བྱང་ཆུབ་སྒྲུབ་ལམ་བདེ་མཆོག་གི་སྒྲུབ་ཐབས།


TNT15_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཧེ་རུ་ཀ་དཔལ་འགྲོ་བའི་མགོན། །བླ་མ་རྗེ་ལ་གུས་བཏུད་ནས། །བྱང་ཆུབ་སྒྲུབ་ལམ་བདེ་མཆོག་གི །སྒྲུབ་ཐབས་ཤིན་ཏུ་གསལ་བར་བྲི། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་བཏང་ནས། སྟོང་པ་ཉིད་ལ་ཅུང་ཟད་མཉམ་པར་བཞག ཤྲཱི་ཧེ་རུ་ཀོ྅ཧཾ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། རུ་ནི་ཚོགས་དང་བྲལ་བ་སྟེ། ཀ་ནི་གང་དུ་མི་གནས་པའོ། །བདག་ཉིད་ལྷན་ཅིག་སྐྱེས་


TNT15_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔལ་ཧེ་རུ་ཀ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་ལ་འཁྱུད་པ། ཞབས་གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་དང༌། གཡས་བརྐྱང་བའི་དུས་མཚན་མ་དམར་མོ་མནན་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། རལ་པའི་ཐོར་ཚུགས་ཀྱི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་དང༌། ངོས་ལ་སྣ་ཚོགས་རྡོ་རྗེས་བརྒྱན་པ། དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་གྲོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། གཡས་གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་ཞིང༌། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་ཡབ་ལ་འཁྱུད་པ། གཉིས་ཀའང་ཁྲོ་སྒེག་ལང་ཚོ་ལ་བབ་ཅིང༌། བདེ་བ་རྒྱས་པའི་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱང་རང་དང་འདྲ་བར་བལྟས་ལ། ཅུང་ཟད་མཉམ་པར་བཞག བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླའོ། །མཐར་ལཱུ་ཡི་པའི་རྣལ་འབྱོར་ཆེན་པོའི་འོད་གསལ་ལྡང་འཇུག་ལ་བསླབ་པར་བྱའོ། །གཏོར་མ་སུམ་བྷས་བསངས། སྭ་བྷཱས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཕཻཾ་ཞེས་གཏོར་མགྲོན་ཐམས་ཅད་སྤྱན་དྲངས། བཛྲ་ཨ་རལླི་ཧོཿ ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཞེས་ལན་བདུན་གྱིས་འཇིག་རྟེན་འདས་པའི་ལྷ་ལ་འབུལ།


TNT15_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཅེས་བསྟོད། ཨོཾ་ཁ་ཁ་སོགས་མཁའ་འགྲོ་སྤྱི་གཏོར་འབུལ་བ་སྤྱི་དང་འདྲ་ཞིང༌། རྗེས་ཀྱི་བྱ་བ་རྣམས་ཀྱང་ངོ༌། །འདི་ཉིད་ཀྱི་རྫོགས་པའི་རིམ་པ་ཡང་ཅི་ནུས་སུ་བསྒོམ་མོ། །དེ་ལྟར་བསྐྱེད་རིམ་ཉམས་སུ་ལེན་ཚུལ་འདི་ནི། དཔྱལ་ཨ་མོ་གྷའི་ཁྲིད་ཡིག་དང༌། མཁན་ཆེན་བྱང་ཆུབ་པའི་ཡིག་སྣ་དང༌། གཡག་སྡེ་ལོཙྪ་བ་དང༌། མཁན་ཆེན་རྡོ་རྗེ་པ་ནས་བརྒྱུད་པ་ཐོག་སྟོན་ཤེས་རབ་རྡོ་རྗེས་བྱས་པ་ཐམས་ཅད་དོན་གྱི་ཆ་ལ་ཞུས་དག་ཟེར་བ་ལྟར་ཡོད་པས། ཡིད་ཆེས་སྐྱེས་ནས་ལུགས་རྙིང་པ་ལྟར་བཀོད་དོ། །གང་དག་འདི་ལ་ཤཱུནྱའི་སྔགས་ཀྱིས་སྟོང་པར་སྦྱངས་ནས། བསྲུང་འཁོར་གྱི་དབུས་སུ་ཧེ་རུ་ཀའི་སྔགས་དོན་དྲན་པས། ལྷ་སེམས་དཔའ་གསུམ་བརྩེགས་སུ་བསྐྱེད་པ་ནི་འདི་ཉིད་ཀྱི་མན་ངག་ཁུངས་མ་གང་ན་ཡང་མེད་ཅིང༌། རང་གིས་ཀྱང་སྔགས་ཀྱི་བསྐྱེད་ཚུལ་མེད་ཅིང༌། ཡེ་ཤེས་ཀྱི་བསྐྱེད་ཚུལ་ཡིན་ནོ་ཞེས་བརྗོད་པ་དང་ཡང་འགལ་སྟེ། ཡེ་ཤེས་ཀྱི་བསྐྱེད་ཚུལ་ཡིན་ན། ལུས་དབེན་དང༌། སྒྱུ་ལུས་དང༌། ཟུང་འཇུག་གསུམ་གྱི་བསྐྱེད་ཚུལ་ལས་མ་འདས་པས་སོ། །བཟླས་བྱའི་སྔགས་ཀྱང་ཡིག་བདུན་བོར་ནས། འཁོར་ལོ་བསྒྱུར་དྲུག་གི་ནང་གི་རྡོ་རྗེ་སེམས་དཔའི་སྔགས་བཟླ་བ་ནི། མན་ངག་རྙིང་པ་སུན་བྱུང་ནས་ཆོས་ལ་དབང་ཟ་བར་བྱེད་པ་སྟེ། སྤྱིར་བདེ་མཆོག་སྐུ་མདོག་དཀར་པོ་ཡིན་པ་ཙམ་ལ་དེ་བཞིན་འབྱུང་དུ་རུང་ཡང༌། ཁ་ཆེ་པཎ་ཆེན་གྱི་མན་ངག་འདིའི་དབང་དུ་བྱས་ནས། འདི་ཉིད་ལཱུ་ཡི་པའི་མན་ངག་ཡིན་པར་རང་ཉིད་ཁས་ལེན་བཞིན་དུ་


TNT15_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལཱུ་ཡི་པའི་སྒྲུབ་ཐབས་ན་གཏན་མེད་པའི་སྔགས་འདི་བཟློས་པའི་ཕྱིར་རོ། །དེས་ན་འདི་ནི་ལྭ་ཝ་པ་དང་བི་བྷཱུ་ཏི་དང༌། པྲཛྙཱ་རཀྵི་ཏ་རྣམས་ཀྱིས་བཤད་པ་ལྟར་གྱི་རྣལ་འབྱོར་ཆེན་པོའི་སྐབས་སུ་འབྱུང་བའི་ཡེ་ཤེས་སེམས་དཔའ་དེ་ཉིད་ལོགས་སུ་ཕྱུང་བའི་སྒྲུབ་ཐབས་ཡིན་པར་མན་ངག་རིག་པ་དག་གསུང་ཞིང༌། དོན་ལ་ཡང་གནས་སོ། །དེའི་ཕྱིར་སེམས་དཔའ་སུམ་བརྩེགས་བྱེད་པ་དང༌། སྣོད་བཅུད་འོད་གསལ་དུ་བསྡུ་ལུགས་སྤྱི་འགྲོ་ཙམ་དུ་སྦྱོར་པ་ཡང་མི་ལེགས་ཤིང༌། བི་བྷཱུ་ཏི་དང༌། པྲཛྙཱ་རཀྵི་ཏའི་ལུགས་དང་ཡང་མི་མཐུན་ནོ་ཞེས་པ་ཅལ་ཅོལ་ཙམ་མོ། །འདིའི་རྫོགས་རིམ་གྱི་རྣམ་གཞག་ཀྱང་བི་བྷཱུ་ཏིས་མཛད་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཀྱི་བཤད་པའི་རྣམ་གྲངས་རྟིང་མ་དང་ཤིན་ཏུ་མཐུན་པར་ཡོད་ལ། ཨ་བྷ་ཡཱ་ཀཱ་རས་བཤད་པའི་ཁ་བསྐང་བ་ཡིན་ནོ་ཞེས་ཟེར་ན་ཡང༌། སློབ་དཔོན་དེས་མཛད་པ་ལ། འདི་དང་འབྲེལ་བའི་བསྟན་བཅོས་ཡེ་མེད་པའི་ཕྱིར་རོ། །འཁོར་ལོ་བསྒྱུར་དྲུག་གི་དཀྱིལ་འཁོར་གྱི་གཙོ་བོ་ཙམ་ལ་བསམ་པ་སྲིད་ན་ཡང༌། ཤིན་ཏུ་མི་འདྲ་བ་ཆེ་བའི་ཕྱིར་ཕྱོགས་སུ་འགྲོ་བ་ཙམ་ཡང་མ་ཡིན་ནོ། །ཞེས་པ་དེ་ཙམ་ཞིག་ལུགས་སྔ་ཕྱི་གཉིས་ཀྱི་ཁྱད་པར་ཤེས་ཤིང་སྒྲུབ་ཐབས་གསར་པའི་རང་མཚང་གོ་བའི་ཕྱིར་མགོ་སྨོས་ཙམ་དུ་ཟད་ཀྱི། མང་དུ་སྨྲས་པས་ཅི་ཞིག་བྱ། འདིའི་བྱིན་རླབས་བྱེད་པར་འདོད་པས། མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་དཀར་པོ་ཅན་མཐའ་མཆོད་གཏོར་གྱིས་བསྐོར། སྔོན་འགྲོ་གཏོར་མ་བཏང༌། མཆོད་པ་བྱིན་རླབས་བདེ་མཆོག་སྤྱི་དང་མཐུན་པར་བྱ། གོང་བཞིན་བདག་བསྐྱེད་སོང་བ་ན། མདུན་བསྐྱེད་ཀྱང་བདག་བསྐྱེད་བཞིན་དུ་བསྐྱེད་ལ། ཨརྒྷཾ་ནས་


TNT15_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྟའི་བར་གྱིས་ཕྱི་མཆོད་དང༌། འབྲུ་གསུམ་གྱིས་ནང་མཆོད་དང༌། གསང་བའི་མཆོད་པ་ཡིད་ཀྱིས་ཕུལ་ནས་བསྟོད་པ་རྒྱས་བསྡུས་གང་རུང་བྱ། གཏོར་མ་ཕུལ། བཟླས་པ་ཅི་འགྲུབ་བྱ། སློབ་མ་ལ་བྱེད་པ་ལྟར་ཏིང་ངེ་འཛིན་གྱི་དབང་བཞི་བླང༌། སློབ་མས་མཎྜལ་ཕུལ། གང་གི་དྲིན་གྱིས་སོགས་དང༌། སངས་རྒྱས་ཀུན་གྱི་སོགས་དང༌། དོན་དམ་སྨྲ་བའི་སེངྒེ་སོགས་ཀྱིས་གསོལ་བ་བཏབ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡི། །སོགས་སྐྱབས་འགྲོ་སེམས་བསྐྱེད་བྱ། རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་རྣམས་སོང་བ་ན། དམ་ཚིག་ཉེར་གཉིས་བཟུང་བ་ཡི་གེ་སྔ་མ་རྣམས་ན་མེད་པས་མ་བྱས་ཀྱང་ཆོག་ལ། བྱས་ཀྱང་འགལ་བ་མེད་པར་མངོན། དེ་ནས་སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་མངོན་རྟོགས་བཞིན་བསྐྱེད། དེའི་ཐུགས་ཀ་ནས་འོད་འཕྲོས། སློབ་མའི་ལུས་ལ་ཕོག་པས་སྡིག་སྒྲིབ་མཐའ་དག་སྦྱངས་ནས་སྔར་བཞིན་བསྐྱེད་པ་ལ་ཡེ་ཤེས་པ་བསྟིམ། རོལ་མོའི་སྒྲ་བྱ། སློབ་དཔོན་དང་སློབ་མ་གཉིས་ཀའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་གསལ་བཏབ་ལ། སློབ་དཔོན་གྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་མ་ལུས་པ་ཐམས་ཅད་ཨོཾ་དཀར་པོའི་རྣམ་པར་སྤྱན་དྲངས། སློབ་དཔོན་གྱི་དཔྲལ་བའི་ཨོཾ་ལ་ཐིམ། ཡང་སློབ་དཔོན་གྱི་དཔྲལ་བ་ནས་སྐུའི་བྱིན་རླབས་མ་ལུས་པ་ཐམས་ཅད་ཨོཾ་དཀར་པོ་དཔག་ཏུ་མེད་པའི་རྣམ་པར་བྱོན། སློབ་མའི་དཔྲལ་བའི་ཨོཾ་ལ་ཐིམ། རོལ་མོའི་བྱ་སྟེ། བུམ་དབང་ངོ༌། །དེ་བཞིན་དུ་


TNT15_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་ཨཱཿལས་གསང་དབང༌། ཐུགས་ཀའི་ཧཱུཾ་ལས་ཤེར་དབང༌། གསུམ་ཀ་ལས་དབང་བཞི་པ་ཐོབ་པར་བསམ་སྟེ། གོང་མས་རིགས་འགྲེ། རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །རབ་ཟབ་རྫོགས་རིམ་དང་འབྲེལ་བའི། །མན་ངག་མཁས་ཀུན༵་དག༵འ་བའི་ཕུལ། །སྙིང༵་པོ༵་ལྷན་སྐྱེས་སྒྲུབ་ཐབས་འདི། །ཟབ་ཅིང་ཡིད་ཆེས་གནས་ཀྱི་མཆོག །བདེ་མཆོག་དཀར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།བདེ་མཆོག་དཀར་པོའི་ཚེ་སྒྲུབ་ཀྱི་ལེན་ཚན།