Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡས་གཏམ་དང་བསྔོ་བ་མདོར་བསྡུས།
   


 
previousཡས་གཏམ་དང་བསྔོ་བ་མདོར་བསྡུས།next

ཡས་གཏམ་དང་བསྔོ་བ་མདོར་བསྡུས།


TNT14_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་གཏམ་དང་བསྔོ་བ་མདོར་བསྡུས་བཞུགས་སོ། །


TNT14_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཡས་གཏམ་དང་བསྔོ་བ་མདོར་བསྡུས་པ་ནི། འདི་ལྟར་དངོས་གྲུབ་འབྱུང་གནས་རྩ་རྒྱུད་ཀྱི་བླ་མ། དོན་གཉིས་མཐར་ཕྱིན་སྟོན་པ་སངས་རྒྱས། སྒྲིབ་གཉིས་མུན་སེལ་སྐྱོབ་པ་དམ་ཆོས། རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་ཏེ། སྐྱབས་བསླུ་མེད་དཀོན་མཆོག་གསུམ། སྤྱིར་སངས་རྒྱས་ཀྱི་ཞིང་ཁམས་ན་བཞུགས་པ་བསམ་གྱིས་མི་ཁྱབ། སྒོས་བཀྲ་ཤིས་ཀྱི་གཙུག་ལག་ཁང་འདི་ཉིད་ན་ཞེས་སམ། ཡ་མཚན་རྨད་དུ་བྱུང་བའི་ཕོ་བྲང་འདི་ཉིད་ན་ཞེས་སྐབས་དང་སྦྱར། ངོ་མཚར་གཟི་འོད་འཕྲོ་བའི་ནོར་བུ། བྱིན་རླབས་ཆུ་བརྒྱ་འབབ་པའི་གངས་རི། ཉོན་མོངས་དྲི་མ་འཁྲུད་པའི་དག་བྱེད། མཆོག་གསུམ་གྱི་རྟེན་རྨད་དུ་བྱུང་བ་རྣམས། བདུད་དཔུང་རི་


TNT14_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

བོ་འཇོམས་པའི་གནམ་ལྕགས། བསྟན་པ་གངས་རི་སྐྱོང་བའི་སེང་གེ །བསྟན་འཛིན་བུ་བཞིན་སྐྱོང་བའི་སྲུང་མ། དཔལ་མགོན་དམ་པ་ཆོས་སྐྱོང་བ་རྣམས་ཀྱི་ཞབས་འབྲིང་དང་བཅས་ཏེ་བཞུགས། དེ་རྣམས་ཀྱི་སྐབས་འོག་ནས། དེང་འདིར་འདུས་པ་རྒྱ་མཚོ་ལྟ་བུ་མངོན་དུ་གྱུར་པ་ལ། བསྟན་པའི་སྲོག་ཤིང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱིས་གྲལ་གྱི་གུང་མནན། མི་ཆེ་བར་གྱུར་པ་རྣམས་ཀྱིས་གྲལ་གྱི་གཞུང་སྲང༌། ཡོན་ཏན་མཁས་པར་སྦྱངས་པ་རྣམས་ཀྱིས་གྲལ་གྱི་ཟུར་ནས་བརྒྱན། བསོད་ནམས་དཔལ་གྱིས་མངོན་པར་མཐོ་བའི་ཡོན་བདག་རྣམས་དང༌། བྱ་བ་བྱེད་པ་ཕྱག་ལེན་པ་དང་བཅས་པས་གྲལ་གྱི་མཐའ་ནས་བརྒྱན་ཏེ། རྟེན་འབྱུང་ཟབ་མོའི་དབང་ལས་གདན་འཇོམ་པར་


TNT14_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ལགས། དེ་ལྟར་འཚོགས་པ་ཐམས་ཅད་དཀར་བ་ལས་ཀྱིས་གཞི་བཟུང༌། དག་པ་སྨོན་ལམ་གྱིས་མཚམས་སྦྱར། ཆོས་དམ་ཚིག་གི་སྒོ་ནས་འབྲེལ་བ་ཟབ། རྣམ་གྲོལ་ཐར་པའི་གླིང་དུ། རྣམ་དཀར་དགེ་བའི་བྱ་བ་ཁྱད་པར་ཅན་ལ་འཚོགས་པས། ཚོགས་པ་ཡང་བཟང༌། སྐབས་འདིར་ལོ་རྒྱུས་ཅུང་ཟད་ཞུ་འཚལ་ན། །སྤྱིར་ལོ་རྒྱུས་ལ། གཞི་སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས་དང༌། རྒྱན་དམ་པ་ལྷ་ཆོས་ཀྱི་ལོ་རྒྱུས་དང༌། བྱས་ཤེས་བཀའ་དྲིན་ཆེ་བའི་ལོ་རྒྱུས་ཏེ་གསུམ་ལས། གཞི་སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས་ལ། སྟེང་དུ་རྗེའི་གདུང་རབ། འོག་ཏུ་འབངས་ཀྱི་མི་རབས། སྟོང་སྡེ་སྲིད་པའི་ཆགས་ཚུལ། །འཇིག་རྟེན་ལུགས་ཀྱི་རྣམ་གཞག་སྟེ་བཞིར་དབྱེ་བ་ལས། དང་པོ་ནི། བསྐལ་པ་འདི་ལ་རྒྱལ་པོ་ལ་སྔ་བ་མང་པོས་བཀུར་བའི་རྒྱལ་པོ་ནས་བཟུང༌། ཤཱཀྱའི་རྒྱལ་པོ་དོན་ཐམས་ཅད་གྲུབ་པ་ཡན་ཆད་དུ། ཤཱཀྱའི་རྒྱལ་བརྒྱུད་ས་ཡ་ཆིག་འབུམ་ཉི་ཁྲི་ཆིག་སྟོང་ལྔ་བརྒྱ་དང་བཅུ་བཞི་བྱུང་བ་ལགས། གཞན་ཡང༌། མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ། ཀོ་ས་ལིའི་རྒྱལ་པོ་གསལ་རྒྱལ། འབང་སའི་རྒྱལ་པོ་འཆར་བྱེད། འཕགས་རྒྱལ་གྱི་རྒྱལ་པོ་རབ་སྣང་ལ་སོགས་པ་དང༌། སྤྲུལ་པའི་ཆོས་རྒྱལ་མྱ་ངན་མེད་ལ་སོགས་པ། འཇིག་རྟེན་བདེ་བར་སྐྱོང་བའི་རྒྱལ་པོ་མཐའ་ཡས་པ་བྱོན། བོད་ཟལ་མོ་གངས་ཀྱི་ར་བ་འདིར། མི་རྗེ་ལྷས་མཛད་པ་ལ་སྔ་བ། རྗེ་གཉན་ཁྲི་བཙན་པོ་


TNT14_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ། གནམ་གྱི་ཁྲི་བདུན། སའི་ལེགས་དྲུག་ལ་སོགས་པ་དང༌། འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་པ་ལྟར་སྤྲུལ་པའི་རྒྱལ་པོ་དུ་མ་བྱོན་པ་ལས། ལྷ་ཐོ་ཐོ་རིའི་གཉན་བཙན་གྱི་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོང་བཙན་སྒམ་པོའི་དུས་སུ་སྲོལ་བསྟོད། ཁྲི་སྲོང་སྡེ་བཙན་གྱིས་དུས་སུ་དར་ཞིང་རྒྱས་པར་མཛད། ཁྲི་རལ་པ་ཅན་གྱིས་བླ་སྒོ་དང་པོ་དགེ་འདུན་ལ་འབུལ་བ་སོགས། ཆབ་སྲིད་དམ་པའི་ཆོས་སུ་བསྒྱུར། ཕྱིས་དེ་དག་གི་བརྒྱུད་ལས་བྱུང་བའི། ལྷ་བླ་མ་ཁུ་དབོན་དང༌། མངའ་བདག །རྩེ་ལྡེ་ལ་སོགས་པས་ཀྱང༌། འཁོར་འབངས་བདེ་བར་སྐྱངས་ཤིང༌། དཀོན་མཆོག་གསུམ་ལ་རྒྱ་ཆེར་མཆོད་པ་ལགས། གཞན་ཡང་རྒྱ་ནག་དང་རྒྱ་ནག་ཆེན་པོ་ལ་སོགས་པར། སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་དཔག་ཏུ་མེད་པ་བྱོན་པ་ལགས་ཀྱང༌། སྐབས་འདིར་དེ་ཙམ་ལས་གླེང་བའི་སྔོ་མ་ཐོགས་ལགས། །གཉིས་པ་ནི་བསྐལ་པ་དང་པོའི་དུས་སུ་གཙོ་བོ་དང༌། འཁོར་འབངས་ཀྱི་དབྱེ་བ་མེད། དེ་ནས་རིམ་གྱིས་རིགས་རུས་ཆོ་འབྲང་གི་དབྱེ་བ་ཐ་དད་པར་གྱུར་པ་ལས། རྒྱ་གར་འཕགས་པའི་ཡུལ་དུ་མི་རིགས་བཞི་མ་འཆོལ་བར་གནས། སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་འདིར། མི་རིགས་བཞིའི་དབྱེ་བ་མེད་ཀྱང༌། མིའུ་ཐུང་གདོང་དྲུག་ལ་སོགས་པ་རུས་ཀྱི་དབྱེ་བ་དུ་མ་ཡོད་པར་སོགས། ཞེས་པ་ཙམ་གྱི་ཡང་ཆོག་ལ།


TNT14_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་ཡོན་བདག་སོགས་དམིགས་གསལ་རིགས་རུས་ངེས་པ་ཅན་ཡོད་ན། རུས་ཀྱི་སྡེ་ཚན་དེ་ལྟ་བུ་ཡོད་པ་ལས། དེང་ཡུལ་ཁམས་འདི་ཞེས་བྱ་བ་ནས། རུས་འདི་ཞེས་བྱ་བའི་རྒྱུད་ལ། ཡབ་དུ་བཙུན་ལ་ཡུམ་དུ་མཛངས་པ། དད་པ་དང་འབྱོར་བ་དང་བློ་གྲོས་ཕུན་སུམ་ཚོགས་པས་མཛེས་པའི། ཡོན་བདག་གམ་དགེ་བཤེས་སོགས་འདི་ཞེས་བྱ་བ་བྱོན་པ་ལགས། ཞེས་སམ། རྟེན་བཞེངས་པའམ། དགེ་འདུན་གྱི་བསྙེན་བཀུར་སོགས་ཚོགས་གསོག་བྱས་པའི་རིགས་ལ། རྣམ་དཀར་དགེ་བའི་ལས་འདི་དང་འདི་ལྟ་བུ་མཛད་པ་ལགས། ཞེས་སྐབས་དང་སྦྱར་ཏེ་བརྗོད། བྱ་བ་འགངས་ཆེ་བ་མེད་ན་བརྗོད་མི་དགོས། །གསུམ་པ་ནི། འཇིག་རྟེན་གདགས་པ་ལ་སོགས་པ་ཆོས་མངོན་པ་ལས། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དང༌། སྟོང་གསུམ་གྱི་འཇིག་རྟེན་དང༌། ཁམས་གསུམ་གྱི་རྣམ་གཞག་སོགས་མང་དུ་གསུངས། ཇི་སྐད་དུ། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་བའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་གསུངས་ཤིང༌། དེ་ལྟར་ན་ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང༌། འདོད་


TNT14_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གནས་རིགས་ཉི་ཤུ། གཟུགས་ཁམས་རིགས་བཅུ་བདུན། གཟུགས་མེད་སྐྱེ་མཆེད་མུ་བཞི་ལ་སོགས་པ་མཐའ་ཡས་པ་ཡོད་པར་གསུངས་ཤིང༌། དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་སྡེ་དང་མངོན་པ་རྣམས་ལས་ཀྱང་མང་དུ་གསུངས། ཁྱད་པར། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་ལ་གནས་པའི། རི་རྒྱལ་ལྷུན་པོ་སོགས། རི་བདུན། གླིང་བདུན། མཚོ་བདུན། འཛམ་གླིང་ཆེན་པོ་ལས་ཀྱི་ས་དུམ་བུ་བཅུ་གཉིས་པ་དང༌། སྲིད་རྩེའི་གནས་གྱི་མཐར་ཐུག་པར་འབུམ་ཕྲག་བཞི་པའི་འཇིག་རྟེན་གྱི་ཁམས་གསུངས་ཤིང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དང༌། མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སྤྱི་དང༌། ནམ་མཁའ་ལ་ཁྱིམ་གྱི་འཁོར་ལོ། གཟའ་དང་རྒྱུ་སྐར་ལ་སོགས་པའི་འགྲོས་དང་བཅས་པ། ས་གཞི་དུམ་བུ་བཅུ་གཉིས་ལ། ཆོས་ཀྱི་འཁོར་ལོས་སྒྱུར་བ་སོགས་འཁོར་ཞིང༌། དུས་བཞི་ཆེ་ཆུང་གི་རྣམ་པར་བཞག་པ་ལ་སོགས་པ་དང་བཅས་པ་རྒྱ་ཆེར་གསུང་པ་ལགས་ནའང༌། མཁྱེན་པ་ཅན་ཀླད་ནས་བཞུགས་པས་རྒྱས་པར་ཞུ་མི་འཚལ། བཞི་པ་ནི་མི་ཆོས་བཅུ་དྲུག་དང༌། སྒྱུ་རྩལ་དྲུག་ཅུ་ལ་སོགས་ཏེ། འཇིག་རྟེན་ལུགས་ཀྱི་


TNT14_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་རྣམས་ལས་ཀྱང༌། རྒྱ་ཆེར་གསུངས་པ་ལགས་ཤིང༌། མདོར་ན། འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་ལ་བརྟེན་པ་ནི། འདི་དང་ཕ་རོལ་ཀྱི་དགེ་ལེགས་ཐམས་ཅད་ཀྱི་རྩ་བ་ལགས་ཏེ། ཇི་སྐད་དུ། མིའི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང༌། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་པ་ལྟར་ལགས། །གཉིས་པ་རྒྱན་དམ་པ་ལྷ་ཆོས་ཀྱི་ལོ་རྒྱུས་ལ། སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ། བསྟན་པ་དམ་ཆོས་ཀྱི་དར་ཚུལ། བསྟན་འཛིན་དགེ་འདུན་གྱི་བྱོན་ཚུལ་གསུམ་དུ་གླེང་བར་གདའ་བ་ལས། དེ་དག་མདོ་ཙམ་ཞིག་སྙན་ཏུ་གསོལ་ན། སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ་ལ། སྤྱིར་དུས་གསུམ་གྱི་སངས་རྒྱས། མཁའ་མཉམ་དུ་བཞུགས་པ་ལས། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྒྱལ་བ་ཤཱཀྱ་སེང་གེ་འདི་ཉིད། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པས་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་མ་ལུས་པ་བསྐོར་བ་ཡིན་ཏེ། སྟོན་པ་འདི་སྔོན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་པར་བཤད་པ་དང༌། །བསྐལ་བཟང་ལས་ཀྱང༌། ད་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་


TNT14_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་རབ་ཏུ་ཕུལ་ནས་ཀྱང༌། །དང་པོར་བྱང་ཆུབ་ཏུ་ནི་ཐུགས་བསྐྱེད་དོ། །ཞེས་གསུངས། ཚོགས་བསགས་ཚུལ་ཡང༌། ཐེག་པ་ཐུན་མོང་གི་ལུགས་ལྟར་ན། ཇི་སྐད་དུ། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་མཐའ་མར་བྱུང༌། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། །ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུགས་བཟོད་དང་ཚུལ་ཁྲིམས་ཀྱི། །སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི། །དེ་མ་ཐག་ཏུ་ཏིང་འཛིན་བློའི། །ཞེས་གསུངས་ཏེ། བསྐལ་པ་གྲངས་མེད་གསུམ་ལ་རིམ་པས། སངས་རྒྱས་བདུན་ཁྲི་ལྔ་སྟོང་དང༌། བདུན་ཁྲི་དྲུག་སྟོང་དང༌། བདུན་ཁྲི་བདུན་སྟོང་གི་བར་མཉེས་པར་མཛད་ཅེས་གསུངས། ཐེག་པ་ཆེན་པོ་ལས་ནི། ལམ་ལྔ་དང་ས་བཅུ་ཡོངས་སུ་རྫོགས་པར་བགྲོད་དགོས་པ་ཡིན་པས། འཕགས་པའི་ས་བརྙེས་ནས། སྐད་ཅིག་རེ་རེ་ཡང༌། ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་སངས་རྒྱས་གྲངས་མེད་ཚད་མེད་དག་ཡོངས་སུ་མཉེས་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་བསགས་ཤིང་རྫོགས་པ་དང༌། སེམས་ཅན་གྲངས་མེད་པ་ཡོངས་སུ་སྨིན་པ་དང༌། ཞིང་ཁམས་ཚད་མེད་པ་ཡོངས་སུ་སྦྱངས་པ་ཡིན་ཞིང༌། ས་བཅུ་བགྲོད་པའི་མཐར་འོག་མིན་


TNT14_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཞིང་ཁམས་སུ། མངོན་པར་རྫོགས་པར་སངས་རྒྱས་ཤིང༌། གཟུགས་ཀྱི་ཁམས་དང༌། དགའ་ལྡན་དང༌། འཛམ་བུའི་གླིང་རྣམས་སུ། སྤྲུལ་པའི་སྐུ་སྟོན་པར་མཛད་པ་ཡིན་ཏེ། ཇི་སྐད་དུ། ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང༌། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་ནས་ནི་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་གྱིས་རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། ཅེས་གསུངས། སྔགས་ཀྱི་ཐེག་པ་ལས་ནི། རི་རབ་ཀྱི་རྩེ་མོ་དང༌། གཞན་འཕྲུལ་དབང་བྱེད་དང༌། འོག་མིན་ལ་སོགས་པར་དཀྱིལ་འཁོར་སྤྲུལ་ཞིང་བཤད་པ་མཛད་པ་དང༌། དཔལ་དུས་ཀྱི་འཁོར་ལོ་ལས། ཚངས་པའི་གནས་སུ་དུས་ཀྱི་འཁོར་ལོ་རྒྱལ་བ་མཆོག་བཅས་ལྷ་ཡི་ཚོགས་ཀྱིས་ཡང་དག་བསྟོད་པ་སྟེ། །ཞེས་པ་ལ་སོགས་པ་སྟོན་པ་བྱོན་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་གཞག་ཐུན་མོང་མ་ཡིན་པ་དུ་མ་བྱུང་ཞིང༌། གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར། ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་ནི། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ། བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་


TNT14_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་སྟེ། འཁོར་ལོ་རིམ་པ་གསུམ་དང༌། མཐར་ཐུག་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་སྟེ་རིམ་པ་བཞི་གསུངས། བསྟན་པ་དམ་ཆོས་དང༌། བསྟན་འཛིན་དགེ་འདུན་འབྱོན་ཚུལ་ནི། འོད་སྲུང་ཆེན་པོ་དང༌། འཕགས་པ་ཀུན་དགའ་བོ་ལ་སོགས་པ། བསྟན་པའི་གཏད་རབས་བདུན་དང༌། གཞན་ཡང་དགྲ་བཅོམ་ཆེན་པོ་རྣམས་ཀྱིས་བསྟན་པ་ཡུན་རིང་དུ་སྐྱངས་ཤིང༌། དེ་རྗེས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ལ་སོགས་པ། རྒྱལ་བའི་གསུང་རབ་ཀྱི་དོན་ལ་རང་དབང་ཐོབ་པའི། སློབ་དཔོན་མཐའ་ཡས་པ་རྣམས་ཀྱིས་གཙོ་ཆེར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གསལ་བར་མཛད། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ལ་སོགས་པ། གྲུབ་པའི་དབང་ཕྱུག་རྣམས་ཀྱིས། གཙོ་བོར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོ་ནས། སྐལ་ལྡན་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། དེ་ལས་ཀྱང་ཁྱད་པར་དུ། གྲུབ་པའི་སློབ་དཔོན་ཆེན་པོ་དུས་འཁོར་ཞབས་དང༌། ཙི་ལུ་པ་ལ་སོགས་པས། ས་བཅུའི་བྱང་ཆུབ་སེམས་དཔའི་བཞུགས་གནས། བྱང་ཤམྦྷ་ལ་ཆོས་ཀྱི་ཕོ་བྲང་ནས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང༌། སེམས་འགྲེལ་སྐོར་གསུམ་ལ་སོགས་པ། ཆོས་ཟབ་ཅིང་རྒྱ་ཆེ་བའི་གསང་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་སྤྱན་དྲངས། སེམས་ཅན་དཔག་ཏུ་མེད་པ་བྱང་ཆུབ་མཆོག་གི་ལམ་ལ་བཀོད། བོད་ཡུལ་འཇིག་རྟེན་མགོན་པོའི་


TNT14_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་འདིར་དང་པོར་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་རྐྱེན་མཛད་པ་ལ་བརྟེན། སློབ་དཔོན་པདྨ་འབྱུང་གནས་དང་མཁན་ཆེན་ཞི་བ་འཚོ་དང༌། འདུལ་འཛིན་ཛི་ན་མི་ཏྲ་ལ་སོགས་པ། རྒྱ་གར་གྱི་པཎ་གྲུབ་ཆེས་མཆོག་ཏུ་གྱུར་པ་རྣམས་དང༌། སྐ་ཅོག་ཞང་གསུམ་ལ་སོགས་པ། ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ཆོས་བསྒྱུར་བཤད་ལག་ལེན་གྱི་སྒོ་ནས་གཏན་ལ་ཕབས། བསྟན་པ་ཕྱི་དར་གྱི་དུས་འདིར། གཡོ་དམར་གཙང་གསུམ་ལས། བླ་ཆེན་དགེ་བ་རབ་གསལ་གྱི་སྡོམ་པ་བླངས་ཤིང༌། འདུལ་མངོན་གྱི་བཤད་པ་དང་ལག་ལེན་མ་ཆད་པར་མཛད། དེ་ལས་བརྒྱུད་ནས་བོད་ཡུལ་ཐམས་ཅད་དུ་དགེ་འདུན་གྱི་སྡེ་དཔག་ཏུ་མེད་པ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང༌། འབྲོག་མགོས་མར་གསུམ་ལ་སོགས་པ། ལོ་པཎ་སྤྲུལ་པའི་སྐྱེས་མཆོག་རྣམས་དང༌། དེ་དག་གི་རྗེས་སུ་འབྲང་པའི་མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་དམ་པ་དཔག་ཏུ་མེད་པ་རྣམས་ཀྱིས། བསྟན་པ་རིན་པོ་ཆེ་སྒོ་མཐའ་དག་ནས་ནམ་ལངས་པ་དང༌། ཉི་མ་ཤར་བ་ལྟར་མཛད། ཁྱད་པར་རང་རེའི་ཆོས་བརྒྱུད་འདི་ལ། མདོ་སྔགས་བཤད་སྒྲུབ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། ཚིག་དོན་ལག་ལེན་བྱིན་རླབས་ཀྱི་བཀའ་ཐམས་ཅད་ཚང་བར་བཞུགས་པ་ཡིན་ལ། དེ་ལས་ཁྱད་པར་དུ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་བཅུད། གྲུབ་ཐོབ་


TNT14_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ཉམས་སུ་མྱོང་བྱ། མཁས་པ་ཐམས་ཅད་ཀྱི་ལེགས་པར་བཤད་པའི་སྙིང་པོ། གཞན་སྟོང་དབུ་མ་ཆེ་པོའི་ལྟ་སྒོམ་དང༌། དཔལ་ལྡན་དུས་ཀྱི་འཁོར་ལོའི་སྨིན་གྲོལ་གྱི་ལམ་ཟུང་དུ་འབྲེལ་བ། རྒྱལ་ཚབ་འཕགས་པ་ཀླུ་སྒྲུབ་དང༌། རྒྱལ་སྲས་འཕགས་པ་ཐོགས་མེད་ལ་སོགས་པའི་གཞུང་དང་མན་ངག་རྣམས་དང༌། བོད་ཀྱི་ལོ་ཙཱ་བ་རྔོག་བཙན་གཟུ་གསུམ་ལས་བརྒྱུད་པའི་བཤད་སྒྲུབ་ཉམས་མྱོང་བྱིན་རླབས་ལག་ལེན་རྣམས་བཀའ་མ་ཆད་པ་དང༌། ཆོས་ཐམས་ཅད་ཀྱི་མཐར་ཐུག་དཔལ་དུས་ཀྱི་འཁོར་ལོ་འདི་འགྱུར་བྱེད་མཁན་པོ་བཅུ་དྲུག་ཙམ་གྱིས་བསྒྱུར་བ་ལས། གྱི་ཇོ་རྭ་འབྲོ་ཙ་མི་སོགས་བྱིན་རླབས་ཀྱི་བཀའ་མ་ཆད་པ་ཐམས་ཅད་དང༌། ཁྱད་པར་དུ་ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོའི་བཀའ་སྲོལ་ལ། གྲུབ་ཐོབ་བརྒྱུད་པ་ཟམ་མ་ཆད་པའི་ཞལ་གྱི་རིམ་པ་རྣམས། རིགས་ལྡན་སྤྲུལ་པའི་སྐུ། ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ། ཤེས་རབ་རྒྱལ་མཚན་དཔལ་བཟང་པོས། ཆོས་བདག་པོའི་ཚུལ་གྱིས། བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་པས། བྱང་ཕྱོགས་ཁ་བའི་ལྗོངས་འདི་སྐལ་པ་བཟང་པོར་མཛད་པ་ལགས། དེ་ནས་སྤྲོ་ཞིང་ཤེས་ལ་དགོས་པར་ཡོད་ན། དགོན་སྡེ་སོགས་རང་རང་སོ་སོའི་ཆོས་བརྒྱུད་བླ་བརྒྱུད་རྣམས་ཀྱི་ཆེ་བ་ཅི་རིགས་


TNT14_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྗོད། མི་སྤྲོ་ན་སྔར་བཤད་པ་དེ་ཙམ་གྱིས་ཆོག་གོ །གསུམ་པ་བྱས་ཤེས་བཀའ་དྲིན་ཆེ་བའི་དབང་དུ་བྱས་ན། སྤྱིར་ཁམས་གསུམ་གྱི་སེམས་ཅན་དུག་གསུམ་གྱི་ནད་ཀྱིས་གཟིར་བ་རྣམས་ལ། དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་བཀའ་དྲིན་ཆེ། སྒོས་མི་མཇེད་འཇིག་རྟེན་ཁམས་པ་རྣམས་ལ། མཉམ་མེད་ཤཱཀྱའི་རྒྱལ་པོ་སྲས་དང་སློབ་མར་བཅས་པ་རྣམས་བཀའ་དྲིན་ཆེ། ཡང་སྒོས་འཛམ་བུ་གླིང་པ་རྣམས་ལ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་གྲུབ་པའི་དབང་ཕྱུག་རྣམས་དང༌། ས་བཅུའི་མགོན་པོ་རྣམས་ཀྱི་རྣམ་འཕྲུལ། ཆོས་རྒྱལ་རིགས་ལྡན་རིམ་པར་བྱོན་པ་རྣམས་བཀའ་དྲིན་ཆེ། ཉིང་སྒོས་བོད་ཁ་བ་ཅན་པ་རྣམས་ལ། དང་པོར་བྱོན་པའི་ཆོས་རྒྱལ་མེས་དཔོན་རྣམ་གསུམ། བར་དུ་བྱོན་པ་བླ་ཆེན་དགོངས་པ་རབ་གསལ་མཁན་བརྒྱུད་དང་བཅས་པ། ཐ་མར་བྱོན་པ་ཇོ་བོ་མར་མེ་མཛད་དཔལ་ཡེ་ཤེས་དང༌། པཎ་ཆེན་ཤཱཀྱ་ཤྲཱི་ལ་སོགས་པ། བསྟན་པ་ཡོངས་རྫོགས་ཀྱི་པཎ་ཆེན་དེ་རྣམས་བཀའ་དྲིན་ཆེ། ཁྱད་པར་ངེས་དོན་སྙིང་པོའི་བསྟན་པ་མ་ནོར་བ་གསལ་བར་མཛད་པ་ལ། དཔལ་ཇོ་ནང་པ་ཆེན་པོ་ཡབ་སྲས་བརྒྱུད་པར་བཅས་པ་རྣམས་བཀའ་དྲིན་ཆེ། སྒོས་རང་རང་སོ་སོ་ལ། ལུས་བསྐྱེད་ཅིང་འཇིག་རྟེན་སྟོན་པར་བྱེད་པ་ལ་ཕ་དང་མ། སེམས་བསྐྱེད་ཅིང་ཐར་ལམ་སྟོན་པར་བྱེད་པ་ལ། བླ་མ་དམ་པ་རྡོ་རྗེ་སློབ་


TNT14_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་མཁན་སློབ་དང་བཅས་པ་བཀའ་དྲིན་ཆེ། དགོས་པ་སྐབས་དོན་གྱི་དབང་དུ་བྱས་ན། གདུགས་དེ་རིང་གི་སྐབས་སུ། འདི་ལྟར་ཞལ་མངོན་དུ་གྱུར་པའི་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་རྣམས་ལ། མང་ཇ་འདྲེན་འགྱེད་ལ་སོགས་པ་སྐབས་སུ་གང་བབ་ཀྱི་ཚིག་དང་སྦྱར་ཏེ། དཔེར་ན། མང་ཇ་གང་ལ་བཟང་བ་དགེ་འདུན་སོ་སོ་ལ་གྲྭལ་འགྱེད་བསྔོ་བའི་རྟེན་དང་བཅས་པ། ཞེས་པའམ། བཟང་ངན་རྒྱ་ཆེ་ཆུང་དང་བསྟུན་པའི་ཚིག་གི་བརྗོད་ཚུལ་ཤེས་ན་བྱ་སྟེ། དཔེར་ན་མང་ཇ་མང་པོ་དང༌། འགྱེད་སོགས་མང་བའི་སྐབས་ཆེ་བ་བརྗོད་ན། དགེ་འདུན་འདུས་པའི་རྒྱ་མཚོའི་ཚོགས་རྣམས་ལ། གསོལ་ཇའི་བསྙེན་བཀུར་གྲྭལ་འགྱེད་ཀྱི་དངོས་པོ་འབུལ་བ་བསྔོ་རྟེན་དང་བཅས་པ་རྒྱ་ཆེར་བཤམས་པ་ནི། བདུད་རྩིའི་མཆོད་ཡོན་རྒྱ་མཚོ་ལྟར་བསྐྱིལ། འབུལ་བའི་དངོས་པོ་རི་ལྟར་སྤུངས། མཆོད་སྦྱིན་གྱི་དགའ་སྟོན་ས་སྟེང་ཐམས་ཅད་ཁྱབ་པར་བརྡལ། རྫོགས་ལྡན་གྱི་དཔལ་འབྱོར་ལ་འགྲན་བཟོད་པ་ལྟ་བུ་སྒྲུབ་པར་གདའ་ཞེས་པ་ལྟ་བུའོ། །གང་ལྟར་ཡང་འཇུག་ཏུ་འདི་སྐད་ཅེས་བྱ་སྟེ། དེ་ལྟར་ལེགས་པར་སྒྲུབ་པའི་སྐབས་དོན། སྤྱིར་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང༌། འཇིག་རྟེན་གསུམ་གྱི་འགྲོ་བ་རྣམས་བདེ་ཞིང་སྐྱིད་པའི་དོན་དང་སྒོས་སུ་བླ་མའམ། ཡོན་བདག་འདི་ཞེས་བྱ་བའི་སྒོ་གསུམ་གྱི་ཞེས་སམ། སྐུ་གསུང་ཐུགས་ཀྱི་འགལ་རྐྱེན་བར་ཆད་ཞི་བའི་དོན་དང༌། ཇི་ལྟར་བསམ་པའི་དོན་ནམ། དེ་ལྟར་བཞེད་པའི་དོན་ཡིད་བཞིན་དུ་འགྲུབ་ཅིང་ཚེ་དང་བསོད་ནམས་དང་འབྱོར་པ་རྣམ་དཀར་དགེ་བའི་མཛད་པ་རྣམས་གོང་འཕེལ་


TNT14_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲུབ་པའི་དོན་དང༌། ཞེས་པའི། སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྣམ་པར་དཀར་བ་གོང་འཕེལ་དུ་འགྱུར་བའི་དོན་དུ། ཕྱག་ལེན་པ་རྣམས་ཀྱིས་ཕྱག་ལེན་དག་ཅིང་གཙང་སྦྲས་ཐོན་པར་སྒྲུབ་པར་སྣང་བས་རྗེས་སུ་ཡི་རང༌། རྒྱུ་དེ་དག་ལས་བྱུང་བའི་དགེ་བའི་རྩ་བ་རྣམས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་བཀྲ་ཤིས་ཀྱི་མཐའ་བརྟེན་དང་བཅས་པའི་མཐུན་འགྱུར་རྣམས་རིམ་པ་བཞིན་དུ་ཐུགས་ལ་འདོགས་པ་ཞུ། ཞེས་མཚམས་སྦྱར་ནས་བསྔོ་བ་དངོས་ལ་འཇུག །ལོ་རྒྱུས་མི་བྱེད་པར་མཚམས་སྦྱོར་བསྡུས་པ་ཙམ་བྱེད་ན། ཁྱད་པར་ཅན་ལ་ཚོགས་པས་ཚོགས་པ་ཡང་བཟང༌། དགོས་པ་སྐབས་དོན་གྱི་དབང་དུ་བྱས་ན་ཞེས་པ་མན་ཆད་ཀྱིས་ཆོག །ཡང་གཏམ་བཤད་བྱེད་ལ། ཅུང་ཟད་བསྡུས་པར་བྱེད་པའི་སྐབས་ཡིན་ན། མི་ཆོས་ཀྱི་ལོ་རྒྱུས་བཞག་ཀྱང་ཆོག་སྟེ། དེ་ལྟར་ན་འཇིག་རྟེན་ལུགས་ཀྱི་རྣམ་གཞག་སྟེ་བཞིར་དབྱེ་བ་ལ་སོགས་པ་མང་བར་གདའ་ནའང༌། རྒྱས་པར་ཞུ་མི་འཚལ་ཞེས་བསྡུས་ནས། གཉིས་པ་རྒྱན་དམ་པ་ལྷ་ཆོས་ཀྱི་ལོ་རྒྱུས་ལ་ཞེས་པ་མན་ཆད་གོང་བཞིན་བྱ། །དེ་ཡང་མདོ་ཙམ་དུ་བསྡུ་ན། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་མ་ལུས་པ་བསྐོར་བས། རིགས་


TNT14_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གསུམ་གྱི་གདུལ་བྱ་གྲངས་མེད་པ་ཐར་པ་ལ་བཀོད། མཛད་པ་བཅུ་གཉིས་ལ་སོགས་པའི་ཚུལ་བསྟན། དེ་ལྟར་སྟོན་པས་གསུངས་པའི་དམ་པའི་ཆོས་ཀྱང༌། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་འཇིག་རྟེན་ཁམས་འདིར་ཡུན་རིང་དུ་རྒྱས་པར་མཛད་པ་ཡིན་ཏེ། རྒྱལ་ཚབ་བསྟན་པའི་གཏད་རབ་བདུན། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག །གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ལ་སོགས་པ་རྣམས་ཀྱིས། འཕགས་པའི་ཡུལ་དུ་རྒྱ་ཆེར་དར་བར་མཛད། རྒྱལ་ཁམས་གཞན་རྣམས་སུ་ཡང༌། མང་དུ་དར་བ་དང༌། ཁྱད་པར་ཁ་བ་ཅན་གྱི་ཞིང་ཁམས་འདིར། རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང༌། ལོ་པཎ་སྤྲུལ་པའི་སྐྱེས་མཆོག་རྣམས་དང༌། མཁས་བཙུན་བཟང་གསུམ་གྱི་ཞེས་པ་མན་ཆད་གོང་བཞིན་སྦྱར་བས་ལེགས་པར་འགྱུར་རོ། །གཤིན་བསྔོའི་སྐབས་ཀྱི་མོལ་གཏམ་ཡིན་ན། གོང་དུ་བསྟན་པ་དང་མི་འདྲ་བའི་ཁྱད་པར་ནི། གྲལ་གྱི་མཐའ་ནས་རྟེན་ཏེ་གདན་འཛོམ་པར་བཞུགས་པའི་སྐབས་འདིར། ལོ་རྒྱུས་ཅུང་ཟད་ཞུ་འཚལ་ན། ཞེས་བྱ་བ་དང༌། དེ་བཞིན་དུ། བློ་གྲོས་ཕུན་སུམ་ཚོགས་པས་མཛེས་པའི་ཡོན་བདག་གམ། དགེ་བཤེས་འདི་ཞེས་བྱ་བ་འདི། སྔོན་དགེ་བའི་རྩ་བ་ཁྱད་པར་ཅན་བསགས་པས། དལ་འབྱོར་གྱི་རྟེན་ཕུན་སུམ་ཚོགས་པ་ལུགས་གཉིས་དང་རྗེས་སུ་འབྲེལ་བའི་ལེགས་ལམ་ཕུན་སུམ་


TNT14_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ། སྐྱེ་བོས་སྨོན་པའི་གནས་སུ་ཡོད་པ་ལགས་ཀྱང༌། འདུས་བྱས་སྤྱིའི་མཚན་ཉིད་ལ། རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ཀྱང་འདའ་བར་མི་སྤྱོད་ན། གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནས་པའི་འཆི་བ་སྟེ། །ཞེས་པའི་ཚུལ་གྱིས། འཇིག་རྟེན་ཕ་རོལ་ལ་མངོན་དུ་ཕྱོགས་སོང་བ་དེར་གདའ་ནའང༌། དགེ་བའི་རྩ་བ་རླབས་པོ་ཆེ་ཕྱི་རྗེས་སུ་སྒྲུབ་པར་གདའ་ན། མཐོ་རིས་དང་ཐར་པའི་ཐེམ་སྐས་ལ་འཛེག་བཞིན་པ་ལྟ་བུར་སོང་བས། རྗེས་ན་ཡོད་པ་གཞན་རྣམས་ཀྱི་སྡུག་བསྔལ་དང་ཡིད་མི་བདེའི་གནས་མ་ལགས་སོ། །ཞེས་བརྗོད། དེ་ལྟར་ལེགས་པར་སྒྲུབ་པའི་སྐབས་དོན། ཆེ་གེ་མོ་ཞེས་བྱ་བའི་སྒྲིབ་གཉིས་ཀྱི་ཕུང་པོ་མྱུར་དུ་ཟད་པ་དང༌། མཐོ་རིས་དང་ཐར་པའི་རྒྱུ་དགེ་བའི་རྩ་བ་ཁྱད་པར་ཅན་ཕྱི་བཞིན་དུ་འབྲངས་ཏེ། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་དུ། ཕྱག་ལེན་པ་རྣམས་ཀྱིས་ཕྱག་ལེན་དག་ཅིང༌། ཞེས་སོགས་གོང་བཞིན་བརྗོད། །ཡང་འགའ་ཞིག་གིས་རབ་བྱུང་བསྙེན་རྫོགས་སོགས་བྱས་པའི་སྟོན་མོ་དང༌། བཤད་སྟོན་ལ་སོགས་པའི་སྐབས་སུ། གཞན་སྤྱི་འགྲོ་དང་འདྲ་བ་ལས། དགོས་པ་སྐབས་དོན་གྱི་དབང་དུ་བྱས་ན། དགེ་བཤེས་འདི་ཞེས་བྱ་བ་སོགས་རང་རང་གི་སྐབས་དང་བསྟུན་པའི་ཆེ་བ་བརྗོད་ལ། འདི་ཞེས་བྱ་བ་འདི། སྔོན་དགེ་བ་ཁྱད་པར་ཅན་བསགས་པས་ཚེ་འདིར་རིགས་ཀྱི་ནུས་


TNT14_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

པ་སད། རྐྱེན་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་བསྐུལ་ནས། མངོན་མཐོ་ངེས་ལེགས་ཀྱི་ཕན་བདེ་ཐམས་ཅད་ཀྱི་གཞི། སངས་རྒྱས་ཀྱི་བསྟན་པ་ལ་ཡང་དག་པའི་ཚུལ་ཁྲིམས་ཀྱི་བརྟུལ་ཞུགས་བླངས། དུས་གསུམ་རྒྱལ་བའི་གདུང་འཚོབ་ཏུ་གྱུར་པའི་དགའ་སྟོན་ཆེན་པོ་བགྱིས་པ་ལ། གདུགས་དེ་རིང་གི་ཞེས་སོགས་མཚམས་སྦྱར་བའམ། ཡང་དག་པར་བསྐུལ་ནས་ཐོས་བསམ་ལ་རྟག་འགྲུས་སུ་བགྱིས་པ། རྒྱལ་བའི་བསྟན་པ་ལས་བརྩམས་ཏེ། གཞུང་ལུགས་ཟབ་མོ་ལ་ལེགས་པར་བཤད་པ་གསར་པ་རྒྱ་ཆེར་སྤེལ་བའི་དགའ་སྟོན་ནོ་ཞེས་མཚམས་སྦྱར་རོ། །དེ་ནས་འདི་སྐད་ཅེས་བྱ་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དགེ་འདུན་འདུས་པ་རྒྱ་མཚོ་ཚོགས་དང་བཅས་པ་ཐམས་ཅད། རྒྱུ་སྦྱོར་བ་སྦྱིན་པའི་བདག་པོས་གཙོ་བྱས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། འདི་ལྟར་སྒྲུབ་པའི་དགེ་བའི་རྩ་བ་འདི་ཉིད་མཚོན་བྱེད་དུ་བྱས། རང་དང་གཞན་གྱི་འཁོར་འདས་དུས་གསུམ་དང་མངོན་པར་འབྲེལ་བའི་ཚོགས་གཉིས་ཀྱི་རྒྱ་མཚོ་ཆེན་པོ་རྣམས་ཕྱོགས་གཅིག་ཏུ་སྡོམ་པའི་མཐུ་དང་ནུས་པ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དཔལ་ལྡན་བླ་མ་དམ་པ་གོང་མ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་


TNT14_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །ད་ལྟར་ཞལ་བཞུགས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་པ་འཕྲིན་ལས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །རྣམ་དཀར་གྱི་འཕྲིན་ལས་དང་འགྲོ་དོན་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིགཕྱོགས་བཅུའི་དགེ་འདུན་རྣམས་ཐུགས་མཐུན་ཞིང་ཡི་གེ་འབྲི་མཆོད་སྦྱིན་པ་ལ་སོགས་པ། ཆོས་སྤྱོད་བཅུའི་སྒྲུབ་པ་ཁྱད་པར་ཅན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ཐོས་བསམ་གྱིས་འཁོར་ལོས་བསྟན་པའི་སྒྲོན་མེ་ཡུན་རིང་དུ་འབར་བའི་ནུས་པ་དང་ལྡན་པར་གྱུར་ཅིག །སྒྲུབ་པའི་འཁོར་ལོས་རྒྱལ་བའི་གདུང་ཆད་པ་མེད་པར་འཛིན་པའི་ནུས་པ་དང་ལྡན་པར་གྱུར་ཅིགདེ་ལྟར་བཤད་སྒྲུབ་རྣམ་པ་གཉིས་ཀྱི་སྒོ་ནས་སྦྱིན་པ་པོ་རྣམས་ཀྱི་ཡོན་ཡོངས་སུ་སྦྱོང་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །རབ་ཏུ་བྱུང་བ་རྣམས་ལྟ་བ་དང་གྲུབ་མཐའ་ཐ་དད་པས་མི་མཐུན་པར་འགྱུར་བ་སྤངས་ཏེ། ཡང་དག་པའི་ལྟ་བ་ལ་གནས་པར་གྱུར་ཅིག །རྒྱལ་བའི་སྤྱན་སྔར་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱི། མཐུ་དང་ནུས་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དེ་རྣམས་ཀྱི་བྱིན་གྱིས་བརླབས་ཀྱི་མཐུ་ལ་བརྟེན་ནས། སྦྱིན་པའི་བདག་པོ་འདི་ཞེས་བྱ་བའི་འགལ་རྐྱེན་བར་དུ་གཅོད་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །མཐུན་རྐྱེན་འདོད་པའི་དོན་


TNT14_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །ཚེ་དང་བསོད་ནམས་ཡེ་ཤེས་འབྱོར་བ་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟ་བུར་རྒྱས་པར་གྱུར་ཅིག འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་མཐའ་དག་དང་བྲལ་བར་གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག །བདེ་བ་དང་ཡིད་བདེ་བ་དང་མིའི་མཆོག་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་སྐལ་བ་དང་ཡང་ལྡན་པར་གྱུར་ཅིག །བསྡུ་ན་དེ་ཙམ་གྱིས་ཆོག་ལ། །ཅུང་ཟད་སྤྲོ་ན་ཇི་སྲིད་དེ་མ་ཐོབ་ཀྱི་བར་དུ་ཡང༌། གནས་སྐབས་ཐམས་ཅད་དུ་མི་དང་མི་མ་ཡིན་པའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་སྲོག་གི་དབང་པོ་ཡོངས་སུ་རྒྱས་པར་གྱུར་ཅིག ལོངས་སྤྱོད་མི་ཟད་པ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་མྱུར་དུ་ཐོབ་པར་གྱུར་ཅིག ཁམས་གསུམ་དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བའི་དབང་ཕྱུག་དམ་པ་མྱུར་དུ་ཐོབ་པར་གྱུར་ཅིག །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་སྐྱོང་བར་གྱུར་ཅིག །དཀར་པོ་དགེ་བ་བཅུའི་ལས་ཀྱི་ལམ་དང་ནམ་ཡང་མི་འབྲལ་བའི་སྐལ་བ་དང་ལྡན་པར་གྱུར་ཅིགབྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་རང་རྒྱུས་ཡོངས་སུ་གང་བར་གྱུར་ཅིག །གསུང་རབ་སྡེ་སྣོད་གསུམ་གྱི་དོན་ལ་རང་བྱན་ཆུད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །རྣམ་དག་བསླབ་པ་


TNT14_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་རང་རྒྱུད་མཛེས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ལམ་ལྔ་དང་ས་བཅུའི་མངོན་རྟོགས་ཐམས་ཅད་རྒྱུད་ལ་སྐྱེ་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། ཇི་ལྟར་སྨོན་ལམ་བཏབ་པ་ཐམས་ཅད་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང༌། །བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག །གཙུག་ལག་ཁང་རྣམས་ཀློག་པ་དང༌། ཁ་དོན་གྱིས་རྒྱས་ལེགས་གནས་ཤོག །རྟག་པར་དགེ་འདུན་མཐུན་པ་དང༌། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་དག་ཏུ་སྟོངས་བར་ཤོག །བྱང་ཆུབ་སེམས་དཔའ་གང་ན་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པར་ཤོག །བཟང་པོ་སྤྱོད་ཅིང་དེ་འདྲའི་ས་ཐོབ་ནས། །ཀུན་ནས་ཀུན་ཀྱང་བཟང་པོར་རེད་གྱུར་ཅིགཅེས་པ་ཙམ་གྱིས་ཀྱང་ཆོག །དེ་ལས་


TNT14_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཅུང་ཟད་རྒྱས་པར་སྤྲོ་ན། གཞན་ཡང་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། ཡངས་པའི་རྒྱལ་ཁམས་འདི་ཉིད་ཀྱིས་གཙོ་བྱས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། ཆར་ཆུ་རྣམས་དུས་སུ་འབབ་པར་གྱུར་ཅིག །ལོ་ཕྱུགས་རྣམས་རྟག་ཏུ་ལེགས་པར་གྱུར་ཅིག །མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །ཡམས་ནད་དང་རིམ་ནད་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །འཐབ་རྩོད་དང་འཁྲུག་ལོང་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །དུས་ཀྱི་འཁྲུག་པ་དང་མཚོན་གྱི་བསྐལ་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །སེམས་ཅན་མ་རུངས་པ་རྣམས་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་བར་གྱུར་ཅིག །སེམས་ཅན་ཐམས་ཅད་རང་རང་གི་རྫས་དང་ལོངས་སྤྱོད་དང་དབང་ཕྱུག་གི་ཆོག་ཤེས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕན་ཚུན་དུ་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག །ལྷ་ཡང་དུས་སུ་ཆར་འབེབས་ཤིང༌། །ལོ་ཐོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང༌། །གསང་སྔགས་བཟླས་བརྗོད་འགྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་


TNT14_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཀུན་འགྲུབ་ཤོག །གཞན་ཡང་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། ས་ཕྱོགས་འདི་སྐོར་ན་གཉུག་མར་གནས་པའི་གཞི་བདག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས། ཚོགས་རྣམ་པ་གཉིས་བདེ་བླག་ཏུ་རྫོགས་པར་གྱུར་ཅིག །སྒྲིབ་པ་རྣམ་པ་གཉིས་བདེ་བླག་ཏུ་བྱང་བར་གྱུར་ཅིག །དཀར་ཕྱོགས་སྐྱོང་བའི་མཐུ་དང་ནུས་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར་སོགས། ཚོགས་གཉིས་མཐར་ཕྱིན་སོགས། སྟོན་པ་འཇིག་རྟེན་ཁམས་སུ་སོགས། མི་འགྱུར་ལྷུན་པོ་སོགས། སྦྱིན་པ་གཏོང་ཞིང་སོགས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་སོགས། །ལོ་བརྒྱ་ཐུབ་ཅིང་སོགས། འབད་དང་རྩོལ་བ་མི་དགོས་པའི་སོགས། སྔོན་ཚེ་བཅོམ་ལྡན་འདས་སོགས། ཟབ་ཅིང་རྒྱ་ཆེ་སོགས། དེ་དག་ལ་སོགས་པ་བཀྲ་ཤིས་རྒྱས་བསྡུས་སྐབས་སུ་གང་བབས་དང་སྦྱར་ལ། མཇུག་ཏུ། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མའི་གུང་ཡང་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་སོ། །དེ་དག་ལས་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་ཞེས་པའི་ཚབ་ཏུ། ཚེ་དང་ལྡན་པ་འདི་ཞེས་བྱ་བའམ། དགེ་བའི་བཤེས་གཉེན་འདི་ཞེས་བྱ་བ་ལ། སོགས་མི་ཆེ་ཆུང་གི་རིམ་པ་དང་ལྡན་པའི་ཚིག་བརྗོད། ཆོས་འབྲེལ་ཡོད་པའི་བླ་མ་ཡིན་ན། དགོངས་གསོལ་གྱི་སྐབས་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་


TNT14_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ཐམས་ཅད། བདག་ཅག་རྣམས་ཀྱི་གཙོ་བྱས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ་ཞེས་བརྗོད། བླ་མའི་མཚན་མི་སྨོས། བསྔོ་བ་དངོས་གཞིའི་སྐབས་སུ་ཡང༌། དེ་རྣམས་ཀྱི་བྱིན་གྱིས་བརླབས་ཀྱི་མཐུ་ལ་བརྟེན་ནས། མཆོག་གསུམ་འདུས་པའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ། མཚན་འདི་ཞེས་བགྱི་བའི། སྐུ་ཚེ་འཕྲིན་ལས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །གཞན་སྣང་དུ་བདུད་བཞིའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །བཞེད་དོན་ཐམས་ཅད་དགོངས་པ་ཇི་ལྟ་བ་བཞིན་དུ་འགྲུབ་པར་གྱུར་ཅིག །སྐུའི་རྒྱལ་མཚན་ལྷུན་པོ་ལྟར་བརྟན་པར་གྱུར་ཅིགགསུང་གི་ཉི་འོད་ཕྱོགས་ཐམས་ཅད་དུ་འཆར་བར་གྱུར་ཅིག །ཐུགས་ཀྱི་རྒྱ་མཚོ་རབ་དགའ་བདུད་རྩིས་གང་བར་གྱུར་ཅིག །འཕྲིན་ལས་ཀྱི་ཉི་འོད་ནམ་ཡང་མི་ནུབ་ཅིང་སྲིད་ཞི་ཀུན་ཏུ་རྒྱས་པར་གྱུར་ཅིག །ཐུགས་རྗེའི་འོད་དཀར་གྱིས་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བར་གྱུར་ཅིག །གཞན་སྣང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་སྐུ་ཉམས་སུ་བསྟར་བ་ལ་རྣམ་གཡེངས་དང་བར་ཆད་ཀྱི་མཚན་མ་ཉེ་བར་ཞི་བར་གྱུར་ཅིག །གདུལ་བྱ་རྣམས་བསླབ་པ་གསུམ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གེགས་མེད་དུ་འགོད་པར་གྱུར་ཅིག །འགྲོ་བའི་དོན་དུ་བསྙུན་པ་མི་མངའ་ཞིང་སྐུ་ཚེའི་རྒྱལ་མཚན་བརྟན་པར་གྱུར་ཅིག །ས་དང་ལམ་གྱི་མངོན་པར་རྟོགས་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་


TNT14_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་གྱུར་ཅིགཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་མངོན་དུ་མཛད་ནས། བདག་ཅག་གདུལ་བྱར་གྱུར་པ་རྣམས་གཙོ་བོར་གྱུར་པའི་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་བྱང་ཆུབ་མཆོག་གི་རྒྱལ་ཐབས་ལ་འགོད་པར་གྱུར་ཅིགཅེས་པ་ཙམ་གྱིས་ཀྱང་ཆོག་ལ། རྒྱས་པར་བྱེད་ན་སྔར་གྱི་བསྔོ་བའི་ཤམ་བུ་རྣམས་སྦྱར་བས་རུང་སྟེ། ཇི་སྲིད་དེ་མ་ཐོབ་ཀྱི་བར་དུ་ཞེས་པའི་ཚབ་ཏུ། གཞན་ཡང་བདག་ཅག་གདུལ་བྱར་གྱུར་པ་རྣམས། གནས་སྐབས་ཐམས་ཅད་དུ། མི་དང་མི་མ་ཡིན་པ་ཞེས་པ་མན་ཆད་དོ། །ཡང་བསྔོ་བ་བསྡུས་པ་བྱེད་ན། དགོངས་གསོལ་སོང་བའི་རྗེས་ལ། དགེ་བའི་རྩ་བ་འདི་དང་རང་གཞན་གྱི་དགེ་བ་ཐམས་ཅད་གཅིག་ཏུ་བསྡོམས་པའི་མཐུ་ལས། ཚེ་དང་ལྡན་པ་འདི་ཞེས་བགྱི་བའི་འགལ་རྐྱེན་བར་དུ་གཅོད་པ། མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བ་ཞེས་པ་ནས་བཅོམ་ལྡན་འདས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་པའི་བར་དང༌། སེམས་ཅན་ཐམས་ཅད་བདེ་དང་སོགས། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བརྟན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས། །བསྔོ་བ་སྨོན་ལམ་བཏབ་པ་འགྲུབ་པར་ཤོག །ཉིན་མོ་བདེ་ལེགས་སོགས་བརྗོད་དོ། ། ༈ ཚེ་འདས་འགའ་ཞིག་གི་དོན་དུ་བསྔོ་བ་བྱེད་དགོས་ན། ཕྱོགས་


TNT14_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད། དམིགས་ཡུལ་འདི་ཉིད་ཀྱི་གཙོ་བྱས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། ཚེ་འདས་འདི་ཞེས་བགྱི་བའི། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས། ཐ་མ་ད་ལྟ་ལ་ཐུག་གི་བར་དུ། སྦྱིན་སོགས་དཀར་པོ་དགེ་བའི་ལས་ཅི་དང་ཅི་བགྱིས་པ་ཐམས་ཅད་དང༌། སླར་ཡང་མངོན་པར་སྒྲུབ་པའི་དགེ་བའི་རྩ་བ་འདི་དག་ཐམས་ཅད། དམིག་ཡུལ་གྱི་འགྲོ་བ་འདི་ཉིད། ཁམ་གསུམ་སྐྱེ་གནས་བཞི་འགྲོ་བ་རིགས་དྲུག་སྲིད་པ་བར་མ་གང་དུ་གནས་སམ་སྐྱེ་བར་ཡང་འགྱུར་བའི་ལས་ཅན་ཡིན་ན་ཡང༌། དགེ་བ་འདི་ཀུན་དམིགས་ཡུལ་འདིའི་ཁོང་དུ་ཆུད་ཅིང༌། ཕྱི་བཞིན་དུ་འབྲང་བ་དང་རྗེས་སུ་འཇུག་པར་གྱུར་ཅིག །དེ་ལྟར་ཞུགས་ནས་ཀྱང་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། རིགས་དྲུག་པོ་སོ་སོའི་སྡུག་བསྔལ་དང་ཀུན་འབྱུང་མཐའ་དག་ལས་མྱུར་དུ་ཐར་བར་གྱུར་ཅིག །བདུད་དང་གཤིན་རྗེའི་སྤྱོད་ཡུལ་མཐའ་དག་ལས་མྱུར་དུ་ཐར་བར་གྱུར་ཅིག །ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་ནམ་ཡང་མི་སྐྱེ་བར་གྱུར་ཅིག །སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །རྟེན་དེ་ལ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པར་གྱུར་ཅིག །ལེགས་


TNT14_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་འབྱུང་གནས་དགེ་བའི་བཤེས་གཉེན་དམ་པ་དང་ཞལ་མཇལ་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །བདུད་དང་སྡིག་པའི་གྲོགས་པོའི་དབང་དུ་སྐད་ཅིག་ཀྱང་མི་འགྲོ་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །བྱམས་སྙྀང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྐལ་བ་དང་ལྡན༴ འདུལ་བ་དང་མདོ་སྡེ་དང་མངོན་པའི་སྡེ་སྣོད་མང་དུ་ཐོབ་པའི༴ ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི༴ རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཕར་ཕྱིན་དྲུག་ལ་བསྡུས་པ་བྱེད་ན། རང་དོན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ཕུན་སུམ་ཚོགས་པ་ལ་གནས་པའི་གཞན་དོན་བསྡུ་བའི་དངོས་པོ་བཞིའི་སྒོ་ནས། སེམས་ཅན་གྱི་དོན་རྒྱ་ཆེར་བྱེད་པའི་སྐལ་བ་དང་ལྡན་པར་གྱུར་ཅིགཞེས་དང༌། །འབྲིང་དུ་བྱེད་ན། སྦྱིན་པ་དང་ཚུལ་ཁྲིམས་ཀྱི་སྒོ་ནས་གཞན་གྱི་དོན་རྒྱ་ཆེར་སྒྲུབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །བརྩོན་འགྲུས་དང་བཟོད་པའི་སྒོ་ནས་བདག་ཉིད་ཀྱི་དོན་མཆོག་ཏུ་སྒྲུབ་པའི༴ བསམ་གཏན་དང་ཤེས་རབ་ཀྱི་སྒོ་ནས་གཉིས་ཀའི་དོན་སེམས་ཉིད་རྣམ་པར་གྲོལ་བ་ལ་འགོད་པའི༴ སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་མཐུན་པ་དང༌། དོན་སྤྱོད་པ་སྟེ། བསྡུ་དངོས་བཞི་ལ་བརྟེན་ནས་འགྲོ་བ་ཀུན་བྱང་ཆུབ་ཀྱི་ལམ་ལ་འགོད་པའི༴ ཞེས་དང༌། །ཅུང་ཟད་རྒྱས་པར་བྱེད་ན། ལན་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པའི་སྦྱིན་པ་རླབས་པོ་ཆེ་གཏོང་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཡང་སྲིད་ལ་འདུན་པ་དང་བྲལ་བའི་ཚུལ་ཁྲིམས་ཕུན་སུམ་


TNT14_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པར་སྲུང་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་རྣམས་ལ་ཞེ་འགྲས་པ་མེད་པའི་བཟོད་པ་བླ་ན་མེད་པ་སྒོམ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དཀར་པོ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བསྡུད་པའི་བརྩོན་འགྲུས་ཕུན་སུམ་ཚོགས་པ་རྩོམ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །གཟུགས་དང་གཟུགས་མེད་པའི་ཁམས་ལས་འདས་པའི་བསམ་གཏན་བླ་ན་མེད་པ་ལ་མཉམ་པར་འཇོག་པའི་སྐུལ་བ་དང་ལྡན་པར་གྱུར་ཅིག །ཐབས་སྙིང་རྗེ་ཆེན་པོ་དང་ཡ་མ་བྲལ་བའི་ཤེས་རབ་ཕུན་སུམ་ཚོགས་པ་རྒྱུད་ལ་སྐྱེད་པའི་སྐུལ་བ་དང་ལྡན་པར་གྱུར་ཅིག །ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ཚིམ་ཞིང་མགུ་པར་བྱེད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཆོས་ཀྱི་གཏམ་སྙན་པར་སྨྲ་བས་མོས་པ་ཁྱད་པར་ཅན་བསྐྱེད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཕ་རོལ་དུ་ཕྱིན་པ་ལ་དོན་མཐུན་པའི་སྒོ་ནས་སྒྲུབ་པ་རྣམ་པར་དག་པ་ལ་འགོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དོན་སྤྱོད་པའི་སྒོ་ནས་སླར་མི་ལྡོག་ཅིང་ལམ་རྣམ་པར་སྦྱོང་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཅེས་སོ། །དེ་ལྟར་ཚོགས་གཉིས་ཡོངས་སུ་རྫོགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ངན་སོང་སྡུག་བསྔལ་མ་མྱོང་ཞིང༌། །དཀའ་བ་སྤྱད་པ་མེད་པར་ཡང༌། །ལྷ་ལས་ལྷག་པའི་ལུས་ཐོབ་ནས། །དེ་ཡི་སངས་རྒྱས་མྱུར་ཐོབ་ཤོག།མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག། སྐྱེས་མ་ཐག་ཏུ་ས་བཅུ་རབ་རྫོགས་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་སོགས་བརྗོད། འདི་ལ་ཡང་མཐུན་འགྱུར་བྱེད་མཁན་དགེ་འདུན་ཡོད་ན། བསྔོ་བའི་མགོར་སྐབས་འདིར་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ་ཞེས་བརྗོད་དགོས། དགེ་འདུན་གྱི་ཚོགས་ཆེན་པོ་སོགས་ལ་དགེ་རྩ་རྒྱ་ཆེན་དང་འབྲེལ་བའི་དུས། གཏམ་བཤད་


TNT14_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ན་བྱ་ཞིང༌། དེ་ནས་གཤིན་དོན་གྱི་བསྔོ་བ་བྱེད་ན། ཉེ་དུ་སོགས་ཤུལ་གྱི་མི་ཡོད་ན། དེ་རྗེས་གསོན་བསྔོ་རྒྱས་བསྡུས་ཅི་རིགས་པ་རྫོགས་པར་བྱ་ཞིང༌། དེ་འདྲ་མེད་ནའང༌། གཞན་ཡང་འདི་ལྟར་སྒྲུབ་པའི་དགེ་བའི་རྩ་བ་འདི་ཉིད་མཚོན་བྱེད་དུ་བྱས་ཞེས་པ་ནས། མཐུ་དང་ནུས་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་བར་དང༌། ཕན་བདེ་འབྱུང་བའི་གནས་ཅིག་པུ་མན་ཆད་བཀྲ་ཤིས་ཀྱི་བར་རྫོགས་པར་བྱ། ཡུལ་ཁྱད་པར་ཅན་ལ་མཆོད་བསྔོར་བྱེད་ན། དགོངས་གསོལ་གྱི་སྐབས་བླ་མའི་མཚན་ནས་མི་སྨོས་ཏེ། གསོན་བསྔོའི་སྐབས་དང་འདྲ། འདི་ལྟར་བླ་མ་དཀོན་མཆོག་ལ་མཆོད་པ། སྐྱེ་བོའི་ཚོགས་ལ་སྦྱིན་གཏོང༌། ཞེས་སོགས་དེ་སྐབས་ཀྱི་དགེ་བ་སྒྲུབ་པའི་སྐབས་དང་སྦྱར་ལ། གཞན་ཡང་ཐོས་བསམ་སྒོམ་གསུམ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པའི་དགེ་བའི་ཕུང་པོ་རྒྱ་ཆེན་པོ་འདིས། ཡོངས་ཀྱི་དགེ་བའི་གཤེས་གཉེན་ཆེན་པོ་ཞེས་སམ། རྡོ་རྗེ་འཛིན་པ་ཆེན་པོ་འདི་ཞེས་བྱ་བ་ལ་འབུལ་བར་བགྱིའོ། །ཕུལ་བ་དེ་ཐམས་ཅད་གཞན་དོན་དུ་བདག་གིར་མཛད་ནས། ཐུགས་ཀྱི་དགོངས་པ་ཟབ་མོ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །གང་དུ་བཞུགས་པའི་ཞིང་ཁམས་དེར། མཐའ་ཡས་མཆོད་པའི་སྤྲིན་ཕུང་རྒྱུན་མི་ཆད་པར་འབྱུང་བར་གྱུར་ཅིག །སྐུ་གསུང་ཐུགས་དང་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་སྐད་ཅིག་ཀྱང་མི་འབྱུང་བར་གྱུར་ཅིག །ས་ལམ་གྱི་


TNT14_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པའི་རིམ་པ་མཐའ་དག་བསྟན་ནས། མཐའ་ཡས་པའི་འགྲོ་བ་ཐམས་ཅད་ཐེག་པ་རྣམ་པ་གསུམ་གྱི་བྱང་ཆུབ་ལ་འགོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དགེ་བ་འདིའི་སྐྱེ་བོ་ཀུན། །གཞོན་ནུ་ནོར་བཟང་ཇི་བཞིན་དུ། །ཡོན་ཏན་རྒྱ་མཚོ་ལྟ་བུ་ཡི། །བླ་མ་དམ་པ་མཉེས་བྱེད་ཤོག། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས། དེ་ཙམ་མམ་ཅུང་ཟད་རྒྱས་པར་སྤྲོ་ན། གསོན་བསྔོའི་སྐབས་སུ་བཤད་པའི་སྤྱིའི་བསྔོ་བ་སོགས་ཅི་རིགས་པས་ཁ་བསྐངས་ནས་བརྗོད་དོ། །གསོན་གཤིན་གང་ལ་སྦྱར་ཀྱང་ཆོག་པའི་བསྔོ་བ་ཤིན་ཏུ་བསྡུས་པ་ནི། དགོངས་སུ་གསོལ་སྔར་བཞིན། དགེ་བའི་རྩ་བ་འདི་དང་དུས་གསུམ་གྱི་དགེ་བའི་རྩ་བ་གཅིག་ཏུ་སྡོམ་པའི་མཐུ་ལས། ཚེ་དང་ལྡན་པའམ། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བའི། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཉོན་མོངས་པ་དང༌། སྙོམས་འཇུག་དང་ཤེས་བྱའི་སྒྲིབ་པ་མཐའ་དག་རྩ་བ་ནས་བྱང་ཞིང་དག་པར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་དང་ཚུལ་ཁྲིམས་ཀྱིས་བསྡུས་པའི་ཚོགས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་ལྟར་སྒྲིབ་གཉིས་སྦྱོང་བ་དང༌། ཚོགས་གཉིས་གསོག་པ་ལ་བར་དུ་གཅོད་པ་སྐད་ཅིག་ཀྱང་མི་འབྱུང་བར་གྱུར་ཅིག །སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་


TNT14_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་ཐོབ་པར་གྱུར་ཅིག །སྡུག་བསྔལ་གསུམ་གྱིས་གཙེས་པའི་སེམས་ཅན་ཐམས་ཅད་ཟག་མེད་ཀྱི་བདེ་བ་མཐར་ཐུག་པ་ལ་འགོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དེ་ན་གཤིན་དོན་ཡིན་ན། ངན་སོང་སྡུག་བསྔལ་སོགས་དང༌། གསོན་བསྔོ་ཡིན་ན། སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་དང༌། བཀྲ་ཤིས་གྱི་ཚིགས་བཅད་ཅི་རིགས་པར་བརྗོད་དོ། །གཞན་ཡང་རབ་བྱུང་བསྙེན་རྫོགས་བྱས་པའམ། བཤད་སྟོན་ལ་སོགས་པའི་སྐབས་སུ་བསྔོ་བ་བྱེད་ན། གསོན་བསྔོ་སྤྱི་དང་ཕལ་ཆེན་འདྲ་བ་ལས། དགོངས་གསོལ་གྱི་རྗེས་སུ། ཚེ་དང་ལྡན་པའམ། དགེ་བཤེས་འདི་ཞེས་བྱ་བས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང༌། དམ་པའི་ཆོས་ཐམས་ཅད་ཀྱིས་རྩ་བ་སོ་སོ་ཐར་པའི་སྡོམ་པ་བླངས། ངུར་སྨྲིག་གི་བརྟུལ་ཞུགས་བཟུང་བས་བསྟན་པའི་མིག་རྐྱེན་ལ་ཕན་པར་བྱས། སྒྲུབ་པའི་མཆོད་པ་འདི་དང་འབྲེལ་བར། ཟང་ཟིང་གི་མཆོད་པས་ཀྱང་མཆོག་གསུམ་ལ་བསྟི་སྟང་དུ་བྱས་པའི་དགེ་བའི་རྩ་བ་འདི་དང་ཞེས་སམ། འདི་ཞེས་བྱ་བས། དང་པོར་དད་པ་བརྟན་པོས་དམ་པའི་ཆོས་ལ་ཞུགས། བར་དུ་ཤེས་རབ་དང་བརྩོན་འགྲུས་ཟུང་དུ་སྦྲེལ་བས་གཞུང་ལུགས་མཆོག་ལ་སྦྱངས། ད་ལྟར་རང་གི་རྣམ་དཔྱོད་དང་བློ་གྲོས་རྣམས་དགེ་བའི་བཤེས་གཉེན་རྣམས་དང༌། དགེ་འདུན་གྱི་སྤྱན་སྔར་མཆོད་རྫས་སུ་ཕུལ་བའི་དགེ་བའི་རྩ་བ་འདི་དང༌། ཞེས་མཚམས་སྦྱར་ནས། འཁོར་འདས་དུས་གསུམ་དང་འབྲེལ་བའི་ཞེས་པ་མན་


TNT14_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་གོང་བཞིན་ལ། སྐབས་སུ་གང་བབ་ཏུ་འདི་སྐད་ཅེས་བྱ་སྟེ། སོ་སོ་ཐར་པའི་སྡོམ་པ་ལ་ཉེས་ལྟུང་གི་དྲི་མས་མ་གོས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐབས་ལ་མཁས་པས་ཡོངས་སུ་བཟུང་བར་གྱུར་ཅིགརིག་པ་འཛིན་པའི་སྡོམ་པ་ལས་དམ་ཚིག་ཆེན་པོའི་དངོས་གྲུབ་མྱུར་དུ་ཐོབ་པར་གྱུར་ཅིག །ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་རྒྱུད་ཡོངས་སུ་ཕྱུག་པར་གྱུར་ཅིགའཕགས་པ་ཉེ་བར་འཁོར་ལྟར་འདུལ་བ་འཛིན་པའི་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག །མཁྱེན་པས་ཤེས་བྱ་མ་ལུས་པ་མཁྱེན་པ་འཕགས་པ་འཇམ་དཔལ་ལྟ་བུར་གྱུར་ཅིག །དམིགས་པ་མེད་པའི་ཐུགས་རྗེས་མཁའ་ཁྱབ་ཀྱི་སེམས་ཅན་སྡུག་བསྔལ་ལས་སྐྱོབ་པ་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །གང་ལ་གང་འདུལ་གྱི་མཐུ་སྟོབས་ཐོགས་པ་མེད་པས། དུས་གསུམ་རྒྱལ་བ་མ་ལུས་པའི་འཕྲིན་ལས་སྒྲུབ་པ། གསང་བའི་བདག་པོའི་མཛད་པ་དང་མཉམ་པར་གྱུར་ཅིག །ཅེས་པ་ལ་སོགས་པ་ཇི་ལྟར་རིགས་པར་སྦྱར་རོ། །འདིར་སྨྲས་པ། གཏམ་བཤད་བསྔོ་བའི་བྱེ་བྲག་ལ། །ལེགས་པར་སྦྱངས་པའི་བློ་གསལ་རྣམས། །ཚོགས་པའི་དབུས་སུ་གཟེངས་མཐོ་ཞིང༌། །བློ་ལྡན་དང་བ་འདྲེན་པའི་གཞི། །ཞེས་བྱའོ། །མོལ་གཏམ་དང་བསྔོ་བའི་བརྗོད་པ། མདོར་བསྡུས་སུ་སྦྱར་བ་འདི་ཡང་སྔ་ཕྱིར་དོན་གཉེར་དུ་མས་ནན་ཏན་དུ་ཡང་ཡང་བསྐུལ་བའི་ངོར་ཏཱ་ར་ནཱ་ཐས་སྨྲས་པའོ། །བཀྲ་ཤིས་པར་ཤོག།


previousཡས་གཏམ་དང་བསྔོ་བ་མདོར་བསྡུས།next