བཤེས་ཁྱོད་ཀྱིས་གྱིས། །བསྟེན་པའི་འོས་སུ་ལྷ་མོ་ཁྱོད་བསྟེན་ནོ། །མཆོད་པའི་འོས་སུ་རྣལ་འབྱོར་བདག་གིས་མཆོད། །སྒྲུབ་པའི་འོས་སུ་སྔགས་དང་ཕྱག་རྒྱ་བསྒྲུབ། །དམ་ཚིག་དུས་ལ་བབ་པོ་དམ་ཅན་མ། ཁྱོད་ལ་བསྟོད་པ་འབུལ་གྱི་དགྱེས་པར་མཛོད། །བཀའ་ཡི་ཕོ་ཉ་ཆུ་སྲིན་མགོ །དཀར་མོ་ཞལ་གྱི་ཕོ་ཉ་


TNT14_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །སྔོན་མོ་རལ་བ་འཛིངས་པ་མོ། །དམར་མོ་ཆེན་མོ་གཏུམ་པ་མོ། །སེར་མོ་རྡོ་རྗེ་ཁ་ལ་བཞད། །བཀའ་ཉན་བ་ལང་དྲེལ་སྣ་མོ། །མགྱོགས་བྱེད་ཁྲི་སྨན་ས་ལེ་མ། །སྤྲུལ་པ་སྟག་སེང་དུར་བྱའི་ཚོགས། །ལས་བྱེད་མཁའ་འགྲོ་གྲངས་ལས་འདས། །མ་མོ་བྱེ་བ་བསམ་མི་ཁྱབ། །རྫུ་འཕྲུལ་དཔག་ཡས་འཕྲིན་ལས་སྒྲུབ། །འཁོར་བཅས་བདག་གིས་བསྟོད་པར་བགྱི། །ཞེས་སོ། །དེ་རྗེས་ཏདྱ་ཐཱ་སོགས་བཟླས་པ་དང༌། ཨོཾ་ཨཱཿཧཱུཾ། སོགས་གཏོར་ཆོག་ལྟར་གཏོར་མ་འབུལ། སླར་ཡང༌། དྲི་མེད་ཡིད་དུ་འོང་བ་ཡི། །དམ་རྫས་མཆོད་ཡོན་འབར་བ་འདི། །ནམ་གྲུ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད། །ཨོཾ་མཧཱ་ཀཱ་ལི་རེ་མ་ཏཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་རོལ་མོ་ནས། ཤཔྟའི་བར་དུ་སྦྱར་རོ། བསྟོད་པ་ནི། བྷྱཽཿ ནམ་གྲུ་ཁྱོད་ཀྱི་ཆོ་འབྲང་དང༌། །མཚན་ཉིད་ཀྱང་ནི་བཤད་བྱ་ན། །ནོར་བུའི་རང་བཞིན་ཁྱོད་ཀྱི་ལུས། །རྒྱབ་ནི་ཛམ་བུ་ཆུ་མོའི་གསེར། ཁྱོད་ཀྱི་གདོང་ནི་དངུལ་ཡིན་ཏེ། །ལྟེ་བའི་ངོས་ནི་རྡོ་རྗེས་གཏམས། །མིང་པོ་མཛོད་དང་མཛོད་བསྲུང་པ། ཁྱོད་ཀྱི་མ་ནི་ཀུན་འགྲོ་མ། ཁྱོད་ཀྱི་ཕ་ནི་རླུང་ཞེས་བྱ། སྐལ་ལྡན་ཤིང་རྟ་ཁྱོད་ཀྱི་ལུས། །ལྷ་ཡུལ་དུའང་གྲགས་པ་ཡིན། །མཚན་མོ་ནག་མོ་འཇིགས་བྱེད་མ། །གཤིན་རྗེས་སྲིང་མོ་ཆེན་པོ་སྟེ། །སྲིན་མོ་ཡོངས་འདུའི་བདག་མོར་བསྟོད། །བདག་གི་འདོད་པའི་དོན་ཐམས་ཅད་སྒྲུབས་ཤིག །ཅེས་བྱ། འཕྲིན་ལས་གཞོལ། དེ་ནས་བསྐང་རྫས་རྣམས་སྔགས་དྲུག་ཕྱག་རྒྱ་


TNT14_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཏིང་ངེ་འཛིན་དྲུག་གིས་བྱིན་གྱིས་རླབས་པའམ། བསྡུ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ཁོ་ནས་ཀྱང་རུང་ངོ༌། །དེ་ནས་བསྐང་བ་མདོར་བསྡུས་པ་ནི། ཀྱཻ། མ་གཅིག་གཉེན་གྱི་རེ་མ་ཏཱི། །མ་གཡེལ་མ་གཡེལ་ཡལ་གམ་ཅན། །དམ་ལས་མ་འདའ་སྲུང་མའི་ཚོགས། །དམ་ཅན་མ་མོ་འཁོར་བཅས་རྣམས། །བདག་གིས་གདུང་བས་བོས་པའི་ཚེ། །མ་ཐོགས་མྱུར་དུ་ཚུར་བྱོན་ཅིག། དམ་ཅན་མ་ནི་གཅིག་བོས་ཀྱང༌། །དམ་ཅན་རྒྱ་མཚོ་ཀུན་ཀྱང་འབྱོན། །ཐུགས་དམ་ཅན་དུ་འདྲ་ལགས་ཀྱང༌། །དཔལ་གྱི་ལྷ་མོ་སྣ་ལ་བྱོན། །མིང་པོ་བདག་གིས་བོས་པའི་ཚེ། །མ་མོ་སྲིན་ལྟར་འཁོར་ཞིང་བྱོན། །མ་མོ་གློག་ལྟར་ཁྱུག་གིན་བྱོན། །དམ་ཅན་འཁོར་བཅས་ད་ཚུར་བྱོན། །བོས་པའི་ཚེ་ན་སྙན་མ་སྲ། །གཡབས་པའི་ཚེ་ན་སྤྱན་མ་རྟུལ། །བསྐུལ་བའི་ཚེ་ན་བང་མ་བུལ། །བསྟེན་པའི་ཚེ་ན་རུ་མ་ང༌། ཁུར་བའི་ཚེ་ན་བརྗིད་པ་ཆེ། །མངགས་པའི་ཚེ་ན་རྩལ་མ་ཞན། །རྦད་པའི་ཚེ་ན་མཐུ་མ་ཆུང༌། །བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབས། །ཤྲཱི་མཧཱ་ཀཱ་ལི་ཛ་ཛ་ཧཱུཾ། བྷྱཽཿ དཔལ་ལྡན་ལྷ་མོ་རེ་མ་ཏཱི། །ལྷ་མོ་ཆེན་མོ་ནམ་གྲུ་མ། །རྗོང་མོ་ཆེན་མོ་དཀའ་བཟློག་མ། །ནག་མོ་ཆེན་མོ་ཁ་འབར་མ། །བྱིས་པ་ཀུན་གྱི་དུར་བྱེད་མ། དུར་ཁྲོད་འབར་བའི་ལོ་མ་ཅན། །རཀྟ་ཆེན་མོ་ཙ་མུཎྜི། །ནམ་མཁའི་ཁམས་ཀྱི་མཐུ་མོ་ཆེ། །བར་སྣང་ཁམས་ཀྱི་གློག་མ་སྤྲིན། ཁ་ནས་མེ་འབར་རྒྱ་མཚོ་


TNT14_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

སྐེམ། །ལག་ན་རྡོ་རྗེས་རི་རབ་སྙིལ། །རལ་བ་ནག་པོ་སྟོང་ཁམས་ཁེབས། ཁ་ནས་ཞིང་ཁྲག་རྒྱ་མཚོར་འཁྱིལ། །ཉིན་གྱི་དུས་སུ་རྟོག་བྱེད་མ། །མཚན་གྱི་དུས་སུ་རྒྱུ་བྱེད་མ། །ནག་མོ་འབུམ་གྱི་ཐུགས་དམ་བསྐང༌། །ཤ་ཆེན་ཚོགས་ནི་རི་ལྟར་སྤུངས། །ཙིཏྟའི་ཚོགས་ནི་རྫ་ལྟར་ལྷགས། །རཀྟའི་རྒྱ་མཚོ་རྦ་ཀློང་འཁྱིལ། །འཁོར་བཅས་ཐུགས་དམ་སྐོང་གྱུར་ཅིག །ནག་མོ་ཁ་ལ་ཛ་ཡ་དུ། ས་མ་ཡ་ཧོ། རུ་ལུ་རུ་ལུ་སྙིང་ཁ་ལ་མ་ཏི་དུན་བྷྱཽཿ ཞེས་རྒྱུན་རོལ་དང་བཅས་པས་གཏོར་མ་ལ་རཀྟ་བྲན། བྷྱོཿ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་སྒོར་རླུང་འཚུབ་པའི་ཕོ་བྲང་ནས། །མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ལྷ་མོ་ཆེན་མོ་རྡོ་རྗེ་རབ་བརྟན་མ། །བསྐང་ངོ་བསྐལ་བའི་ཐུགས་དམ་བསྐངས། །ཤ་ཁྲག་གཏོར་མས༴ ཚོགས་ཀྱི་མཆོད་པས༴ དམར་ཆེན་ཁྲག་གིས༴ ཚིལ་ཆེན་སྤོས་ཀྱིས༴ སྣ་ཚོགས་རོལ་མོས༴ སྤྱན་གཟིགས་དུ་མས༴ དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས༴ བོད་པའི་དམ་རྫས་ཡིན་པའི་ཕྱིར། །ཞིང་ཆེན་གཡང་གཞིས༴ བསྟེན་པའི་དམ་རྫས་ཡིན་པའི་ཕྱིར། །མི་དབང་སྙིང་གིས༴ རང་བཞིན་གནས་ནས་སྤྱན་དྲངས་ཕྱིར། །མི་རྐང་གླིང་བུས༴ འདོད་པའི་གཙོ་མོ་ཡིན་པའི་ཕྱིར། །རྨ་བྱའི་རྒྱལ་མཚན༴ ཤངས་ཀྱི་དབང་པོ་ཚིམ་བྱེད་པའི། །ཤ་ཆེན་དུད་པས༴ མགུར་གྱི་གསང་ནས་དྲངས་པའི་ཕྱིར། །དམར་


TNT14_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རཀྟས༴ ཉམས་ཆགས་མ་ལུས་བསྐང་བའི་ཕྱིར། །བྱ་ལུག་སྨུག་ནག་གིས༴ དཔལ་གྱི་ལྷ་མོའི༴ རྒྱལ་གར་ཡུལ་དུ་མཚན་གསོལ་བ། །ཧེ་ལ་འབར་མའི༴ ཨུ་རྒྱན་ཡུལ་དུ་མཚན་གསོལ་བ། །རྡོ་རྗེ་སྣ་ཡོན་ཐུགས༴ ཟ་ཧོར་ཡུལ་དུ་མཚན་གསོལ་བ། །རྡོ་རྗེ་མཛོ་ཞོན༴ དཀར་ཆུང་རྒྱལ་སྡེར་མཚན་གསོལ་བ། །རྡོ་རྗེ་གཤོག་རྒོད༴ ཐོ་ལི་སྲུང་མར་མཚན་གསོལ་བ། །རྡོ་རྗེ་དབང་གྲུབ་ཐུགས༴ རྒྱན་གོང་གནས་སུ་མཚན་གསོལ་བ། །རྡོ་རྗེ་རབ་བརྟན་མའི༴ །བསྟན་སྲུང་ཆེན་མོའི༴ སྔགས་བསྲུང་ཆེན་མོའི༴ སྒྲ་ནི་འབྲུག་ལས་ཤིན་ཏུ་ཆེ། །མ་མོ་འབུམ་སྡེའི༴ དགྲ་ཤ་ཟ་ཞིང་དགྲ་ཁྲག་འཐུང༌། །སྤྲུལ་པ་འབུམ་སྡེའི༴ མིང་པོ་ཀླུ་ཆེན་ཐོད་དཀར༴ ལས་མཁན་ཀླུ་བདུད་ནག་པོའི༴ ལས་བཞི་སྒྲུབས་མཛད་མཁའ་འགྲོའི༴ ལྗང་ནག་ཆུ་སྲིན་གདོང་གི༴ བ་ལི་དྲེལ་སྣ་ཁྲི་སྨན་ས་ལེ་སོགས། །བཀའ་ཉན་མ་མོ་འབུམ༴ བསྟན་མ་བཅུ་གཉིས་ཚོགས་ཀྱི༴ ཉམས་ཆགས་བསྐངས་ཤིང་ཆོས་འབྱོར་རྒྱས་པར་མཛོད། །ངེས་དོན་བསྟན་པ་ཕྱོགས་བཅུར་དར་བ་དང༌། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་སོལ། །འདོད་དོན་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །བྷྱོཿ དཔལ་གྱི་ལྷ་མོ་འཇིགས་གཟུགས་མ། །གསང་མཚན་རྡོ་རྗེ་གཤོག་རྒོད་མ། །གཟི་བརྗིད་


TNT14_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་འབུམ་ལས་ལྷག །སྤྲུལ་པ་སྟོང་གསུམ་བྱེ་བ་ཁྱབ། །ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ། །ཀླུ་བདུད་ནག་པོ་ཕོ་ཉར་འགྱེད། །ཕྱག་གཡས་རལ་གྲི་འབར་བ་ཡིས། །བདུད་ཚོགས་འཇོམས་ཤིང་ཉོན་མོངས་གཅོད། །བསྟན་དགྲ་ཐལ་བ་རྡུལ་དུ་རློག། གཡོན་པ་ནེའུ་ལེ་རིན་ཆེན་ཆར། །དགོས་འདོད་དངོས་གྲུབ་ཐམས་ཅད་སྩོལ། །མངའ་ཐང་ལོངས་སྤྱོད་སྩལ་དུ་གསོལ། ཁྱོད་ཀྱི་མཐུ་སྟོབས་བསམ་མི་ཁྱབ། །བསྟན་ལ་སྡང་བའི་དགྲ་བོ་རྣམས། །ནག་མོ་ཁྱོད་ཀྱི་ཞལ་དུ་ཐོབ། །རོལ་ཞིག་སྐུལ་ཞིག་ཁ་རམ་ཁཱ་ཧི། །ལྷ་མོ་དེ་ཡི་ཁོལ་མོ་ནི། །སྲིན་མོ་དམར་འདབས་ཕུར་བུའི་ལྷ། །ཀླུ་མོ་གཞོགས་ཞ་ཆུ་སྲིན་མགོ །གང་འཕྲད་དེ་ཡི་སྲོག་ལ་གཅོད། །གསོད་པའི་མཚོན་ཆ་ལག་ན་ཐོགས། །བསྐལ་པའི་རླུང་ནག་འཚུབས་མ་ཞོན། །ཕོ་ཉ་ཆུ་སྲིན་མང་པོ་འགྱེད། །འདིར་བྱོན་དམ་དགོངས་འཕྲིན་ལས་མཛོད། །ཤར་གྱི་ཕྱོགས་ཀྱི་མ་མོ་ནི། །དཀར་མོ་རྡོ་རྗེ་ཕོ་ཉ་མོ། །ན་བཟའ་བྱ་རྒོད་ཐུལ་པ་གསོལ། །དཀར་མོ་བྱེ་བ་འབུམ་གྱིས་བསྐོར། །འདིར་བྱོན༴ ལྷོ་ཡི་ཕྱོགས་ཀྱི་མ་མོ་ནི། །སྔོན་མོ་རལ་པ་འཇོངས་པ་མོ། །སྐུ་ལ་མི་ལྤགས་གཡང་གཞི་གསོལ། །སྔོན་མོ་བྱེ་བ༴ འདིར་བྱོན༴ ནུབ་ཀྱི་ཕྱོགས་ཀྱི་མ་མོ་ནི། །དམར་མོ་ཆེན་མོ་གཏུམ་པ་མོ། །སྐུ་ལ་འབྲུག་གི་སློག་པ་གསོལ། །དམར་མོ་བྱེ་བ༴ འདིར་བྱོན༴ བྱང་གི་ཕྱོགས་ཀྱི་མ་མོ་ནི། །སེར་མོ་ཁ་ལ་བཞད་པ་མོ། །སྐུ་ལ་སྟག་གི་པགས་པ་གསོལ། །


TNT14_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

སེར་མོ་བྱེ་བ༴ འདིར་བྱོན༴ འཕྲིན་ལས་རྣམ་བཞིའི་ལྷ་མོ་རྣམས། །རང་མདོག་དང་མཚུངས་ཐོད་གདོང་ཅན། །ཕྱག་ན་རལ་གྲི་ཐོད་ཁྲག་བསྣམས། །བདག་གིས་བཅོལ་བའི་ལས་འདི་སྒྲུབ། །དུར་ཁྲོད་བསིལ་བའི་ཚལ་ཤེད་ནས། །རྡོ་རྗེ་བ་ལང་དྲེལ་སྣ་མོ། །གསེར་གཡུ་བརྩེགས་པའི་ཐོད་གདེངས་ཅན། །ཕྱག་གཉིས་ཞིང་ལྤགས་ཐོད་རློན་བསྣམས། །ཆིབས་སུ་དྲེའུ་ནག་ཁ་དཀར་ཆིབས། །མ་བདུད་ཀུན་གྱི་སྣ་འདྲེན་མ། །འདིར་བྱོན༴ དེ་ཡི་སྔོན་ལ་འགྲོ་བ་ནི། །མ་ཡམས་ནག་མོ་ཀུན་གྱི་རྗེ། །ཕྱག་ན་ཐོད་པ་ཁྲག་གང་བསྣམས། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །སྟག་གཟིགས་དོམ་ནག་སྟོང་གིས་བསྐོར། །འདིར་བྱོན༴ རྒྱ་མཚོ་ཆེན་པོའི་གཏིང་རིམ་ནས། །རྡོ་རྗེ་ཁྲི་སྨན་ས་ལེ་མ། །ཆུ་སྲིན་རྒྱལ་མཚན་བནྡྷ་འཛིན། །ཆིབས་སུ་སོ་བྱ་རོག་པོ་ཆིབས། །ས་འོག་གནས་པའི་དམག་སྣ་འདྲེན། །འདིར་བྱོན༴ ནག་མོ་ཆེན་མོ་ཧ་ལ་མོ། །ལག་ན་ཐོད་པ་ཁྲག་གང་འཛིན། །ཆིབས་སུ་སྲིད་པ་རླུང་ལ་ཆིབས། །གྲོང་མཐའ་སྐོར་ཞིང་ནད་ཡམས་འབེབས། །འདིར་བྱོན༴ མིང་པོ་ཀླུ་ཆེན་ཐོད་དཀར་ཡང༌། །དཀར་གསལ་སྦྲུལ་མགོ་བུམ་པ་འཛིན། །ཆིབས་སུ་ཀླུ་རྟ་དཀར་སྔོན་ཆིབས། །ས་བདག་ཀླུ་གཉན་འབུམ་གྱིས་བསྐོར། །འདིར་བྱོན༴ ལས་མཁན་ཀླུ་བདུད་ནག་པོ་ཡང༌། །ཕྱག་ན་རུ་མཚོན་ཞགས་པ་ཐོགས། །ཆིབས་སུ་བདུད་རྟ་ནག་པོ་ཞོན། །བདུད་དང་སྲིན་པོའི་ཚོགས་ཀྱིས་བསྐོར། །འདིར་


TNT14_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་དམ་དགོངས་འཕྲིན་ལས་མཛོད། །བྷྱོཿ དཔལ་གྱི་ལྷོ་མོ་འཁོར་བཅས་ནི། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །སྲུང་མའི་ཚོགས་བཅས་སྐུ་བཞེངས་ལ། །མི་མཐུན་བར་ཆད་བཟློག་པར་མཛོད། །བདག་ཅག་དཔོན་སློབ་དགེ་འདུན་བཅས། །རྒྱུ་སྦྱོར་ཡོན་མཆོད་འཁོར་བཅས་ཀྱི། །རྐྱེན་ངན་བར་ཆད་བཟློག་པ་དང༌། །གནོད་བྱེད་རྡུལ་ཕྲན་ཙམ་དུ་རློག །ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལངས་དང༌། །སྡེ་བརྒྱད་ཁ་ཟུགས་དམ་སྲིའི་བར་ཆད་བཟློག །རྨི་ལམ་ངན་དང་མཚན་ལྟས་ངན་པ་དང༌། །གཞན་གྱི་ཆོ་འཕྲུལ་གཏོང་བ་ཐམས་ཅད་བཟློག །རབ་བྱུང་སྔགས་པ་མུ་སྟེགས་བོན་སོགས་ཀྱི། །མཐུ་གཏད་བྱད་ཁ་རྦོད་གཏོང་ཐམས་ཅད་བཟློག །སྔགས་དང་ཕྱག་རྒྱ་འཁྲུལ་འཁོར་ངན་པ་དང༌། །ཟོར་དང་སྨོད་པ་ངན་བྱེད་རིགས་ཀུན་བཟློག། མཚོན་ཆ་དུག་དང་མེ་ཆུའི་གནོད་པ་དང༌། །གྲོས་ངན་བསམ་ངན་སྦྱོར་རྩུབ་ཐམས་ཅད་བཟློག །གདོན་བགེགས་ནད་རིམས་ཡམས་ནད་གཏོང་བ་སོགས། །སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་བྱུང་བའི། །མི་མཐུན་གནོད་པ་ཐམས་ཅད་ཕྱི་ལ་བཟློག །བདེ་ལེགས་དངོས་གྲུབ་སྩོལ་བའི་འཕྲིན་ལས་མཛོད། །བར་འདིར་ཡིག་བརྒྱ་གང་ནུས་བཟླ། བཤགས་པ་ནི། བྷྱོཿ དཔལ་གྱི་བཀའ་སྡོད་ཉེ་བའི་ཉེ་སྙིང་མ། །ལྷ་མོ་འཁོར་བཅས་བདག་ལ་དགོངས་སུ་གསོལ། །འདའ་དཀའ་རྡོ་རྗེ་དམ་ཚིག་བརྟན་གྱི་གཉེར། །ཡོངས་སུ་མི་གཏོང་འདའ་བར་མི་བགྱིད་ཀྱང༌། །ཀློང་དུ་མ་གྱུར་རྩལ་ཤུགས་ཕྱུང་བ་དང༌། །ལྟ་བ་དཔངས་དམའ་ཆོས་


TNT14_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོན་མ་རྟོགས། །སྒོམ་པ་ཡུན་ཐུང་ལྷ་མོའི་སྐུ་མི་གསལ། །སྙིང་པོ་གྲངས་ཉུང་གྲ་ཆག་ཟུར་ཉམས་དང༌། །ཉམས་དང་ཚོགས་འདྲེས་ཉེས་སྦྱངས་བྱས་པ་དང༌། །དམ་ཉམས་གཏམ་བྱས་ཁ་གྲོས་འདྲེས་པ་དང༌། ཁས་བླངས་དམ་བཅས་དུས་ལས་ཡོལ་བ་དང༌། །དམ་རྫས་མ་ཚང་གཏོར་མའི་ཕུད་ཉམས་དང༌། །སྒོམ་སྒྲུབ་མི་བརྩོན་ལེ་ལོ་རྣམ་གཡེངས་དང༌། །གསང་བའི་མན་ངག་གཞན་ལ་སྤེལ་བ་སོགས། །གནོང་འགྱོད་འཐོལ་བཤགས་བཟོད་པར་གསོལ་ལགས་ན། །ཐུགས་རྗེ་ཆེན་པོས་ཚངས་པར་མཛད་དུ་གསོལ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྩ་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་འགལ་འཁྲུགས་ཐམས་ཅད་སོ་སོར་བཤགས། །མཐོལ་བཤགས་ཕུལ་ནས་ཚངས་པར་མཛད་དུ་གསོལ། །ཞེས་བྱའོ།།ཤེས་ཤིང་སྤྲོ་ན་ཡིག་བརྒྱའི་གོང་ངམ། བཤགས་པའི་འཇུག་འདི་གང་རུང་དུ། དཔལ་ལྷ་མོའི་སྤྱི་བསྟོད་དང༌། འདི་ཉིད་ཀྱི་སྒོས་བསྟོད་གང་འགྲུབ་བྱེད་དགོས་པ་ཡིན་ནོ། །དེ་ནས་དྲག་ཏུ་བསྐུལ་ཞིང་དགྲ་ལ་རྦད་པ་མདོར་བསྡུ་བ་ནི། སྲིད་པའི་རྩེ་མོ་མན་ཆད་ནས། །ན་རག་དམྱལ་ཁམས་ཡན་ཆད་དུ། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །མཆོག་གསུམ་གཟུ་དང་དཔང་མཛོད་ཅིག །


TNT14_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་འདོད་ཁམས་དབང་ཕྱུག་མ། །དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས། །ལྷ་དང་འབྱུང་པོ་མཐུ་བོ་ཆེ། །ལྷ་སྲིན་སྡེ་བརྒྱད་དཔང་མཛོད་ཅིག །ཞལ་ལྕེ་སྣང་སྲིད་ལྷ་འདྲེས་ཆོད། །ང་ཡི་མ་ཉེས་མ་ཡོའོ། །སྡིག་ཅན་འདི་ཡིས་ཉེས་ཀུན་བྱས། ཁ་སྨྲས་སྲུང་མ་གཉན་པོས་ཐོགས། །དམ་ཉམས་སྡིག་ཅན་གཤེད་མ་འདིས། །སངས་རྒྱས་བསྟན་པ་འདི་ཡིས་བཤིག །དཀོན་མཆོག་དབུ་འཕང་འདི་ཡིས་སྨད། །བླ་མའི་བཀའ་དང་དམ་ལས་འདས། །སྲུང་མ་ཁྱོད་ལ་བདོ་ཕོད་བཙུགས། །རིག་འཛིན་རྣམས་ལ་དོ་བདོས་སོ། །བདག་ནི་སྲུང་མ་ཁྱོད་ལ་འབོད། །ལྷ་སྲིན་སྡེ་བརྒྱད་རམ་ཟླ་བཟློག །སྲིད་གསུམ་མཐུ་ཆེན་ཁྱེད་རྣམས་ཀྱི། །ལས་ཀྱི་ཕོ་ཉ་ཕྱོགས་བཅུར་འགྱེད། །དམ་ཅན་ཚོགས་ནི་སྤྲིན་ལྟར་གཏིབས། །བཀའ་སྡོད་ཚོགས་ནི་གློག་ལྟར་འཁྱུག །དམ་ཚིག་ཉམས་པའི་དགྲ་བགེགས་འདི། །ད་ལྟ་ཉིད་དུ་འདིར་ཁུག་ཅིག །གནམ་གྱི་འཇུ་ཐག་སྐྱ་བོ་ཆོད། །ས་ཡི་ལྟེ་ཕུར་ནག་པོ་ཕྱུང༌། །ལས་ཀྱིས་རླུང་གིས་རྒྱབ་ནས་ཕུལ། །དུས་ཀྱི་མུན་པས་མདུན་ནས་བསུས། ཁ་ནས་ཟུངས་ཁྲག་སྐྱུག་ཏུ་ཆུག ཁོང་པའི་ནང་ནས་སྙིང་ཕྱུང་ཞིག །དཔྲལ་པའི་དབྱིངས་ནས་མིག་ཕྱུང་ཞིག །ལྟག་པའི་ཕྱོགས་ནས་བདུད་ཆོད་ཅིག །རྒྱུ་མ་ནང་ཁྲོལ་ཐང་ལ་ཕོ། །དགྲ་བགེགས་སྲོག་རྩ་མྱུར་དུ་ཆོད། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ མ་མོ་འཁོར་བཅས་དགྲ་ལ་བྷྱོཿ སྡེ་བརྒྱད་དམ་ཉམས་དགྲ་ལ་བྷྱོཿ དགྲ་བོ་བླ་ཚེ་ཐུམ་རིལ་བྷྱོཿ དགྲ་བོའི་བླ་སྲོག་ཐུམ་


TNT14_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བྷྱོ། །དགྲ་བོའི་དབུགས་རྔུབས་ཐུམ་ཧྲིལ་བྷྱོཿ དགྲ་བགེགས་སྲོག་ལ་བྲེང་བྲེང་རྒྱུག །དགྲ་བགེགས་སྙིང་ལ་རྦད་ཤཀ་བྷྱོཿ ཞེས་པ་དང༌། རོལ་མོ་དྲག་ཏུ་བྱའོ། །གཏོར་ཟོར་འཕེན་ནའང་བསྐུལ་བ་འདི་ཉིད་བྱེད་པ་ཡིན། དུས་རྒྱུན་གྱི་བསྐང་བ་ལ་དྲག་བསྐུལ་མེད་ཀྱང་ཆོག་གོ །དེ་ནས་ཐུན་གྱི་མཐར་ཐུན་གཏོར་འབུལ་བའམ། གཏོར་སྒྲུབ་གྲོལ་བའི་ཚེ་འཛིན་གཏོར་འབུལ་ན། གཏོར་མ་ཁང་སྟེང་དུ་བསྒྲིགས་ཏེ། སྨན་རག་གིས་བྲན། རོལ་མོ་བྱིན་དབབ། མཚན་མོ་ཡིན་ན་གཏོར་མ་ལ་མེ་སྒྲོན་འཛུག བྷྱོཿ ཆོས་དབྱིངས་དབང་ཕྱུག་མ་གཅིག་བདུད་ཀྱི་ཡུམ། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །སྡེ་བརྒྱད་དབང་སྒྱུར་དཔལ་ལྡན་གཤིན་རྗེའི་ལྕམ། །བཀའ་སྡོད་ཕོ་ཉ་བྲག་གཡོག་འཁོར་དང་བཅས། །སྲིན་པོ་འབུམ་དང་མ་མོ་བྱེ་བའི་ཚོགས། །བདུད་དང་སྲིན་མོ་གཤིན་རྗེའི་ཚོགས་དང་བཅས། །ལང་ཀའི་བདག་མོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །འདབ་ཆགས་གཅན་གཟན་སྤྲུལ་པའི་འཁོར་དང་བཅས། །དགྲ་སྲོག་དབང་བྱེད་བཤན་པའི་ཚོགས་དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །སྨན་རག་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །དམ་རྫས་སྣ་ཚོགས་མཆོད་པ་འདི་བཞེས་ཤིག །སྔར་བཅོལ་ལེགས་པའི་གཏང་རག་གཉན་པོ་འབུལ། །ཕྱེ་བཅོལ་ལེགས་པའི་གསོལ་འདེབས་གཉན་པོ་བཞེས། །འཕྲིན་ལས་རྣམ་བཞི་ཕྱོགས་མེད་འགྲུབ་པ་དང༌། །ངེས་དོན་བསྟན་པ་ཕྱོགས་བཅུར་


TNT14_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

དར་བ་དང༌། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང༌། །བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་མཛོད། །བྷྱོཿབྷྱོཿ དེ་ནི་དམ་ཉམས་དགྲ་ལ་བྷྱོཿ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་བྷྱོཿ གདོན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་བྷྱོཿ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་བྷྱོཿ ཤ་ཟ་ཁྲག་འཐུང་ཐམས་ཅད་དགྲ་ལ་བྷྱོཿ དགྲ་བོའི་སྲོག་ལ་རོལ་ཅིག་སྲིན་མོའི་ཚོགས། །དམ་ཉམས་དགྲ་བོ་ད་ལྟ་ཉིད་དུ་སྒྲོལ། །ཐུགས་དམ་དུས་ལ་བབ་པོ་ས་མཱ་ཡ། །དྲག་རོལ་ཡུན་རིང་དུ་བྱ། ཤིས་བརྗོད་ཅུང་ཟད་ཅིག་དང་བཅས་ཏེ་ནང་དུ་འོངས། སླར་ཡང་མཆོད་པ་བྱིན་རླབས་བྱ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ཞེས་པ་མན་ཆད་གཏོར་ཆོག་བཞིན་དུ་བྱའོ། །དེ་ལྟར་ན་འདི་གཏོར་མ་ལ་བརྟེན་པའི་བསྐང་བ་ཡིན་ལ། མདོས་བསྐང་ནི། སེ་མཁར་མ་སོགས་ཡི་གེ་རྙིང་པ་བཞིན་དུ་བྱེད་པ་ཡིན་པ་ལས། གཏོར་བསྐང་འདི་དང་སྦྲེལ་ཏེ་བྱེད་ན། བདེ་ལེགས་དངོས་གྲུབ་སྩོལ་བའི་འཕྲིན་ལས་མཛོད་ཅེས་ལས་བཅོལ་སོང་མཚམས་བཤགས་པས་སྔོན་དེར་མདོས་བསྐང་བྱ། གཏོར་བསྐངས་མི་བྱེད་པར་མདོས་བསྐང་ལོགས་སུ་བྱེད་ན། །བསྐང་རྫས་བྱིན་རླབས་ཡན་ཆད་གོང་བཞིན་བྱས་ནས། དེ་མན་ཆད་མདོས་བསྐང་ཁོ་ན་གཞུང་བསྲངས་པས་ཆོག བློ་ཤིན་ཏུ་གཞན་ན་མདོས་བསྐང་ལ་བཀླགས་ཆོག་བྱེད་པའི་སྲོལ་ཡང་གདའོ། །དཔལ་ལྡན་ལྷ་མོ་རེ་མ་ཏཱི། །རྡོ་རྗེ་རབ་བརྟན་མའི་བསྐང་བའི་ཆོ་ག་ཚིག་ཆ་མདོར་བསྡུས་ཤིང༌། ཆོ་གའི་ཡན་ལག་མ་ཚང་བ་མེད་པ་


TNT14_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡང༌། དོན་གཉེར་མང་པོས་བསྐུའ་བའི་ངོར། ཏཱ་ར་ནཱ་ཐས་བར་སྐབས་སུ་སྨྲས་པའོ། །ཚིག་འབྱམས་ཆེས་པ་ལས་སྙིང་པོ་བསྡུས་པ་ཅུང་ཟད་དང༌། ཁ་སྐོང་ཚིག་རེ་ཙམ་དང༌། གོ་རིམ་བདེ་བར་བསྒྱུར་བ་རེ་རེ་ཙམ་མ་གཏོགས་ཕལ་ཆེར་གཞུང་དང་ཡིག་རྙིང་བཞིན་དུ་བྲིས་པའོ། །གཅིག་ཞུས། །མངྒ་ལཾ།།


previousདཔལ་ལྷ་མོ་རྡོ་རྗེ་རབ་བརྟན་མའི་བསྐང་བ་ཉེར་མཁོ།next