བཀའ་གདམས་ལྷ་བཞི་ལས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྒྲུབ་ཐབས།


TNT15_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སངས་རྒྱས་ཀུན་ལས་ཆེས་ལྷག་པའི། །ལྷག་བསམ་སྨོན་ལམ་དགེ་བ་ཅན། །ཤཱཀྱ་སེངྒེ་ལ་བཏུད་ནས། །དེའི་སྒྲུབ་ཐབས་བྲི་བར་བྱ། །ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་རྣམས་སྔོན་དུ་བཏང༌། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་སེར་པོའི་འོད་ཀྱིས་ལུས་གང༌། རང་ཉིད་ཐུབ་པའི་དབང་པོའི་སྐུར་གྱུར་པ་ནི། སྐུ་མདོག་གསེར་བཙོ་མ་ལྟ་བུ་ཕྱག་གཡས་ས་གནོན་དང༌། གཡོན་མཉམ་བཞག་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རབ་ཏུ་བྱུང་པའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང༌། ཆོས་གོས་རྣམ་གསུམ་གསོལ་བ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང༌། ཐུགས་མཉམ་པར་བཞག་པའི་བདག་ཉིད་དུ་གྱུར། ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུཾ། དེ་ལས་འོད་འཕྲོས་ཐུབ་པ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཡིད་ཀྱིས་ཕྱག་མཆོད་བྱ། ཛཿཧཱུཾ་བཾ་ཧོཿ སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་དཀར་ཧཱུཾ་སྔོན་པོ། ས་བོན་གྱི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བར་བསྒོམས་ལ། ཨོཾ་མུ་ནེ་མུ་ནེ་མཧཱ་མུ་ན་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ། ཐུན་འཇོག་ཁར་ཡེ་ཤེས་པ་མདུན་དུ་


TNT15_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འདོད་དོན་གསོལ་པ་གདབ། དགེ་བ་བསྔོ། ཨོཾ་མུཿ ཞེས་གཤེགས་སུ་གསོལ། རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱ།འདིའི་ལུང་འབོགས་ཚུལ་ནི། ཐུབ་པའི་སྐུ་གཟུགས་བྲིས་འབུར་གང་རུང་ཞིག་གི་མདུན་དུ་མཎྜལ་ལ་མེ་ཏོག་གིས་ཚོམ་བུ་བཀོད། མཆོད་པ་རྒྱ་ཆེར་བཤམས། ཨོཾ་ལས་བྱུང་བའི་མཆོད་པར་མོས། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མ་ཧཱ་བིདྱེ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མནྡྲོ་པ་སཾ་ཀྲ་མ་ཎེ་སརྦ་ཀརྨ་ཨ་བ་ར་ཎཻ་བི་ཤོ་དྷ་ནི་སྭཱཧཱ། ཞེས་མཆོད་སྤྲིན་གྱིས་གཟུངས་བཟླས། བདག་བསྐྱེད་མདུན་བསྐྱེད་མཆོད་བསྟོད་རྣམས་བྱ། སློབ་མས་མཎྜལ་འབུལ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་བྱ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། སྒྲུབ་ཐབས་ལྟར་སྒོམ་ལུང་དང་བཟླས་ལུང་འབོགས་པ་ཉིད་ཡིན་ན། ལྷ་བཞིའི་མི་གཡོ་བ་ལ་བཟླས་ལུང་འབོགས་པ་དང༌། རྗེས་གནང་གཉིས་ཀ་ཡོད་ཅིང༌། གཞན་གསུམ་ལ་ཐུན་མོང་མ་ཡིན་པའི་བཟླས་ལུང་འབོགས་ཚུལ་ཙམ་ལས་མེད་ཀྱང༌། ཕྱིས་སྒྲུབ་ཐབས་བརྒྱ་རྩ་རྒྱ་མཚོ་སོགས་དང་མཐུན་པའི་རྗེས་གནང་བྱེད་པ་ནི། སྙིང་པོས་དབེན་པར་ཤེས་སོ། །ཐུབ་པ་སངས་རྒྱས་ཀུན༵་འདུས་ཀྱི། །སྒྲུབ་ཐབས་ཉམས་ལེན་རབ་དག༵འ་བ། །སྙིང༵་ནས་བཀའ་གདམས་ལ་མོས་ན། །ནན་ཏན་ཆེན་པོ༵ས་འདི་སྒྲུབས་ཤིག །བཀའ་གདམས་ལྷ་བཞི་ལས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྒྲུབ་ཐབས་ཀྱི་ལེན་ཚན་ནོ།། །།