དཔལ་ཀྱཻ་རྡོ་རྗེའི་སྙིང་པོའི་ཧེ་རུ་ཀ་ལྷན་སྐྱེས་ཀྱི་སྒྲུབ་པའི་ཐབས།


TNT15_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀྱཻ་རྡོ་རྗེའི་སྙིང་པོའི་ཧེ་རུ་ཀ་ལྷན་སྐྱེས་ཀྱི་སྒྲུབ་པའི་ཐབས། ན་མོ་བཛྲ་དྷ་རཱ་ཡ། དཔལ་ལྡན་རྡོ་རྗེ་སྙིང་རྗེའི་སྟོབས། །གདུལ་དཀའ་འདུལ་མཛད་ལ་བཏུད་དེ། །ཤིན་ཏུ་གུས་ཤིང་བརྩོན་ལྡན་ལ། །སྒྲུབ་ཐབས་མདོར་བསྡུས་བཤད་པར་བྱ། དགྱེས་པའི་རྡོ་རྗེ་ལྷན་སྐྱེས་སྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་སྟེ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཤཱུ་ནྱ་ནས་སྟོང་བར་སྦྱངས། སྟོང་པའི་


TNT15_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། བསྲུང་བའི་འཁོར་ལོར་གྱུར། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། རང་གི་སྙིང་ནང་དུ་ཉི་མའི་སྟེང་དུ་ཟླ་བ། དེ་གཉིས་ཀྱི་བར་དུ་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་ལུས་ཐམས་ཅད་གང༌། སྡིག་སྒྲིབ་ཐམས་ཅད་དག །རང་ཉིད་ཧེ་རུ་ཀའི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་བ་མི་བསྐྱོད་པས་སྤྱི་བོ་མཚན་པ། ཧཱུཾ་གིས་སྒྲས་འཇིགས་པའང་འཇིགས་པར་མཛད་པ། སྐྲ་སེར་གྱེན་དུ་བརྫེས་པ། ཕྱག་གཡས་རྡོ་རྗེ་རྩེ་དགུ་པ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀའི་ཐད་དུ་འཛིན་པ། མཆན་ཁུང་དུ་ཁ་ཊྭཱཾ་ག་དཀར་པོ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔ་དང་ཐལ་པས་བརྒྱན་པ། གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སམ། གཡས་བརྐྱང་གི་སྟབས་ཀྱིས་པད་ཉི་དབུགས་བྲལ་དང་བཅས་པའི་གདན་ལ་བཞུགས་པ། ཡུམ་རྡོ་རྗེ་བདག་མེད་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པའོ། །གལ་ཏེ་ཡབ་རྐྱང་དུ་བྱེད་ན་སྟག་ལྤགས་ཀྱི་ཤམ་ཐབས་ཅན་དུ་བྱའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་ནས་ལྷའི་


TNT15_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་ཡུན་རིང་དུ་སེམས་འཛིན། སྤྲོ་ན་འཁོར་ལོའི་བཟླས་དམིགས་གསལ་བཏབ་ལ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཅི་ནུས་བཟླ། གལ་ཏེ་རྫོགས་པའི་རིམ་པ་སྒོམ་པར་འདོད་ན། སྙིང་གར་མར་མེ་མཐེ་བོང་ཙམ་གྱི་རྩེ་ལ་འོད་ཟེར་ཕྲ་མོ་རྟ་རྔ་ཙམ་སོར་གཉིས་ཀྱི་ཚད་དུ་འབར་བའི་རྩེ་ལ་ནོར་བུ་ལྗང་ཁུ་གྲུ་གསུམ་སྲན་མ་ཙམ་ལ་སེམས་གཏད། ཉིན་མོ་དེ་ཀླད་རྒྱའི་སྟེང་དུ་བསྒོམ། བྱིང་ན་སྤྱི་བོའི་སྟེང་དང༌། རྒོད་ན་ལྟེ་བར་བསྒོམ། ཐུན་མཚམས་ལ་འཇུག་པའི་ཚེ། ལྷ་སྐུ་འོད་གསལ་དུ་བསྡུས་ཏེ། སླར་ཡང་ལྷ་སྐུར་ལངས་ལ། དགེ་བ་བསྔོ། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། ཕྱོགས་སྐྱོང་བའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་བདུན་གྱིས་གཏོར་མ་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་འཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ། གཤེགས་སུ་གསོལ་བ་སོགས་གཞན་རྣམས་དང་མཐུན་པར་བྱ། རྣལ་འབྱོར་གཞན་རྣམས་ཀྱང་སྤྱི་དང་མཐུན་པ་ཡིན་པས་རིག་འཛིན་པ་རྣམས་ཀྱིས་རྟོགས་པར་བྱའོ། །འདིའི་བྱིན་རླབས་ཀྱི་ཆོ་ག་ནི། མཎྜལ་པདྨ་


TNT15_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་བཞི་ལྟེ་བར་ཉི་གདན་ཚོམ་བུ་དང་བཅས་པ། མཐའ་མཆོད་གཏོར་གྱིས་བསྐོར། ནང་མཆོད་ཞིག་ཀྱང་བཤམས་ལ། མཁའ་འགྲོ་སྤྱི་གཏོར་རམ། ཀྱཻ་རྡོར་གྱི་མངོན་རྟོགས་ལྟར་སྔོན་འགྲོ་གཏོར་མ་བཏང༌། མཆོད་པ་བྱིན་རླབས་བྱ། བདག་བསྐྱེད་བཟླས་པའི་བར་དུ་སོང་ནས། མདུན་བསྐྱེད་བསངས་སྦྱངས། བདག་བསྐྱེད་བཞིན་བསྐྱེད་ལ། ཡེ་ཤེས་པ་བསྟིམ་པའི་བར་བྱ། གཏོར་མ་གོང་བཞིན་འབུལ་བ་ལས། བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེ་ལ། ཞེས་པའི་ཚིག་བོར། འདོད་དོན་གསོལ་བཏབ་ཀྱི་བར། བཟླས་པ་ཅི་ནུས་བྱ། དེ་ནས་མཆོད་བསྟོད་བྱས་ལ། ཀ་པཱ་ལའི་བདུད་རྩི་ལ་དམིགས་ནས་བཟླས་པ་ཅི་ནུས་ཞིག་བྱའོ། །མཐར་འབྲུ་གསུམ་ལན་ཉེར་གཅིག་ཙམ་བརྗོད། བདུད་རྩིར་མོས་པ་ཙམ་ལས་དམིགས་པ་གཞན་མི་དགོས། སློབ་མས་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་སོགས་ཤླཽ་ཀ་གཉིས་དང༌། རྒྱུན་བཤགས་དང༌། རིགས་ལྔའི་སྡོམ་བཟུང་སྤྱི་དང་མཐུན། ཡེ་ཤེས་འཕོ་བ་སྐུའི་རྗེས་གནང་སྤྱི་དང་འདྲ་བ་ཞིག་བྱས་ལ། སློབ་དཔོན་ཀྱཻ་རྡོ་རྗེར་གསལ་བས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །ཞེས་སོགས་བརྗོད་ཅིང༌། ནང་མཆོག་ཐོད་པ་སྤྱི་བོར་བཞག བདུད་རྩི་སྲིན་ལག་གིས་གཏོར་བས། ལུས་གང་བས་བུམ་དབང་ཐོབ་པར་མོས་སུ་གཞུག །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། སོགས་བརྗོད། བདུད་རྩི་བྱིན་ལ་ཇི་ལྟར་བཟླས་པའི་སོགས་བརྗོད་པ་གསང་དབང༌། སློབ་དཔོན་གྱི་ཐུགས་ཀ་ནས་རྡོ་རྗེ་བདག་མེད་མ་སྤྲོས་ཏེ། སློབ་མའི་ལུས་ལ་འཁྱུད་པས་བདེ་སྟོང་སྐྱེས་པར་མོས་སུ་འཇུག དགའ་


TNT15_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྟེར་གནས་དེར་སོགས་བརྗོད། ཤེས་རབ་ཡེ་ཤེས་སོ། །སྟོང་ཉིད་ལ་མཉམ་པར་འཇོག་ཏུ་བཅུག་ལ། ཡེ་ཤེས་འདི་ནི་སོགས་བརྗོད་དེ་དབང་བཞི་པའོ། །དེ་ནས་བཟླས་ལུང་སྦྱིན། དབང་གི་མཐའ་བརྟེན་རྣམས་ཐོབ་པར་མོས། རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲའོ། །ཀུན༵་ཏུ་ཟབ་ཅིང་ཚིག་ཉུང་བ། །རྣལ་འབྱོར་ཅན་རྣམས་དག༵འ་བའི་གནས། །སྤྲོས་པ་ཀུན་སྤངས་སྙིང༵་པོ༵འི་དོན། །སྒྲུབ་ཐབས་འདི་ནི་ངོ་མཚར་རྨད། །ཅེས་པ་དཔལ་ཀྱཻ་རྡོ་རྗེའི་སྙིང་པོའི་ཧེ་རུ་ཀ་ལྷན་སྐྱེས་ཀྱི་སྒྲུབ་པའི་ཐབས་བསྟན་པའི་ལེ་ཚན་ནོ།། །།