འཁོར་ལོ་བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས།


TNT15_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས། ན་མོ་བཛྲ་དྷ་རཱ་ཡ། གང་ཞིག་ཚུལ་འདིར་འཇུག་བྱེད་པ། །དེ་ལ་ལྷན་སྐྱེས་བདེ་ཆེན་པོ། །ཅི་ཡང་འབར་བར་འགྱུར་བས་ཏེ། །དེ་ཕྱིར་ལྷན་སྐྱེས་སྒྲུབ་ཐབས་སོ། །འདིར་བདེ་མཆོག་ལྷན་སྐྱེས་སྒོམ་པར་འདོད་པས། སྐྱབས་སེམས་ཚད་མེད་སྔོན་དུ་འགྲོ་བར་བྱ། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་རང་སེམས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་བསྐུམས་པས་འཇིགས་བྱེད་དང༌། གཡས་བརྐྱང་བས་དུས་མཚན་མ་མནན་པ། རལ་པའི་ཐོར་ཚུགས་དང༌། ཡིད་བཞིན་གྱི་ནོར་བུ་དང༌། ཟླ་བ་ཕྱེད་པ་དང༌། སྣ་ཚོགས་རྡོ་རྗེས་བརྒྱན་པ། ཕྱག་རྒྱ་དྲུག་དང༌། མགོ་འགྲེང་དང༌། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ། གྲི་གུག་དང་ཐོད་པ་འཛིན་པ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔ་དང༌།


TNT15_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་སྐམ་པོའི་འཕྲེང་བ་ཅན། ཞབས་གཡོན་བརྐྱང་བའི་སྟབས་ཅན་གྱི་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཡབ་ལ་མི་བསྐྱོད་པ་དང༌། ཡུམ་ལ་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་གི་འོད་ཀྱིས་སངས་རྒྱས་ཐམས་ཅད་བདེ་མཆོག་ཡབ་ཡུམ་གྱི་རྣམ་པར་ཕཻཾ། ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། བཟླས་པས་དམིགས་པ་གསལ་བཏབ་ལ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་བཟླའོ། །གལ་ཏེ་ཤིན་ཏུ་བསྡུས་པ་ཉམས་སུ་ལེན་པར་འདོད་ན། སྐད་ཅིག་གིས་བསྐྱེད་ཅིང་གནས་གསུམ་བྱིན་རླབས་མན་ཆད་མི་དགོས་ལ། བཟླས་པའི་མཐར་རྗེས་གཞིག་གི་རིམ་པས་འོད་གསལ་དུ་བསྡུའོ། །ཐུན་མཚམས་སུ་དགེ་བའི་རྩ་བ་བྱང་ཆུབ་དུ་བསྔོ། གཏོར་མ་སུམ་བྷས་བསངས། སྭ་བྷཱ་ཝས་སྦྱངས། ཨ་ལས་ཀ་པཱ་ལའི་ནང་དུ་འབྲུ་གསུམ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། ཡེ་ཤེས་ཀྱི་འཁོར་ལོ་ཕཻཾ། ཞེས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཨ་རལླི་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཨོཾ་ཨཱཿཧཱུཾ། ཞེས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་འདོད་དོན་གསོལ་བ་གདབ། ཧེ་རུ་ཀའི་ཡིག་བརྒྱ་ལན་


TNT15_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བརྗོད། མ་འབྱོར་བ་དང་སོགས་ཀྱི་མཐར། བཛྲ་མུཿ ཞེས་གཤེགས་སུ་གསོལ་བའམ། ཡོ་ག་ཤུདྡྷོའི་སྔགས་ཀྱིས་རང་ཉིད་ལ་བསྟིམ་པ་གང་རུང་བྱས། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བརྗོད་དོ། །འདིའི་བྱིན་བརླབ་ནི། ཚེས་བཅུ་ལ་མཎྜལ་པདྨ་འདབ་བཞི་ཉི་གདན་ལ་ཚོམ་བུ་སྔོན་པོ་ཅན། མདུན་དུ་མཆོད་གཏོར་བཟང་བ་དང་བཅས་པ། སློབ་དཔོན་གྱི་མདུན་དུ་བུམ་པ་བཅའ། ཚོགས་འཁོར་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་བྱས། མཁའ་འགྲོ་སྤྱི་གཏོར་གྱི་སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་བྱ། བདག་བསྐྱེད་བཟླས་པའི་བར་གོང་བཞིན་བསྒོམས་ནས། མདུན་བསྐྱེད་དང་བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་མཎྜལ་གྱི་དབུས་དང་བུམ་པའི་ནང་དུ། པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཞེས་པ་ནས། བཟླས་པའི་བར་བདག་བསྐྱེད་བཞིན་གཉིས་ཀར་ལ་དམིགས་ནས་བཟླས་པ་ཅི་འགྲུབ་བྱ། གོང་བཞིན་གཏོར་མ་ཕུལ། འཇིག་རྟེན་པ་ལ་མཁའ་འགྲོ་སྤྱི་གཏོར་གྱི་གཏོར་མ་བཏང༌། བར་འདིར་ལྷག་གཏོར་ལ་ཐུག་གི་བར་ཚོགས་མཆོད་རྣམས་རྒྱས་པར་བྱ། ཚོགས་མཆོད་ཡེ་མ་གྲུབ་ན་ཡིད་ཀྱིས་ཀྱང་རུང༌། སློབ་མས་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་སོགས་ཀྱིས་གསོལ་བཏབ་དང༌། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས་བྱ། མདུན་བསྐྱེད་དང་སློབ་དཔོན་དབྱེར་མ་མཆིས་པ་འཁོར་ལོ་བདེ་མཆོག་ནས། དབུ་རྒྱན་གྱིས་བར་བདག་བསྐྱེད་བཞིན་གསལ་འདེབས་སུ་འཇུག །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །ལུས་ཀྱི་དྲི་མ་སྦྱང་བ་དང༌། །དེ་ཉིད་བདེ་ཆེན་བདག་ལ་སྩོལ། །ཞེས་རྗེས་ཟློས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་སློབ་དཔོན་གྱི་


TNT15_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་དང༌། སློབ་མའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་སྒོམ་དུ་བཅུག་ལ། བླ་མའི་དཔྲལ་བའི་ཨོཾ་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོ་ཨོཾ་དཀར་པོ་དཔག་ཏུ་མེད་པར་བྱུང༌། སློབ་མའི་དཔྲལ་བའི་ཨོཾ་ལ་ཐིམ་པས། བུམ་དབང་ཐོབ། ལུས་ཀྱི་དྲི་མ་དག་པར་མོས་ཤིག ཅེས་བརྗོད་ལ། བུམ་པ་སྤྱི་བོར་བཞག བུམ་ཆུ་ཀུ་ཤས་དཔྲལ་བར་གཏོར་རོ། །ཨོཾ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱི་མགྲིན་པ་ཡན་ཆད་གང་བར་མོས། སངས་རྒྱས་ཀུན་གྱི་རང་བཞིན་གསུང་ཞེས་དང༌། ངག་གི་དྲི་མ་སྦྱངས་བ་དང་ཞེས་འདོན་པ་སྤོས་ལ་གསོལ་བ་བཏབ། སློབ་དཔོན་གྱི་མགྲིན་པའི་ཨཱཿལས། ཨཱཿསྤྲོས་ཏེ། སློབ་མའི་མགྲིན་པའི་ཨཱཿལ་བསྟིམ། གསང་དབང་ཐོབ། ངག་གི་དྲི་མ་དག །བུམ་ཆུ་མགྲིན་པར་གཏོར། སྙིང་ཁ་ཡན་ཆད་གང་བར་མོས། དེ་བཞིན་དུ། རང་བཞིན་ཐུགས་དང་ཡིད་ཀྱིས་དྲི་མ་ཞེས་འདོད་པ་སྤོས། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས་ཧཱུཾ་སྤྲོས་ཏེ། སློབ་མའི་སྙིང་གའི་ཧཱུཾ་ལ་བསྟིམ། ཤེར་དབང༌། ཡིད་ཀྱི་དྲི་མ་དག བུམ་ཆུ་སྙིང་གར་གཏོར། ལྟེ་བ་ཡན་ཆད་གང་བར་མོས། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཞེས་དང༌། སྒོ་གསུམ་དྲི་མ་ཞེས་འདོད་པ་སྤོས་ལ་གསོལ་བཏབ། སློབ་དཔོན་གྱི་ཡི་གེ་འབྲུ་གསུམ་ལས། འབྲུ་གསུམ་ཆར་བྱུང༌། སློབ་མའི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །བུམ་ཆུ་གནས་གསུམ་ཆར་དུ་གཏོར་ལ་འཐུང་དུ་གཞུག རྐང་མཐིལ་ཡན་ཆད་གང་བར་མོས། མངོན་རྟོགས་ཀྱི་དམིགས་པ་ཕོག


TNT15_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་ནོ། །རྗེས་གཙོ་བོས་ཇི་ལྟར་སོགས་དང༌། མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་སློབ་མའི་རྗེས་ཀྱི་བྱ་བ་དང༌། མཆོད་པ་ཁ་གསོས། བྱིན་གྱིས་བརླབས། མཆོད་བསྟོད། དངོས་གྲུབ་བླངས། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ལམ་བཀྲ་ཤིས་རྣམས་ཏེ་རྗེས་ཀྱི་བྱ་བ་ཡང་སྤྱི་དང་འདྲ་བ་ཡིན་ནོ། །ཡི་དམ་ཀུན༵་ལས་ཆེས་ལྷག་པའི། །སྒྲུབ་ཐབས་ལྷན་སྐྱེས་དག༵འ་བསྐྱེད་པ། །སྔོན་བྱོན་རྣམས་ཀྱིས་རྒྱས་བཤད་མོད། །འདིར་ནི་ངག་འདོན་སྙིང༵་པོ༵ར་བཀོལ། །འདིའི་ཉམས་ལེན་བསྡུས་པ་སྐད་ཅིག་གིས་བསྐྱེད་པ་ནི། དྲིལ་བུ་གཞུང་ཆུང་དང༌། ཨ་བྷྱ་ཀ་ར་སོགས་ཀྱིས་དགོངས་པ་ཡིན་ལ། ཡན་ལག་བཞི་བསྐྱེད་ནི་དགའ་རབ་རྡོ་རྗེའི་ལུགས་ཡིན་གསུང་ཞིང༌། སློབ་དཔོན་གཞན་མང་པོ་ཞིག་གི་གཞུང་ལ་ཡང་འདི་བཞིན་དུ་སྣང་ངོ༌། །ཞེས་པ་འཁོར་ལོ་བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བསྟན་པའི་ལེ་ཚན་ནོ།། །།