རྗེ་བཙུན་མ་ཀུ་རུ་ཀུལླེའི་སྒྲུབ་ཐབས།


TNT15_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བྱེད་མའི་མངོན་རྟོགས་ཉམས་སུ་ལེན་ཚུལ་ཐུན་མོང་མ་ཡིན་པ་བཞུགས་སོ། །ཨོཾ་སྭཱ་སྟི། འཕགས་མ་འཁོར་བ་ཀུན་སྒྲོལ་མ། །དེ་ལ་བཏུད་ནས་རིག་བྱེད་མའི། །སྒྲུབ་ཐབས་དགེས་རྡོར་ལས་བྱུང་བ། །ལྷན་སྐྱེས་རོལ་བའི་ལུགས་བཤད་བྱ། །དམར་པོ་སྐོར་གསུམ་དུ་གྲགས་པའི་ནང་གི་ཀུ་རུ་ཀུལླེ་སྒོམ་པར་འདོད་ན། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་སྐད་ཅིག་གིས་ཀུ་རུ་ཀུལླེར་གསལ་བའི་ཐུགས་ཀར་རཾ་ལས་ཉི་མའི་སྟེང་དུ་ཧྲཱིཾཿདམར་པོ་དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་རྗེ་བཙུན་མ་ཀུ་རུ་ཀུལླེ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མཿཀུ་རུ་ཀུལླེ་བྷྱཿ ཨོཾ་ཀུ་རུ་ཀུལླེ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་སོགས་ནས་ཤཔྟའི་བར་གྱིས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་བྱ། ཚད་མེད་བཞི་བསྒོམ། ཤཱུནྱ་ཏའི་སྔགས་བརྗོད། སྟོང་པའི་ངང་ལས་དུར་ཁྲོད་བརྒྱད་ཀྱི་དབུས་སུ་པཾ་ལས་པདྨ་དམར་པོ་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཾཿཡིག་དམར་པོ་རིང་མོ་ཚེག་དྲེག་དང་བཅས་པ་དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་འཕྲོས་པས་འཕགས་པ་མཆོད། སེམས་ཅད་ཐམས་ཅད་རྗེ་བཙུན་མའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཾཿཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྗེ་བཙུན་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་ཀྱིས་ཨུཏྤལ་དམར་པོའི་མདེའུ་ཅན་གྱི་མདའ་དང་མེ་ཏོག་གི་གཞུ་སྙན་གྱི་བར་དུ་འགེངས་པ། གཡས་འོག་མས་འགུགས་བྱེད་ལྕགས་ཀྱུ་དང༌། གཡོན་འོག་མས་རྩ་བ་ཞགས་པར་བྱས་པའི་ཨུཏྤལ་འཛིན་པ། མཆེ་བ་ཅུང་ཟད་གཙིགས་ཤིང༌། སྤྱན་གསུམ་དང་ལྡན་པ། ནུ་འབུར་རྒྱས་པ། ལོ་བཅུ་དྲུག་ལོན་པ་ལྟ་བུ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཐོད་སྐམ་ལྔས་དབུ་བརྒྱན་ཞིང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་


TNT15_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལྔས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གསོལ་བ། མི་རོ་མགོ་བོ་གཡོན་དུ་བསྟན་པའི་སྟེང་དུ་ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་འོད་ཟེར་དམར་པོ་དང་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཨུཏྤལ་དམར་པོའི་ལྟེ་བར་ཉི་མ་ལ་ཧྲཱིཾཿདམར་པོ། དེ་ལས་འོད་ཟེར་འཕྲོས་པས་རིག་བྱེད་ཀྱི་ཕུག་ནས་རྗེ་བཙུན་མ་ཀུ་རུ་ཀུལླེ་ལ་སངས་རྒྱས་བྱང་སེམས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ཛཿཧཱུཾ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་བཛྲ་པུཥྤེ་ལ་སོགས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷཱ་བ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས། འོད་དཔག་ཏུ་མེད་པས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བརྩེ་བས་རྗེས་ཆགས་སོགས་ཀྱིས་བསྟོད། བདུད་རྩི་ཀྱཻ་རྡོར་ལྟར་བྱིན་གྱིས་བརླབས་པའམ། སྤྱི་དང་མཐུན་པར་བྱིན་གྱིས་བརླབས། འབྲུ་གསུམ་བརྗོད་ཅིང་མྱངས་ཏེ་བདེ་བས་མཉེས་པར་བསམས་ལ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཾཿསྭཱཧཱ། ཞེས་མ་ཡེངས་པར་ཙན་དན་དམར་པོའི་ཕྲེང་བ་མིང་མེད་ཀྱི་སྟེང་ནས་དྲངས་ཤིང་བགྲང་བར་བྱའོ། །ཐུན་འཇོག་པ་ན།


TNT15_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མ་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་གསོལ་བ་གདབ་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཏེ། སྣང་བ་ཐམས་ཅད་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ། གཏོར་མ་འབུལ་ན། ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ། སྙིང་ག་ནས་འོད་ཟེར་འཕྲོས་པས། རྗེ་བཙུན་མ་མདུན་གྱི་ནམ་མཁར་བྱོན། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བར་བསམ་ཞིང༌། སྔགས་ཀྱི་མཐར། ཨོཾ་ཨ་ཀཱ་རོ་བཏགས་ལ་ཕུལ། བརྩེ་བས་རྗེས་ཆགས་པད་མ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨུཏྤལ་དབང་གི་ལྕགས་ཀྱུ་འཛིན། །བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཅི་ཤེས་པས་བསྟོད། འདོད་དོན་ཞུ། ལྷག་ཆད་ཁ་བསྐང༌། བཟོད་པར་གསོལ། བྲིས་སྐུ་སོགས་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས་སུ་གསོལ་ལ་བསྔོ་བ་སྨོན་ལམ་ཅི་ཤེས་བྱ།འདིའི་རྗེས་གནང་བྱ་བའི་ཚུལ་ནི། ཐུན་མོང་བ་སྤྱི་དང་འདྲ་བ་ལས་གཏོར་དབང་ཙམ་བྱེད་པ་ཡིན་ལ། ཐུན་མོང་མ་ཡིན་པ་ནི། གཞི་དམར་པོའི་སྟེང་དུ་ཙན་དན་དམར་པོས་བྱུགས་པའི་མཎྜལ་ལ། མེ་ཏོག་དམར་པོས་ཚོམ་བུ་བཀོད། དེའི་སྟེང་དུ་མཉྫི་ལ་རྟེན་གྱི་གཏོར་མ་བྲག་སྐྱིབས་ཀྱི་དབྱིབས་ཅན་དམར་པོ་རྒྱན་དང་ལྡན་པ་བཀོད། བྲིས་སྐུ་ཡོད་ན་དགྲམ། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང༌། སྨུག་རྩིས་བྱུགས་པའི་འབུལ་གཏོར་གཅིགསློབ་དཔོན་གྱི་མདུན་དུ་ནང་མཆོད་རྡོ་རྗེ་དྲིལ་བུ་མེ་ཏོག་རྣམས་བཤམ། མཆོད་པ་བྱིན་རླབས་ཀྱཻ་རྡོ་རྗེ་བཞིན་ནམ་སྤྱི་དང་མཐུན་པ་དང་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། མདུན་བསྐྱེད་སྟོང་པར་སྦྱང་བ་ནས་བཟུང༌། མངོན་རྟོགས་འདོན་པ་སྤོ་བ་ཙམ་མ་གཏོགས་འདྲ། མཆོད་བསྟོད་གཏོར་མ་ཕུལ་ལ། ཐུགས་རྒྱུད་


TNT15_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བའི་བཟླས་པ་བྱ། སློབ་མ་ཁྲུས་བྱས། ཕྱག་དང་ཡོན་ཕུལ་ནས། གྲལ་ལ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ། འདིར་དཔལ་ཀྱཻ་རྡོ་རྗེའི་རྩ་བཤད་ཀྱི་རྒྱུད་རྣམས་ནས་བཤད་པའི་རྗེ་བཙུན་མའི་རྗེས་སུ་གནང་བ་སྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་གྲུབ། སློབ་མའི་བྱ་བ་ལ་རྗེས་གནང་གི་སྔོན་དུ་འགྲོ་བ་སློབ་དཔོན་ལ་རྗེ་བཙུན་མ་དངོས་ཡིན་པའི་མོས་གུས་དང་ལྡན་པས་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ་བྱས་ལ། སློབ་མས་ཀྱང་མཎྜལ་འབུལ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། གསོལ་བ་བཏབ་པའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས་ནས་གནང་བར་མཛོད། ཅེས་གསོལ་བ་བཏབ་ནས། རྒྱུད་དག་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པའི་རྩ་བརྒྱུད་ཀྱི་བླ་མ་རྣམས་སྟེང་གི་ཆ་ལ་བཞུགས་པའི་རྗེ་བཙུན་མ་ཀུ་རུ་ཀུལླེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པའི་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ཕྱག་དང་མཆོད་པ་ཕུལ་བར་མོས་པ་བྱས་ཏེ། ཐལ་མོ་སྦྱར་ནས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ན་མོ་གུ་རུ་བྷྱཿ ན་མ་ཀུ་རུ་ཀུལླེ་བྷྱཿ ཞེས་པས་ཕྱག་བྱས་ནས་ཚོགས་ཞིང་སྐབས་ལྟར་མཆོད་ལ། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་བཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་ནས་འགྲུབ་པར་ཤོག །ཅེས་པས་རྒྱུད་དག་


TNT15_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས། ཚོགས་ཞིང་རྣམས་མདུན་བསྐྱེད་ཀྱི་ལྷ་མོ་ལ་ཐིམ་པར་མོས་པ་མཛོད། དེ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ། སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་ཀྱི་ལྷ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་གི་ལུས་ལ་ཞུགས་པའི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དང་ཀུན་རྫོབ་རྣམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པར་སྦྱངས། ཨོཾ་ཤཱུ་ནྱ་ཏ་སོགས་ནས་བཞུགས་པའོ། །ཞེས་པས་བར་སྒྲུབ་ཐབས་བཞིན་བརྗོད། དེ་ནས་སློབ་དཔོན་དང་ཁྱེད་རང་གི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་འཕྲོས་པ། ལྷོ་ཕྱོགས་རིག་བྱེད་ཀྱི་ཕུག་ན་བཞུགས་པའི་རྗེ་བཙུན་མའི་ཐུགས་ཀར་ཕོག་པས་དེའི་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་འོད་ཟེར་དམར་པོའི་ཕྲེང་བ་བསམ་གྱིས་མི་ཁྱབ་པ་དམར་ཁྲིག་ཁྲིག་བྱོན་ཏེ་ཁྱེད་རང་གི་ལུས་ལ་ཐིམ་པས་ལུས་འོད་ཀྱི་རང་བཞིན་དུ་གྱུར། ཡང་འོད་ཟེར་འཕྲོས་པས་བརྟན་གཡོ་སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་རྗེ་བཙུན་མའི་སྐུར་གྱུར་ཏེ་སླར་ཚུར་འདུས་ནས་ཁྱེད་རང་ལ་ཐིམ། ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་རིག་བྱེད་མ་དཔག་ཏུ་མེད་པ་བྱུང་ཁྱེད་རང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས། ལྷོ་ཕྱོགས་རིག་བྱེད་ཀྱི་ཕུག་ན་བཞུགས་པའི་རྗེ་བཙུན་མའི་སྐུ་ལ་ཕོག་པས། དེ་ལས་དེ་འདྲ་བའི་རྗེ་བཙུན་མའི་སྐུ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པས། རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། ཅེས་དང༌། སྔགས་ཀྱི་མཐར། ཛཿཧཱུཾ་བཾ་ཧོཿ ཞེས་ཡང་ཡང་བརྗོད་དེ། དྲིལ་བུ་སིལ་ཞིང་གུ་གུལ་གྱིས་བདུགདེས་རྗེ་བཙུན་མའི་སྐུའི་རྗེས་གནང་ཐོབ། རྗེ་བཙུན་མའི་སྐུ་དང་རང་གི་ལུས་དབྱེར་མེད་དུ་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། གསུང་གི་རྗེས་གནང་གི་སླད་དུ།


TNT15_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྗེ་བཙུན་མར་གསལ་བའི་ཐུགས་ཀར་ཨུཏྤལ་དང་ཉི་མའི་སྟེང་དུ་ཧྲཱིཾཿཡིག་གཅིག་བསམས་ཏེ་སློབ་དཔོན་དང་མདུན་བསྐྱེད་ཀྱི་རྗེ་བཙུན་མ་ལ་གུས་འདུད་དྲག་པོ་དུངས་པ་བྱས་པས། དེ་གཉིས་ཀའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང༌། ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ཧྲཱིཾཿཡིག་གི་མཐར་གཡས་སྐོར་དུ་འཁོད་པར་མོས་པ་བྱས། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ནས་སྭཱཧཱ་ལན་གསུམ། ཞེས་བཟླས་པའི་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་མོས་ཏེ། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་མཛོད། བཅོས་ལྡན་བདག་གིས་སོགས་ལན་གསུམ་བརྗོད་ནས། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱིན་གྱིས་བརླབས་ཏེ། ཁྱེད་རང་གི་སྤྱི་བོར་བཏག་ཅིང་བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས་གསུམ་གྱི་མཐར། རྡོ་རྗེ་སློབ་མ་འདིའི་རྒྱུད་ལ་རྗེ་བཙུན་མ་ཀུ་རུ་ཀུལླེའི་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིགདེས་རྗེ་བཙུན་མའི་གསུང་གི་རྗེས་གནང་ཐོགརྗེ་བཙུན་མའི་གསུང་དང་རང་གི་ངག་དབྱེར་མེད་དུ་བྱིན་གྱིས་བརླབས་སྙམ་དུ་མོས་པར་མཛོད། ཐུགས་ཀྱི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམ་དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང༌། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པའི་ཆོས་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འོད་ཟེར་


TNT15_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་དམར་པོའི་རྣམ་པར་སྤྱན་དྲངས་ཏེ། ཁྱེད་རང་གི་ཐུགས་ཀར་ཐིམ་པས། དེ་རྣམས་ཀྱི་བྱིན་རླབས་ཐམས་ཅད་རྒྱུད་ལ་ཞུགས་པར་མོས་པ་མཛོད། སླར་ཡང་ཧྲཱིཾཿལས་འོད་ཟེར་འཕྲོས་པས་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཐམས་ཅད་སོགས་འགྲེ། སླར་ཡང་དེ་ལས་འོད་ཟེར་འཕྲོས་པས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་པའི་ཆེན་པོ་རྣམས་ཀྱི་ཚེ་དང་བསོད་ནམས་དང་དབང་ཐང་ཐམས་ཅད་གོང་ལྟར་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ལ་ཐིམ་པས་ཚེ་དང་བསོད་ནམས་དང་དབང་ཐང་ཐམས་ཅད་རྒྱས་པར་མོས་པ་མཛོད། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང༌། པཎྜི་ཏ་དང༌། སྐྱེ་འགྲོ་བསོད་ནམས་ཅན་རྣམས་ཀྱི་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་དང༌། ཚེ་དང་བསོད་ནམས་དང་དཔལ་འབྱོར་ཐམས་ཅད་ཀྱང་གོང་ལྟར་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ལ་ཐིམ་པས། ཚེ་དང་བསོད་ནམས་དང་དཔལ་འབྱོར་ཐམས་ཅད་རྒྱས་པར་བྱས་པ་ཡིན་སྙམ་དུ་མོས་པར་མཛོད། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཧྲཱིཿཧྲཱིཿ ཨ་བེ་ཤ་ཡ་ཧྲཱིཿཧྲཱིཿཧྲཱིཿ ཞེས་ཡང་ཡང་བརྗོད་ཅིང༌། གུ་གུལ་གྱིས་བདུགདྲིལ་བུའི་སྒྲ་རེས་འཇོག་ཏུ་བྱ། དེས་རྗེ་བཙུན་མའི་ཐུགས་ཀྱི་རྗེས་གནང་ཐོབ། རྗེ་བཙུན་མའི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་བྱིན་གྱིས་བརླབས་སྙམ་དུ་མོས་པར་མཛོད། དེ་ནས་གཏོར་དབང་སྤྱི་དང་མཐུན་པར་བྱ་བའམ། གཏོར་དབང་མ་བྱས་ཀྱང་རུང་ལ། དེ་ལྟ་ན་རྟེན་གཏོར་ཡང་མི་དགོས་སོ། །རྗེས་གཙོ་བོ༴ མཎྜལ་ཕུལ། དེང་ནས་སོགས་འདྲ། ཚོམ་བུ་ལ་མཆོད་བསྟོད། དངོས་གྲུབ་བླངས་ལ་གཤེགས་སུ་གསོལ། དམ་ཚིག་པ་བསྡུས་ཏེ་གནས་གསུམ་བསྲུང་


TNT15_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་བསྔོའོ། །སངས་རྒྱས་པ་ཡི་སྔགས་རྒྱུད་ལ། །དབང་བསྡུད་ཀུན༵་གྱི་རྩ་བར་གྲགས། །དག༵འ་ཆེན་ལྷ་མོ་རིག་བྱེད་མའི། །ལག་ལེན་སྙིང༵་པོ༵་ངོ་མཚར་རྨད། །རྗེ་བཙུན་ས་སྐྱ་པའི་གདམས་ངག་དང་འབྲེལ་བའི་ཟབ་ཆོས་དམར་པོ་སྐོར་གསུམ་དུ་གྲགས་པ་ལས། རྗེ་བཙུན་མ་ཀུ་རུ་ཀུལླེའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།ཞུས་དག །