མཧཱ་མཱ་ཡ་གཙོ་རྐྱང་གི་སྒྲུབ་ཐབས།


TNT15_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལྡན་བདེ་ཆེན་མགོན་པོ་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་འདུད། །སྒྱུ་འཕྲུལ་ཆེན་པོའི་རིམ་ལས་འོངས། །དྲན་པ་གཅིག་པ་བཤད་པར་བྱ། །གྲུབ་པའི་སློབ་དཔོན་བྱ་ད་ལིས་མཛད་པའི་མཧཱ་མཱ་ཡའི་སྒྲུབ་ཐབས་དྲན་པ་གཅིག་པ་སྒོམ་པར་འདོད་ན། རང་གི་སྙིང་གའི་ཧྲཱིཿའི་འོད་ཀྱིས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་ཕེཾ། ཞེས་སྤྱན་དྲངས། ཡིད་ཀྱི་སྤྲུལ་པའི་ཕྱི་ནང་གསང་བའི་མཆོད་པས་མཆོད་པར་གྱུར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་ཚར་གསུམ་བྱ། ཤཱུ་ནྱ་ཏའི་སྔགས་དོན་བསམ། ཧཱུཾ་ཡིག་ལས་རང་གི་མདུན་དུ་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པ་པདྨ་དང༌། ཟླ་བ་དམར་སྐྱའི་གདན་ལ། ཧྲཱིཿལས་དཔལ་སྒྱུ་འཕྲུལ་ཆེན་མོ་སྐུ་མདོག་སྔོན་མོ་ཞལ་བཞི་སྔོ་སེར་དམར་ལྗང་བ། ཕྱག་དང་པོ་གཉིས་ཀྱིས་ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་མདའ་གཞུ་འཕྱར་བ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། མི་ལྤགས་ཀྱི་སྟོད་གཡོགས་འཕྱར་བ། ཡུམ་སངས་རྒྱས་མཁའ་འགྲོ་མ་དམར་མོ་རང་མཚུངས་དང་མཉམ་པར་སྦྱོར་བ། ཐོད་སྐམ་ཀྱི་དབུ་རྒྱན། མགོ་ཕྲེང་ཕྱག་རྒྱ་ལྔའི་རྒྱན་དང་བཅས་པ། དེ་ལ་ཡིད་ཀྱིས་


TNT15_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ཕུལ། དེ་ཉིད་རང་གི་སྙིང་ནང་དུ་ཐིམ་པས། རང་ཉིད་ཧེ་རུ་ཀའི་སྐུ་སྔ་མ་བཞིན་དུ་གྱུར་པ་ལ། སྤྲོ་ན་གོ་ཆའི་ཡི་གེ་རྣམས་དགོད་དེ། མགྲིན་པར་ཨཱཿ རྣ་བ་གཉིས་ལ་ཨ། མིག་ལ་ཨོཾ་རྣམས་དམར་པོ། སྣ་ལ་ཁ་དཀར་པོ། དཔྲལ་བར་ཙི་སེར་པོ། སྙིང་གར་ར་དམར་པོའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཨོཾ་ཨཱཿཧྲཱིཿཧཱུཾ། ཨོཾ་ཨཱཿཨཾ་ཧཱུཾ། ཞེས་བཟླས་པ་ཅི་ནུས་བྱའོ། །རྫོགས་པའི་རིམ་པ་ཡང་ཅི་ནུས་སུ་བསྒོམ་སྟེ་བདེ་ཆེན་མྱུར་སྒྲུབ་ཏུ་བཤད་ཟིན་ཏོ། །གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཡེ་ཤེས་པ་སྐད་ཅིག་གིས་མདུན་དུ་བྱོན་པ་ལ། ཨོཾ་ཨ་གུ་ཧྱ་ཨཱ་བྷ་ཀྵ་བྷཀྵཻ་ཧཱུཾ། ཞེས་ལན་བདུན་གྱིས་ཕུལ། དེ་རང་ལ་བསྟིམ། བྱིན་རླབས་ནི། ཆོས་འབྱུང་དམར་པོ། གྲུ་གསུམ་གྱི་དབུས་སུ། ཐིག་ལེ་དཀར་པོ་ཡོད་པ་ཞིག་བྲི། མཆོད་པ་དང་གཏོར་མ་བཤམས། མངོན་རྟོགས་བསྒོམས་ནས་གཏོར་མ་གོང་བཞིན་འབུལ། མཆོད་པའང་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཡིད་ཀྱིས་འབུལ། སློབ་མས་མཎྜལ་བྱས་ནས། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆང་རབ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། སྒྲུབ་ཐབས་ཀྱི་དམིགས་པ་ཕོག་ནས། སྔགས་བཟླར་བཅུག །བུམ་དབང་ངོ༌། ཞེས་བརྡ་སྤྲད། སྙིང་གར་ཉི་ཟླ་ཁ་སྦྱོར་རྒྱ་སྲན་ཙམ་པའི་དབུས་སུ། ཐིག་ལེ་ཡུངས་འབྲུ་ཙམ་ལ་སེམས་གཏོད་དུ་གཞུག །བརྗོད་བྲལ་གྱི་ཉམས་མྱོང་ངོ་སྤྲད་ལ་གསང་དབང་ངོ༌། །ཞེས་བརྗོད། ལྟེ་བའི་ཨ་


TNT15_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་འབར་བའི། སྤྱི་བོའི་ཧཾ་ཞུ་བར་དམིགས་ལ་རླུང་བཟུང་དུ་བཅུག ཐུར་སེལ་བསྡམས་པས་བདེ་སྟོང་གི་ཉམས་སྐྱེས་པར་བསམ། ཤེས་དབང་ངོ༌། །ཆོས་འབྱུང་ནི་དབྱིངས་སྤྲོས་བྲལ། ཐིག་ལེ་ནི་རིག་པ་བདེ་བ་ཆེན་པོའི་བརྡའོ་ཞེས་དབང་བཞི་པའོ། །འདི་ལ་རྗེས་ཆོག་མི་དགོས། རབ་ཟབ་མཧཱ་མཱ་ཡའི་གཞུང༌། །ཀུན༵་གྱི་ཟབ་དོན་དག༵འ་བས་ཞུས། ཡང་སྙིང༵་ལེན་ཚུལ་འདི་འདྲ་བ། །གཞན་ལ་ཡོད་མེད་གསལ་པོ༵ར་སྨྲོས། །མཧཱ་མཱ་ཡ་གཙོ་རྐྱང་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།