བདེ་མཆོག་དཀར་པོའི་ཚེ་སྒྲུབ།


TNT15_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བདེ་ཆེན་ཧེ་རུ་ཀ་དཔལ་ནི། །སྟོང་ཉིད་རྣལ་འབྱོར་མ་དང་སྦྱོར། །དེ་ལ་གུས་པས་བཏུད་བྱས་ནས། །ཚེ་སྒྲུབ་ཅུང་ཟད་བཤད་པར་བྱ། །འདི་ལ་སྒྲུབ་ཐབས་ཀྱི་ཁྱད་པར་ནི། བྱང་ཆུབ་སྒྲུབ་ལམ་ཉིད་དང་འདྲ་བ་ལས། རང་ཉིད་རུས་པའི་རྒྱན་དྲུག་དང༌། སྟག་ལྤགས་ཀྱིས་བརྒྱན་པ་དང༌། ཡུམ་ལ་ཐོད་སྐམ་གྱི་དོ་ཤལ་བྱེད། བཟླས་པའི་སྐབས་ཚེ་སྒྲུབ་ཀྱི་དམིགས་པ་དང་བཅས། ཨོཾ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་མ་མ་ཨཱ་ཡུར་པུཥྟིཾ་ཀུ་རུ་ཨོཾ། ཞེས་ཅི་ནུས་སུ་བཟླའོ། །འདི་ལ་ཡིག་རྙིང་འགའ་ན་ཞབས་སྐྱིལ་ཀྲུང་གིས་བཞུགས་པར་བྱས་པའང་ཡོད་པས་གང་མོས་སུ་བྱའོ། །དེ་ནས་རླུང་བུམ་ཅན་བཟུང༌། རང་ཡབ་རྐྱང་དུ་གསལ་བའི་ཐུགས་ཀ་ནས་ལྷ་མོ་ལྔ་ཐོད་པ་ཐོགས་པ་སྤྲོས། ཁམས་གསུམ་གྱི་བཅུད་རྣམས་ཐོད་པར་བསྡུས་ཏེ། རང་གི་སྣ་བུག་གཡོན་ནས་བླུགས་པས་ལུས་གང༌། ལྷ་མོ་རྣམས་གཅིག་ཏུ་འདྲེས་རང་ལ་འཁྱུད་སྦྱོར་གྱིས་ཞུགས་པར་བསམ། ཡང་སྤྱི་བོར་ཁ་ཊྭཱཾ་ག་དཀར་པོ་ཧཱུཾ་གིས་མཚན་པ་མགོ་ཐུར་བསྟན། དེའི་འོད་ཀྱིས་འཁོར་འདས་ཀྱི་བཅུད་བསྡུས། ཁ་ཊྭཱཾ་ག་ནས་བརྒྱུད་སྤྱི་བོ་ནས་


TNT15_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། འཁོར་ལོ་བཞིར་དགའ་བཞི་ཉམས་སུ་མྱོང༌། ལུས་ཐམས་ཅད་བདུད་རྩི་རླན་དྲོད་ཅན་གྱྀས་གང་བར་བསམ། འདིའི་བྱིན་རླབས་ནི། མཎྜལ་གྱི་སྟེང་དུ་བུམ་ཐོད་བརྩེགས་པ་བཤམས། སྡོམ་བཟུང་ཡན་ཆད་བདེ་མཆོག་དཀར་པོ་བྱང་ཆུབ་སྒྲུབ་པ་དང་འདྲ། དངོས་གཞི་སློབ་མ་ལྷར་བསྐྱེད། བཟླས་ལུང་སྦྱིན། ལྷ་དབང་བསྐུར་བའི་དམིགས་པ་སྤྱི་དང་འདྲ་བའི་སྒོ་ནས་བུམ་པའི་ཆུས་དབང་བསྐུར་བུམ་དབང་ངོ༌། །ཐོད་པ་ལ་བརྟེན་ནས་ཚེ་བསྲིང་བའི་དམིགས་པ་ཕོག ནང་མཆོད་སྦྱིན། གསང་དབང་ངོ༌། ཁ་ཊྭཱཾ་ག་ལ་བརྟེན་པའི་དམིགས་པ་ཕོག ཤེར་དབང་ངོ༌། །གནས་ལུགས་ཀྱི་ལྟ་བ་སྐྱོང་དུ་བཅུག་སྟེ། དབང་བཞི་པའོ་ཞེས་བརྡ་སྤྲད། རྗེས་སྤྱི་དང་འདྲའོ། །ཚེ་སྒྲུབ་ཀུན༵་ནས་ཟབ་པའི་ཕུལ། །རྒྱུད་དོན་ཡིད་ཆེས་ཆེས་དག༵འ་བ། །མི་ལུས་སྙིང་པོ་ལེན་འདོད་ན། །འདིའམ་འདི་འདྲའི་རིགས་སྒོམས་ཤིག །བདེ་མཆོག་དཀར་པོའི་ཚེ་སྒྲུབ་ཀྱི་ལེན་ཚན་ནོ།། །།