དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས།


TNT15_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། གང་འདིར་གཉིས་མེད་ཡེ་ཤེས་ཀྱི། །རིགས་བརྒྱ་རྣམ་དག་དམ་པའི་དངོས། །རྒྱལ་བ་དྲུག་འདུས་རྡོ་རྗེ་སེམས། །དུས་ཀྱི་འཁོར་ལོ་ལ་འདུད་དོ། །འདིར་དུས་འཁོར་ལྷན་སྐྱེས་སྒོམ་པར་འདོད་པས། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བར་བྱ། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་སྐད་ཅིག་གིས་དུར་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷའི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་པ་དཀར་པོ་བསྐུམས་པས་དབང་ཕྱུག་དཀར་པོ་དང༌།


TNT15_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་དམར་པོ་བརྐྱང་བའི་འདོད་ལྷ་དམར་པོའི་སྙིང་གར་མནན་པ། རལ་པའི་ཐོར་ཚུགས་དང༌། ཡིད་བཞིན་གྱི་ནོར་བུ་དང༌། ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། །རྡོ་རྗེའི་རྒྱན་དང་སྟག་གི་པགས་པའི་ཤམ་ཐབས་ཅན། མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེ་ཆུང་ལྗང་ཁུ། ཕྱག་སོར་རྣམས་ཀྱི་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོའོ། །རྡོ་རྗེ་སེམས་དཔས་དབུ་བརྒྱན་ཞིང༌། མེ་རི་ཁ་དོག་སྣ་ལྔ་པའི་དབུས་ན་བཞུགས་པའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཡབ་དང་སྦྱོར་བ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཞིང༌། དབུ་སྐྲ་ཕྱེད་གྲོལ་བའོ། །གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿསེར་པོ། གཙུག་གཏོར་དུ་ཧཾ་ལྗང་ཁུ། གསང་བར་ཀྵ་སྔོན་པོ་རྣམས་སུ་གྱུར། ཨོཾཨཱཿཧཱུཾ་ཧོ་ཧཾ་ཀྵཿ ཞེས་པའོ། །སྙིང་གར་རྣམ་བཅུ་དབང་ལྡན་བརྩེགས་པར་བསམས་ནས། ཨོཾ་སྭཱཧཱ། ཞེས་པ་ཅི་ནུས་བཟླ། ཐུན་མཚམས་སུ་དགེ་བ་བསྔོ། འདི་ལ་གཏོར་བསྔོ་སོགས་མེད་ཀྱང་རུང་ལ། སྤྲོ་ན། ཨོཾ་ཨཱཿཧཱུཾ་ཧྲཱ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧོཿཞེས་བྱིན་གྱིས་བརླབས། སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཡོག་འཁོར་དང༌། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་


TNT15_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །ཞེས་མདུན་དུ་སྤྱན་དྲངས། སྙིང་པོར་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ལ། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིགས་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་གསོལ་བ་བཏབ། རྗེས་སྤྱི་དང་མཐུན། གཏོར་མ་རྒྱས་པ་ལ་དགའ་ན། སྒྲུབ་ཐབས་ཆེན་མོ་རྣམས་སུ་ཤེས་པར་བྱའོ། །འདིར་རྗེས་གནང་སྤྱི་དང་འདྲ་ལ། ཐུགས་ཀྱི་རྗེས་གནང་ཕྱག་མཚན་བསྟིམ་པ་ཉིད་ཡིན་ནོ། །སྒྲུབ་ཐབས་ཀུན༵་ལས་ཆེས་བསྡུས་པ། །བློ་དམན་དག༵འ་བ་བསྐྱེད་པའི་གཞི། །བསྐྱེད་རིམ་སྙིང༵་པོ༵་ཉུང་ངུའི་ངག །འདི་ཡང་འགྲོ་ལ་ཕན་ཕྱིར་བརྩམས། །དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བསྟན་པའི་ལེ་ཚན་ནོ།། །།