ཡིད་བཞིན་འཁོར་ལོའི་རྗེས་གནང་།


TNT15_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འཕྲིན་ལས་ལྷུན་གྲུབ་ལྷ་མོའི་སྐུ། །སྒྲོལ་མའི་ཚོགས་ལ་གུས་བཏུད་དེ། ཡིད་བཞིན་འཁོར་ལོའི་རྗེས་གནང་གི །རིམ་པ་ཅུང་ཟད་བྲི་བར་བྱ། །འདི་ལ་སློབ་དཔོན་གྱི་བྱ་བའི་རིམ་པ་བདག་བསྐྱེད། མདུད་བསྐྱེད་མཐའ་དག་སྒྲོལ་དཀར་གྱི་བསྙེན་སྒྲུབ་གྱི་ལག་ལེན་གསལ་བར་བཀོད་པ་བདུད་རྩིའི་བུམ་བཟང་བཞིན་བྱ་བ་ལས། རྡུལ་ཚོན་གྱི་པདྨ་འདབ་བརྒྱད་འབྲི་བ་མ་ལྕོགས་ན། མཎྜལ་ལ་ཚོམ་བུ་བཀོད་པ་ཙམ་གྱིས་ཆོག་ཅིང༌། མདུད་བསྐྱེད་ཀྱི་བསྟོད་པའི་རྗེས། གཏོར་ཆོག་གི་སྔོན་དུ་བཟླས་པ་ཅི་འགྲུབ་བྱ། གཏོར་ཆོག་སོང་བའི་མཚམས་སུ། སློབ་མ་རྗེས་འཛིན་བྱ་སྟེ། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ་བ་མ་འགྲུབ་ན། ཁ་བཤལ་བའི་ཆབ་བཏང༌། གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱ་སྟེ། སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད། སེམས་ཅད་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་


TNT15_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་མ་ཐོབ་ཀྱི་བར་དུ་ཡང་ཕྱི་ནང་གི་འཇིགས་པ་བར་ཆད་ཐམས་ཅད་ཞི་བ་དང༌། བསམ་པའི་དོན་ཐམས་ཅད་གེགས་མེད་པར་འགྲུབ་ཅིང༌། ཁྱད་པར་དུ་ཚེའི་འགལ་རྐྱེན་ཐམས་ཅད་ཞི་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བྱ། དེའི་ཕྱིར་དུ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་རྗེས་གནང་ཟབ་མོ་ཞུ་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་མདོ་རྒྱུད་རིན་པོ་ཆེ་ནས་ཇི་སྐད་བཀའ་སྩལ་བ་ལྟར་ལེགས་པར་གསལ་བཏབ་ཏེ་གསན་པར་མཛད་པ་ཞུ། འདིར་གྲུབ་པའི་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་ཞེས་བྱ་བ་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ཞལ་རྟག་ཏུ་གཟིགས་པ་དེས། རྒྱུད་སྡེ་མང་པོ་ནས་གསུངས་པའི་ཚེ་བསྒྲུབ་ཕྱོགས་གཅིག་ཏུ་བསྒྲིགས་པའི་འཆི་བསླུ་བླུ་ཆེན་མོ་ཞེས་བྱ་བ་ཤླཽ་ཀ་བཞི་བརྒྱ་ལྔ་བཅུ་པ་ཞིག་མཛད། དེའི་ནང་ན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གསལ་བར་བཞུགས། སློབ་དཔོན་དེའི་སློབ་མ་པཎྜི་ཏ་ཐུ་བོ་ཞེས་བྱ་བས་དེ་ལོགས་སུ་ཕྱུང་བའི་སྒྲུབ་ཐབས་ཀྱང་མཛད། དེ་ཆོས་འདིའི་གཞུང་གི་རྩ་བ་ཡིན་ཞིང༌། དེ་ཉིད་ཁ་བ་ཅན་གྱི་ཕྱོགས་འདིར་སྔ་འགྱུར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལུགས་དང༌། བར་འགྱུར་གཉན་ལུགས་དང༌། བ་རི་ལུགས། ཕྱི་འགྱུར་ནགས་རིན་ལུགས་ཀྱི་ཉེ་བརྒྱུད་དེ་ལུགས་བཞི་ཡོད་པ་ལས། འདི་སྔ་འགྱུར་ཡིན། དེ་ཡང་སློབ་དཔོན་ངག་དབང་གྲགས་པ་ལ་གསེར་གླིང་པས་གསན། དེ་ལ་ཇོ་བོ་རྗེས་གསན། ཇོ་བོས་བོད་དུ་མང་དུ་གནང་ནའང༌། འདི་འབྲོམ་སྟོན་ལས་བརྒྱུད་པ་ཡིན་ཞིང༌། བར་སྐབས་སུ་སྒམ་པོ་ལུགས་དང༌། བཀའ་


TNT15_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ལུགས་ཞེས་བརྒྱུད་པ་ཐ་དད་དུ་གྱེས་པ་ཡོད་ནའང༌། མན་ངག་གི་ངོ་བོ་ལ་དབྱེ་བ་མེད་ཅིང༌། འདིར་དེ་གཉིས་ཀར་བརྒྱུད་པ་གཅིག་ཏུ་འདུས་པ་ཡིན་ལ། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང༌། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྗོད། སློབ་མས་ཀྱང་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་བཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་ཀྱི། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། དེ་ནས་རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་པ་ནི། སློབ་དཔོན་དང་མདུན་བསྐྱེད་གཉིས་ཀར་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོའི་སྐུར་གསལ་བ། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་བཞུགས་པར་བསམས་ལ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་འདུན་པ་དང་བཅས་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་དང་སོགས་ལན་གསུམ། སྡིག་པ་བཤགས་པ་དང༌། དགེ་བ་ལ་ཡིད་རང་བ། སྐྱབས་འགྲོ་དང་སྨོན་པ་སེམས་བསྐྱེད་དུ་འཇུག་སྡོམ་ལེན་པ་དང༌། དགེ་བ་བསྔོ་བ་རྣམས་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། རྗེས་གནང་དངོས་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱྀ་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་རྣམ་སྨིན་ཤ་ཁྲག་


TNT15_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རྡོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་བར་སྦྱངས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ནས། རྒྱབ་ཡོལ་ཅན་དུ་གྱུར། དཔྲལ་བར་ཟླ་བ་ཞེས་པ་ནས། ཏཱཾཿདཀར་པོ། དེ་ནས་སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ། ལྷོ་ཕྱོགས་རི་བོ་པོ་ཏ་ལ་ནས། རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་ལ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས། ཁྱེད་རང་རྣམས་ལ་ཐིམ། སློབ་དཔོན་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཐུགས་ཀ་ནས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་ཙམ་བསམ་གྱིས་མི་ཁྱབ་པ་ཁ་བ་བུ་ཡུག་འཚུབ་པ་བཞིན་དུ་ཁྱེད་རང་རྣམས་ཀྱི་ལུས་ལ་གཉིས་སུ་མེད་པར་སིབ་སིབ་ཐིམ་པར་མོས་པ་མཛོད། བྱས་ལ། དྲི་ཞིམ་པོའི་སྤོས་དུད་དང༌། རོལ་མོ་འཇམ་རོལ་རྒྱུན་རིང་བས་བྱིན་དབབ། སློབ་དཔོན་གྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བཞིན་པས། ཨོཾ་ཨཱཪྱ་ཏཱ་རེ་བཛྲ་ཨ་བེ་ཤ་ཨ་ཨ། ཞེས་ལན་ཉེར་གཅིག་ནས་བརྒྱ་རྩའི་བར་གང་འོས་པ་བརྗོད་དོ། །དེས་སྐུའི་རྗེས་གནང་གྲུབ་པ་ལགས། ཡང་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྙིང་གར་པད་ཟླ་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾཿཡིག་དཀར་པོ། མཐའ་སྐོར་དུ་ཨོཾ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྟིཾ་ཀུ་རུ་ཧཱ། རྩིབས་བརྒྱད་ལ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། ཞེས་པའི་སྔགས་ཀྱི་ཡིག་འབྲུ་རྣམས་ཁ་དོག་དཀར་པོ་མགོ་


TNT15_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་བསྟན། ཁ་ནང་དུ་ཕྱོགས་པ་འོད་ཟེར་དཀར་པོ་འབར་བའི་རྣམ་པ་ཅན་དུ་བཞུགས་པར་མོས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་འཕྲེང་ལས་སྔགས་འཕྲེང་གཉིས་པ་ཆད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཁ་སྒོ་ནས་ཞུགས། སྙིང་གའི་འཁོར་ལོའི་ལྟེ་བ་དང༌། རྩིབས་རྣམས་ལ་སྤར་བཏབ་པ་བཞིན་དུ་འཁོར་བར་མོས་ལ། འདིའི་རྗེས་བཟློས་མཛོད། ཡི་གེ་བཅུ་པ་ལན་བདུན་དང༌། སྔགས་སྤེལ་ཚིག་ཅན་ལན་གསུམ་རྗེས་ཟློས་བྱེད་གཞུགདེས་སྔགས་ཀྱི་བཟླས་ལུང་ཐོབ། འོན་ཀྱང་བཟླས་བརྗོད་མ་བྱས་ན། ལུང་ཕོག་པ་ཙམ་གྱིས་དངོས་གྲུབ་མི་ཐོབ་པས། བཟླས་བརྗོད་ཀྱི་དོན་དུ་དམ་བཅའ་བའི་ལུང་ནི། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ། རྗེ་བཙུན་མ་འཕགས་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཡི་དམ་གྱི་ལྷར་བཟུང་ནས། དེའི་གཟུངས་སྔགས་ཉིན་རེ་ལ་རང་གི་བློ་དང་འཚམས་པ་འདི་ཙམ་རེ་མ་ཆག་པར་བཟླ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཡི་དམ་གྱི་ལྷར་བཟུང་ནས། དེའི་གཟུངས་སྔགས་ཉིན་རེ་ལ་ཅི་ནུས་རེ་བཟླ་བར་དམ་འཆའ་ལགས་སོ། །ལན་གསུམ། དེ་ལྟར་སྔགས་བཟླས་པས་ཀྱང་དངོས་གྲུབ་ཙམ་ཐོབ་པར་འགྱུར་བ་ཡིན་མོད་ཀྱི། ལོ་དང་ཟླ་བ་མང་པོར་བསྒྲུབས་པས་མཐར་གྱི་དངོས་གྲུབ་འཐོབ་པ་ཞིག་ཀྱང༌།


TNT15_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་ལྷའི་བྱིན་རླབས་ཀྱི་སྟོབས་ཀྱིས་ཉིན་ཞག་འགའ་ཞིག་ཙམ་གྱིས་ཁྱད་འགྲུབ་པའི་ཕྱིར། བྱིན་གྱིས་བརླབས་པའི་ལུང་བྱ་དགོས་པས། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་ལན་གསུམ། དེ་ལྟར་ཕུལ་བས་མེ་ཏོག་དེ་ཉིད་སྔགས་འཕྲེང་དུ་བྱིན་གྱིས་བརླབས་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་གཏོར་བས། སྤྱི་གཙུག་གི་སྒོ་ནས་ཞུགས་ཏེ། སྙིང་གར་སྔགས་འཕྲེང་ལ་ཐིམ་ཞིང༌། བྱིན་གྱིས་བརླབས་པར་མོས་མཛོད། མེ་ཏོག་སྤྱི་བོར་གཏོར་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཅེས་ལན་གསུམ་སྙིང་གར་གཏོར་ཏེ། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ཟབ་མོའི་གསུང་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་ཐོགས་མེད་དུ་འཇུག་པར་གྱུར་ཅིགདེས་གསུང་གི་རྗེས་གནང་ཐོབ་པ་ལགས། ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཐམས་ཅད་ཕྱག་མཚན་ཨུཏྤལ་དཀར་པོ་དྲི་མ་མེད་པའི་འོད་ཟེར་འཕྲོ་བས་རྣམ་པར་སྤྱན་དྲངས། མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ། མདུན་བསྐྱེད་ལ་མོས་གུས་དུང་བ་བྱས། དེ་ཉིད་རང་གི་སྤྱི་བོར་བྱོན། འོད་ཀྱི་གོང་བུར་ཞུ་བ་སྤྱི་བོ་ནས་ཞུགས་ཏེ་སྙིང་གར་ཐིམ། དེའི་ངང་དེར་སེམས་དུས་གསུམ་གྱི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས་ཏེ།


TNT15_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་མཉམ་པར་ཞོག་མཛོད། ཅེས་བརྗོད་ལ་ཅུང་ཟད་མི་རྟོག་པ་སྒོམ་དུ་གཞུགདེས་ཐུགས་ཀྱི་རྗེས་གནང་ཐོབ་པ་ལགས། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། ལན་གསུམ། བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད་ཅེས་བརྗོད་ལ། སློབ་མས་ཀྱང་མཎྜལ་འབུལ། རང་གི་ལུས་དང་ལོངས་སྤྱོད་དུས་གསུམ་གྱི་དགེ་བའི་དངོས་པོ་ཐམས་ཅད་ལྷ་དང་བླ་མ་ལ་འབུལ། ཆ་ཤས་ཀྱང་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱོད་ལ་བདག་ནི་འབུལ་ལགས་ཀྱི། ཁྱོད་ཀྱིས་སློབ་མ་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། ལན་གསུམ། བསོད་ནམས་འདི་ཡིས་སོགས་དང༌། སྨོན་ལམ་དང་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པ་བརྗོད། དེས་སློབ་མ་རྗེས་སུ་འཛིན་པའི་བྱ་བ་རྫོགས་པ་ཡིན། རྗེས་ཆོག་ནི་མཆོད་པ་རྣམས་ཁ་གསོས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨོཾ་ལས་བྱུང་བའི་ནས། ཨ་ཁཾ་སྭཱཧཱའི་བར་ཀྱི་བྱིན་གྱིས་བརླབས། ཨོཾ་ཨཱཪྱ་ཏཱ་རེ་གུ་རུ་བུདྡྷ་ནས། སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད་ཀྱི་བར་སྒྲུབ་ཐབས་བཞིན། རྗེ་བཙུན་མ་འཕགས་མ་སྒྲོལ་མས་བདག་དང་སློབ་མར་བཅས་པ་ལ་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཡིག་བརྒྱ་ལན་གསུམ་ནས། བཀྲ་ཤིས་ཀྱི་བར་ཡང་སྒྲུབ་ཐབས་ཀྱི་མཆོད་ཆོག་བཞིན་བྱའོ། །འདི་ནི་སྒྲོལ་དཀར་ཇོ་བོ་ལུགས་ཀྱི་དབང་དུ་བྱས་པ་སྟེ། ལུགས་བཞིའི་ནང་ནས་རྩ་བའམ། མ་ལྟ་བུར་གྱུར་པ་ཡིན་ལ། ལུགས་འདི་ལ་ཚེ་ཁྲིད་ཟབ་མོའང་བཞུགས་ཤིང༌། ལས་ཚོགས་


TNT15_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མང་རབ་ཡོད་དོ། །ལུགས་གཞན་རྣམས་ཀྱི་ཁྱད་པར་ཅུང་ཟད་ཙམ་བརྗོད་ན། བ་རི་ལུགས་དང༌། གཉན་ལུགས་ལ་སྒྲུབ་ཐབས་ཀྱི་སྐབས་གནས་གསུམ་བྱིན་རླབས་མེད། རིགས་བདག་འོད་དཔག་མེད་ཡིན། རྗེས་གནང་གི་ངོ་བོ་སྒྲུབ་ཐབས་བརྒྱ་རྩ་དང་འདྲ། གཉན་ལུགས་ལ་བུམ་ཆོག་སྤྱི་དང་མཐུན་པའི་བུམ་པ་ཞིག་བཅས་ལ། ཐུགས་ཀྱི་རྗེས་གནང་གི་མཐར་བཀྲུ་བྱབས་བསྲུང་གསུམ་མཛད། སྙིང་གའི་སྔགས་འཁོར་ལ་འཁོར་ལོའི་མུ་ཁྱུད་ལ་ཨོཾ་ཡིག་གི་འཕྲེང་བ་བསྒོམ། བ་རི་ལུགས་ལ་སྐུའི་རྣམ་པའང་སྤྱན་གཉིས་མ་གཙོ་བོར་མཛད། སྐུ་འགྱིང་བག་མེད་པའི་དྲང་པོ། གཡོན་གྱི་ཨུཏྤལ་དུས་གསུམ་གྱི་སངས་རྒྱས་མཚོན་པའི་མེ་ཏོག་ཁ་ཟུམ་ཞིང་ཡལ་བ་དང༌། འབུས་པ་དང༌། རྒྱས་པ་གསུམ་ཡོད། ལུགས་འདི་ལ་ལས་ཚོགས་ཤིན་ཏུ་མང༌། པཎ་ཆེན་ནགས་རིན་གྱི་ལུགས་ལ། སྔོན་འགྲོ་སྐྱབས་སེམས་ཁོ་ན་ཡིན། སྟོང་པའི་ངང་ལས་ཧཱུཾ་ལས་བསྲུང་འཁོར་དང༌། བྷྲུཾ་ལས་ཆུ་ཤེལ་གྱི་གཞལ་མེད་ཁང༌། དེར་ཏཱཾཿལས་སྒྲོལ་དཀར་འོད་དཔག་མེད་ཀྱི་དབུ་བརྒྱན་རང་ཆས་སུ་ཡོད་པ་ཞིག་བསྒོམ། གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་དྲངས། དབང་བསྐུར་རྒྱས་བཏབ། མཆོད་བསྟོད་རྣམས་བདག་བསྐྱེད་ལ་མི་མཛད། རྗེས་གནང་ལ་ཕལ་ཆེར་ཇོ་བོ་ལུགས་དང་འདྲ་བ་ལས། སྔོན་འགྲོའི་སྐབས་སངས་རྒྱས་ཆོས་དང་མ་མི་དགོས། གསུང་གི་རྗེས་གནང་གི་སྐབས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་འཁོར་ལོ་སྔགས་འཕྲེང་དང་བཅས་པ་ཡོངས་རྫོགས་སློབ་མའི་སྙིང་གའི་སྔགས་འཁོར་ལ་བསྟིམ། ཐུགས་ཀྱི་རྗེས་གནང་གི་སྐབས། སློབ་དཔོན་གྱི་སྙིང་གའི་སྔགས་འཁོར་གྱི་འོད་ཀྱིས་རིགས་བདག་བསྐུལ། ཕྱག་གི་ལྷུང་བཟེད་ཀྱི་འོད་ཀྱིས་སྣོད་བཅུད་ཐམས་ཅད་ཀྱི་བཅུད་བསྡུས་ནས་སློབ་མའི་སྤྱི་བོ་ནས་ཞུགས་ཏེ།


TNT15_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་སྔགས་འཁོར་ལ་བསྟིམ། འདི་དང་བ་རི་ལུགས་གཉིས་མཐུན་པར་ལས་སྔགས་ཁོ་ན་ལ་བཟླས་པ་བྱེད་ཅིང༌། འཁོར་ལོ་ལ་མུ་ཁྱུད་རིམ་པ་གསུམ་གྱི་ནང་མ་ལ་ཨཱ་ལི་གཡོན་བསྐོར། བར་པ་ལ་ཀཱ་ལི་གཡས་བསྐོར། ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་གཡས་བསྐོར་དུ་བསྒོམ། པཎ་ཆེན་ཤཱཀྱ་ཤྲཱིས་ཀྱང་ངག་དབང་གྲགས་པའི་ལུགས་འདི་ཅུང་ཟད་གསུངས་ཤིང་བསྒྱུར་བར་ཡང་མཛད་མོད་ཀྱི། དེང་སང་དེ་ནས་བརྒྱུད་པའི་བཀའ་མེད་པར་མངོན། པཎ་ཆེན་ཉིད་ཀྱི་ཞལ་གཟིགས་ནི་ལྷ་དགུ་མ་ཡིན་ལ། སྔགས་ཀྱང་གཞན་ཡིན་པའི་ཕྱིར་ངག་དབང་གྲགས་པའི་ལུགས་དང་མ་འབྲེལ་བས། ལུགས་འདི་དག་དང་བསྲེ་བར་མི་བྱ་སྟེ། སྒྲུབ་ཐབས་ཀྱང་ལོགས་སུ་སྟོན་ཏོ། །འདི་ཤེས་ཆོས་འདིའི་ལུགས་སྲོལ་ཀུན༵། །མ་འདྲེས་སོ་སོའི་འབྱེད་ལ་དག༵འ། །ཡིག་ཚོགས་ཆེ་བ་མི་ངོམ་པར། །སྙིང༵་པོ༵འི་གནད་ལ་མཁས་པར་འགྱུར། །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ཡན་ལག་རྗེས་གནང་གི་ལེ་ཚན་ནོ།། །།དགེའོ། །