གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས།


TNT15_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལྡན་བདེ་ཆེན་མགོན་པོ་ལ། །གུས་པས་བཏུད་ནས་དེའི་སྒྲུབ་ཐབས། །སྒེག་པའི་རྡོ་རྗེའི་གཞུང་བཞིན་དུ། །མདོ་ཙམ་བདག་གིས་བཤད་པར་བྱ། །སྐྱབས་སེམས་བསོད་ནམས་ཚོགས་བསོག་སོགས་སྤྱི་དང་མཐུན། བསྲུང་འཁོར་ཆོས་འབྱུང༌། པད་ཉི། སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་དང་བཅས་པའི་དབུས་སུ་དབྱངས་བཅུ་དྲུག་ཉིས་འགྱུར་ལས་ཟླ་བ། གསལ་བྱེད་སོ་བཞི་ཉིས་འགྱུར། དབྱངས་བཅུ་གཉིས་དང་བཅས་པ་ལས་ཉི་མ། དབུས་སུ་ཧཱུཾ་ཡིག་དང་བཅས་པའི་འཕྲོ་འདུ་གཅིག་ཏུ་གྱུར་པ་ལས་རྡོ་རྗེ་འཆང་ཆེན་པོ་མཐིང་ག །ནག་དཀར་དམར་བའི་ཞལ་གསུམ། དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རང་དང་འདྲ་བ་ལ་འཁྱུད་པ། ལྷག་མ་གཡས་གཉིས་འཁོར་ལོ་དང་པདྨ། གཡོན་གཉིས་རིན་པོ་ཆེ་དང་རལ་གྲི་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེས་བརྒྱན་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས། ཨོཾ་ཨཱཿཧཱུཾ་ཞེས་གསུངས་ཤིང༌། དབང་བསྐུར་རྡོ་རྗེ་ཆེན་པོ་ནས། དབུ་བརྒྱན། རྗེས་སུ་ཆགས་པ་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་


TNT15_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་རང་བཞིན་གྱི་གནས་ན་བཞུགས་པའི་ལྷ་མོ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག ཞེས་སོགས་ཤླཽ་ཀ་བཞིའམ། ཨོཾ་མཧཱ་སུ་ཁཾ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ སུ་ར་ཏ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་བསྐུལ་བས། སྔོན་བཞིན་དུ་བཞུགས་པར་གྱུར། སྙིང་གར་ཟླ་བ་ལ་ཧཱུཾ། མགྲིན་པར་པདྨ་ལ་ཨཱཿ སྤྱི་བོར་འཁོར་ལོ་ལ་ཨོཾ་རྣམས་ཐུགས་གསུང་སྐུ་རྡོ་རྗེའི་རང་བཞིན། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སྤྱན་དྲངས། གནས་གསུམ་དུ་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་དུ་ཝཀ་ཀཱ་ཡ་ཞེས་འདོན་པ་སྤོ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་གསུང་སྐུར་མཛད་གསོལ། །ཞེས་བསྐུལ། རྗེས་ཆགས་ཀྱི་བདེ་བ་བསྒོམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཨཱཿབཛྲ་དྷྲིཀ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་པ་གཙོ་བོར་བཟླ་ཞིང༌། དེའི་བཅུ་ཆ། ཨོཾ་ཨཱཿབཛྲ་དྷ་ཏྭཱི་ཤྭ་རི་ཧཱུཾ་སྭཱཧཱ། ཞེས་པ་བཟླའོ། །ཐུན་གྱི་མཐར། སྣོད་བཅུད་ཐམས་ཅད་འོད་གསལ་དུ་བསྡུས་ནས། མཉམ་པར་བཞག །གཏོར་མའང་བླ་མེད་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ནས་སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་འབུལ་ལོ། །འདིའི་སློབ་མ་རྗེས་འཛིན་ནི། རྗེས་གནང་སྤྱི་དང་འདྲ་བ་ཁོ་ན་ཡིན་ནོ། །ཀུན༵་ནས་རྙེད་དཀའ་ཆེས་ཐོབ་པ། །དག༵འ་ཆེན་གསང་བ་འདུས་པའི་ལམ། །བསྐྱེད་རིམ་སྙིང༵་པོ༵འི་སྒྲུབ་ཐབས་


TNT15_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །ཉེར་མཁོར་མཐོང་ནས་གསལ་བར་བྲིས། །འདི་འཕགས་སྐོར་དང་མཐུན་ཤས་ཆེ་ཡང༌། སྒེག་པའི་རྡོ་རྗེའི་ལུགས་ཡིན་པར་ཤེས་པར་བྱའོ། །གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །