རྡོར་སེམས་སྒྲུབ་ཐབས།


TNT15_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། མཆོག་གྱུར་དཔལ་ལྡན་བླ་མ་དང༌། །དཀྱིལ་འཁོར་གཙོ་ལ་གུས་བཏུད་ནས། །རྡོར་སེམས་སྒྲུབ་ཐབས་ངོ་མཚར་བ། །ཇོ་བོའི་མན་ངག་བཞིན་དུ་བྲིས། །སྐྱབས་སེམས་སྔོན་དུ་སོང་ནས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་སེར་པོ། དེ་ལས་འོད་འཕྲོས། ལས་དང་ཉོན་མོངས་པ་དང་སྡིག་སྒྲིབ་ཐམས་ཅད་སྦྱངས། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་སེར་པོ་འོད་ཟེར་དཀར་པོ་འཕྲོ་བ།


TNT15_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་དྲིལ་བུ་དཀུར་བསྟེན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པད་ཟླ་ལ་གནས་ཤིང་ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན། ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུཾ་སེར་པོ། དེའི་འོད་ཀྱིས་ཡེ་ཤེས་སེམས་དཔའ་དང༌། བླ་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་ཕྱག་མཆོད་ཡན་ལག་བདུན་པ་ཅི་འགྲུབ་བྱ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། བཟླས་པའི་དམིགས་པ་གསལ་བཏབ་ལ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་མ་ཡེངས་པར་འདོན། བདག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་འདག་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ། དགེ་བ་བསྔོ། འདི་ནི་བཟླས་ལུང་ཁོ་ནས་འགྲུབ་པ་ཡིན་ཏེ། སློབ་མས་དཀོན་མཆོག་ལ་མཆོད་པ་དང༌། སློབ་དཔོན་ལ་མཎྜལ་ཕུལ། སློབ་དཔོན་གྱིས་འདིའི་སྒོམ་ཚུལ་བཤད། སློབ་དཔོན་གྱི་འཕྲེང་བ་ལ་འཇུས་ཏེ། ཡིག་བརྒྱའི་རྗེས་ཟློས་ལན་གསུམ་བྱ། མཐར་སློབ་དཔོན་གྱི་འཕྲེང་བ་སློབ་མའི་མགོ་བོར་བཞག་སྟེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད་དོ། །དེ་ནས་སློབ་མས་མཎྜལ་འབུལ། དམ་ཚིག་ཉམས་ཆགས་བཅས་ཀུན༵་ལ། །སྒྲུབ་ཐབས་ཟབ་ཀྱང་ཕན་མི་ཐོགས། །དངོས་གྲུབ་སྒྲུབ་པར་དག༵འ་བ་རྣམས། །སྙིང༵་པོ༵་ཡིག་བརྒྱར་ནན་ཏན་མཛོད། །རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །སྒྲུབ་པའི་ཐབས་རིན་ཆེན་འབྱུང་གནས་ལས་ཐོག་མར་དགེ་བའི་དོན་དུ་ཉེར་མཁོ་སྒྲུབ་ཐབས་འགའ་ཞིག་བཤད་པའི་སྐབས་ཏེ་གཉིས་པའོ།། །།ཞུས་དག །