གསང་བ་འདུས་པ་ལས་འབྱུང་བ་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས།


TNT15_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འཇམ་པའི་རྡོ་རྗེ་ལ་འདུད་དེ། །དཔལ་ལྡན་འདུས་པའི་རྗེས་འབྲང་བ། །ཉུང་ངུར་མོས་པ་རྣམས་ཀྱི་ངོར། །སྒྲུབ་ཐབས་རིམ་པ་མདོ་ཙམ་བྲི། །སྐྱབས་སེམས་སྔོན་དུ་སོང་ནས། རང་གི་སྙིང་གའི་མཾ་ལས་འོད་ཟེར་འཕྲོས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། ན་མོ་གུ་རུ་མཎྜ་ལེ་བྷྱཿ ཞེས་ཕྱག་བྱ། ཨརྒྷཾ་སོགས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ཤླཽ་ཀ་གཅིག་གིས་རྒྱུན་བཤགས་བྱ། རྣམ་ཐར་སྒོ་གསུམ་དྲན་བཞིན་པས། ཤཱུ་ནྱ་ཏའི་སྔགས་བརྗོད། ནམ་མཁར་ཨོཾ་ཨཱཿཧཱུཾ་ཧོཿ དམར་པོ་གཉིས་ཀྱི་མཐའ་བརྟེན་པ་བར་དོའི་རྣམ་ཤེས་སོ། །འོག་ཏུ་རྡོ་རྗེའི་རྭ་གུར་གྱི་དབུས་སུ། སྣ་ཚོགས་ཆུ་སྐྱེས་ལ་གནས་པའི་སྣ་ཚོགས་


TNT15_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང༌། དེའི་ནང་དུ་པད་ཟླའི་གདན་ལ་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་དཀར་པོ་དཀར་ནག་དམར་པའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་དང༌། རལ་གྲི། གཡོན་གཉིས་ཀྱིས་པདྨ་དང་འཁོར་ལོ་འཛིན་པའོ། །འདི་ནི་ཤིན་ཏུ་བསྡུས་པ་ལ་དགའ་བའི་དབང་དུ་བྱས་ཀྱི། ཤེས་ཤིང་སྤྲོ་ན་ལུགས་འདིའི་མངོན་བྱང་ལྔ་བསྐྱེད་ཉིད་བསྒོམས་ན་ངེས་པར་ལེགས་པ་ཡིན་ནོ། །ཡབ་ཡུམ་རྗེས་སུ་ཆགས་པ་སྙོམས་པར་ཞུགས་པས། ནམ་མཁའི་ཡི་གེ་ལྔ་པོ་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། ཡུམ་གྱི་མཁར་བབས། ཡི་གེ་ལྔའི་འོད་ཟེར་གྱིས་ཡབ་ཡུམ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་ཞུ། ཐིག་ལེ་ལས་ལྷ་མོ་བཞི་སྤྲོས། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆི་ཞེ་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེའི་སྐུ་ཁྱོད་བཀའི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རྗེས་སུ་ཕན་འདོད་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆི་ཞེ་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ༴ རབ་དགའི་


TNT15_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཀུན་ཏུ་བཟང་པོས་བདག་ལ༴ ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ༴ ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་བསྐུལ་ནས་ཐིམ་པ་ལས། ཐིག་ལེ་དེ་ཉིད་མཾ་ལས་རལ་གྲི་མཾ་གྱིས་མཚན་པར་གྱུར། དེ་ལས་དཀྱིལ་འཁོར་སྤྲོས། སེམས་ཅན་གྱི་དོན་བྱས། །སངས་རྒྱས་ཐམས་ཅད་ཚུར་འདུས། ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཇམ་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་དང་སྐུ་ལུས་གུར་གུམ་གཞོན་ནུ་ལྟར་དམར་སེར། གཡས་སྔོ། གཡོན་དཀར་བའི་ཞལ། ཕྱག་དང་པོ་གཉིས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རལ་གྲི་དང་མདའ། གཡོན་གཉིས་ཨུཏྤལ་སྔོན་པོའི་སྡོང་བུ་དང༌། གཞུ་འཛིན་པ། པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང༌། ཉི་མའི་འོད་ཟེར་འཕྲོ་བ། དར་དང་རིན་པོ་ཆེས་སྤྲས་པའོ། །ཡུམ་ཡང་ཡབ་དང་མཚུངས་པ་ལས། ལྷ་མོའི་ཆ་བྱད་རྫོགས་ཤིང༌། པདྨའི་སྐྱིལ་ཀྲུང་གིས་འཁྱུད་པ། ཟླ་འོད་འཕྲོ་བའོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མིག་ཏུ་ཀྵ་ལས་ས་སྙིང༌། རྣ་བར་ཛྲིཾ་ལས་ཕྱག་རྡོར། སྣར་ཁཾ་ལས་ནམ་སྙིང༌། ལྕེར་གཾ་ལས་སྤྱན་རས་གཟིགས། དཔྲལ་བར་སྐཾ་ལས་སྒྲིབ་སེལ། ལྟེ་བར་སཾ་ལས་ཀུན་བཟང༌། དཔྲལ་བར་ཨོཾ་ལས་སྐུ་རྡོ་རྗེ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ། སྙིང་གར་ཧཱུཾ་


TNT15_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐུགས་རྡོ་རྗེ། དེ་རྣམས་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས། གནས་གསུམ་གྱི་རྡོ་རྗེ་གསུམ་ལ་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ༴ ཝཀ༴ ཨོཾ༴ ཙིཏྟ༴ ཧཾ། རང་གི་སྙིང་གར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རལ་གྲིའི་ཡུ་བར་མཾ་གྱིས་མཚན་པ་ནི་ཏིང་ངེ་འཛིན་སེམས་དཔའོ། །དེའི་འོད་ཟེར་གྱིས་དབང་གི་ལྷ་སྤྱན་དྲངས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ཀྱིས་གསོལ་བ་བཏབ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། སོགས་ཀྱིས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན། དམིགས་པ་གསལ་ན་སྐྱེ་མཆེད་དང་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ལའང་རང་རང་གི་རིགས་བདག་གིས་དབུ་བརྒྱན་པར་མོས། ཡུམ་གྱི་སྤྱི་བོར་ཨོཾ་དཀར་པོ། སྙིང་གར་ཧཱུཾ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་བ་ཨཱཿདམར་པོ། བརླ་གཉིས་ལ་ཧ་ལྗང་ཁུ་རྣམས་དེ་བཞིན་གཤེགས་པ་ལྔའི་ངོ་བོ་གྱུར། དེ་རྣམས་ཀྱི་འོད་ཟེར་གྱིས་ཡུམ་གྱི་སྐུ་གང༌། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དང༌། ཨ་ལས་བྱུང་བའི་པདྨ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ། ཞེས་རྗེས་སུ་ཆགས་པས་སྙོམས་པར་ཞུགས། ཡང་སངས་རྒྱས་ཐམས་ཅད་འདོད་པའི་ཡོན་ཏན་དང་བཅས་པ་ཡབ་ཀྱི་སྐུ་ལ་བཅུག མཁའ་ནང་དུ་སྤྲོས་པ་ལྷ་མོ་བཅུར་གྱུར། ཕྱིར་སྤྲོས་ནས་བདག་ཉིད་ལ་མཆོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མཆོག་སྦྱིན་རྡོ་རྗེ་མཆོད་ཁྱོད་འདུད། །སོགས་འདུད་ཉི་ཤུ་རྩ་གཅིག་གིས་བསྟོད། ནང་མཆོད། ཨོཾ་


TNT15_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་བིགྷ་ནནྟཱ་ཀྲྀ་ཧཱུཾ་གིས་བསངས། སྭ་བྷཱ་ཝས་སྦྱངས། ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བི་ར་མ་མུ་ཤུ་ལས་བདུད་རྩི་ལྔ། གོ་ཀུ་ད་ཧ་ན་ལས་ཤ་ལྔ་རྣམས་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་གིས་མཚན་པ། སྦྱངས་རྟོགས་སྦར་བས་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་སླར་ཡང་འབྲུ་གསུམ་གྱིས་མྱངས་ཏེ། ཕྱི་ནང་གི་ལྷ་རྣམས་མཉེས་པར་བསམ། དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཨཱ་མཾ་ཧཱུཾ་ཞེས་ཅི་ནུས་སུ་བཟླས། མཐར་ལྷ་སྐུ་འོད་གསལ་དུ་བསྡུས་ཏེ་ཅུང་ཟད་མཉམ་པར་གཞག དེ་ལས་ཕྱག་གཉིས་པའི་སྐུར་ལངས། གནས་གསུམ་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་དྲན་ཙམ་བྱས་ཏེ། དགེ་བ་བསྔོ། གཏོར་མ་འབུལ་བར་འདོད་ན། ནང་མཆོད་ལྟར་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འཇམ་པའི་རྡོ་རྗེ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་གྱིས་མཆོད་ཡོན་ཕུལ། ཨོཾ་ཨཱཿམཉྫུ་བཛྲ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཞེས་ལན་ལྔའམ་བདུན་གྱིས་ཕུལ། ཨ་ཀཱ་རོ་ལན་གསུམ་གྱིས་ཕྱོགས་སྐྱོང་སོགས་ལ་ཕུལ་བར་མོས། ཉེར་སྤྱོད་ལྔས་མཆོད། གོང་བཞིན་བསྟོད། འདོད་དོན་གསོལ་བ་གདབ་པ་སོགས་སྤྱི་དང་འདྲ། སྒྲུབ་པའི་ཐབས་འདི་ལག་ལེན་གྱི་ཁྱད་མ་གཏོགས། སྒྲུབ་ཐབས་རྒྱ་མཚོའི་ཀུན་ལས་བཏུས་པའི་ནང་ན་བཞུགས་པ་ཉིད་ཡིན་ལ། དེའི་ཕྱིར་རྗེས་གནང་ཡང་དེ་ཉིད་ཁོ་ནས་ཆོག་གོ །འོན་ཀྱང་གལ་ཆེ་ཞིང་ཉེ་བར་མཁོ་བའི་ཕྱིར་དང༌། སྒྲུབ་ཐབས་རྒྱ་མཚོའི་ལག་ལེན་དུ་གྲགས་པའི་བོད་ཀྱི་ཡིག་ཆ་རྣམས་ན། སྐུའི་རྣམ་པ་དང༌། སྙིང་པོའི་སྔགས་ཀྱི་ཁྱད་པར་ཙམ་བཀོད་པ་མ་གཏོགས། མངོན་རྟོགས་ཀྱི་ཆིངས་རྒྱ་གཞུང་དང་མཐུན་པར་སྦྱར་བ་མེད་པས། འདིར་རང་གཞུང་དང་མཐུན་པར་


TNT15_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་ཡིན་ནོ། །ཀུན༵་ཏུ་བཟང་མོ་ལས་བཏུས་པའི། །རབ་དག༵འ་སྒྲུབ་ཐབས་བཞིན་དུ་བཀོད། །འདིར་ནི་སྙིང༵་པོ༵་ཙམ་བསྡུས་ཀྱི། །རྒྱས་པར་སྤྲོ་ན་གཞན་དུ་ལྟོས། །གསང་བ་འདུས་པ་ལས་འབྱུང་བ་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །