རྡོ་རྗེ་འཇིགས་བྱེད་བསྡུས་པའི་སྒྲུབ་ཐབས།


TNT15_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། བསྡུས་པའི་སྒྲུབ་ཐབས་འདི་ཞུགས་ན། །དྲག་ཤུལ་སྤྱོད་པ་མཐའ་དག་ནི། །སྐད་ཅིག་གཅིག་གིས་འགྲུབ་འགྱུར་ཞེས། །དུས་གཞན་ཞིག་ན་བླ་མ་གསུང༌། །སཾ་བུ་ཊི་ནས་བཤད་པའི་འཇིགས་བྱེད་བསྡུས་པ་སྒོམ་པར་འདོད་པས། སྐྱབས་སེམས་ཚད་མེད་བཞི་རྣམས་སྔོན་དུ་བཏང་ནས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་ཙམ་གྱིས་བསྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ། པད་ཉི་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་རྡོ་རྗེ་འཇིགས་བྱེད་དུས་མཐའི་སྤྲིན་ལྟར་ནག་པ། ཞལ་བཞི་ཕྱག་བརྒྱད་ཞབས་བཞི་པ། རྩ་བའི་ཞལ་མ་ཧེའི་གདོང་མཐིང་ནག གཡས་དཀར་གཡོན་དམར། སྟེང་ཞལ་འཇམ་པའི་དབྱངས་ཀྱི་ཞལ་སེར་པོའོ། །ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེས་མཚན་པའི་གཏུན་ཤིང་དང༌། རལ་གྲི་དང༌། འཁོར་ལོ་དང༌། ཅང་ཏེའུ་འཛིན་པ། གཡོན་པ་རྣམས་ཀྱིས་ཁ་ཊྭཱཾ་ག་དང༌། ཐོད་པ་དང༌། མདའ་གཞུ་དང༌། ཞགས་པ་བསྣམས་པ། ཞབས་བཞི་གཡོན་བརྐྱང་དང་གར་སྟབས་ཀྱིས་བདུད་བཞི་མནན་པ། ཐོད་སྐམ་གྱི་དབུ་རྒྱན་དང༌། མགོ་བོའི་ཕྲེང་བ་དང༌། རུས་པའི་རྒྱན་དྲུག་ལ་སོགས་པ་རྒྱན་རྣམས་རྫོགས་པ། ལིང་ག་གྱེན་དུ་བསྒྲེང་བ། སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་འགྱེད་པ། མེ་


TNT15_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་འབར་བའི་དབུས་ན་བཞུགས་པའོ། །མིག་ཏུ་ཀྵིཾ། རྣ་བར་ཛྲིཾ། སྣ་ལ་ཁཾ། ལྕེ་ལ་གཾ དཔྲལ་བར་སྐཾ། ལྟེ་བར་སཾ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རྡོ་རྗེ་འཇིགས་བྱེད་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རང་ལ་དབང་བསྐུར། ཛཿཧཱུཾ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། རང་གི་མདུན་དུ་རཾ་ལས་རྡོ་རྗེ་སྲིན་པོ་རལ་གྲི་དང་ཐོད་པ་འཛིན་པ་ཁྱིའི་གདོང་ཅན། དེའི་གཡས་སུ་ཡ་ལས་གཤིན་རྗེ་ནག་པོ་བེ་ཅོན་ཐོགས་པ། གཡོན་དུ་མ་ལས་དུས་མཚན་མ་ནག་མོ་རྩེ་གསུམ་འཛིན་པ་རྣམས་བཀའ་ཉན་གྱི་ཚུལ་དུ་བསྒོམ་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ནང་མཆོད་བྱིན་གྱིས་བརླབས་ཏེ། སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་མྱང༌། ཧཱུཾ། དུར་ཁྲོད་རྒྱན་གྱིས་སོགས་ཀྱིས་བསྟོད། སྙིང་གར་རྒྱུའི་འཇམ་དཔལ་དང༌། ཏིང་འཛིན་སེམས་དཔའ་བསྒོམ། བཟླས་པའི་དམིགས་པ་གསལ་བཏབ་ནས། ཡི་གེ་བཅུ་པ་གཙོ་བོ་གྱུར་པའི་སྔགས་གསུམ་ཀའང་བཟླའོ། ཁྱད་པར་ཨོཾ་བཛྲ་རཀྵ་ས་བྷཀྵ་ས། ཨི་ཏི་ཕཊ། ཅེས་པ་དང༌། ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། བྷྱོཿཁཱ་ལ་རཱ་ཏྲི་བྷྱོཿ ཞེས་པ་རྣམས་ཀྱང་ཅི་འགྲུབ་བཟླ། གཙོ་བོའི་སྔགས་ཧྲཱིཿཥྟཱིའི་ཡི་གེ་བཅུ་བཞི་པ་བཟླ་བར་ཡང་རྒྱུད་ནས་གསུངས་སོ། །འཁོར་མ་གཤིན་གཉིས་བསྒོམ་པ་ནི། རྒྱུད་ན་མི་གསལ་ཡང་བླ་མའི་མན་ངག་ཡིན་ནོ། །རྒྱུད་ཀྱི་དངོས་བསྟན་ལྟར་ན། འཁོར་རྡོ་རྗེ་སྲིན་པོ་གཅིག་པུའོ། །འཇུག་ཏུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། གཏོར་མའི་ཆོ་ག་ནི་གཤེད་དམར་


TNT15_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་ཀྱི་སྒྲུབ་ཐབས་བཞིན་ཏེ། འཁོར་རྣམས་ལ་རང་སྔགས་ཀྱིས་དབུལ་བར་བྱའོ། །འདིའི་བྱིན་རླབས་ཀྱི་ཆོ་ག་ནི། སྟེགས་བུ་ཡངས་པ་ལ་རྡུལ་ཚོན་ནག་པོ་ཆོས་འབྱུང་མཐིང་ག་བྲི་ཞིང༌། མེ་རིས་བསྐོར། ཕྱི་རོལ་ཟླུམ་སྐོར་ཡང་རྡོ་རྭ་དང་མེ་རིས་བསྐོར་ཞིང༌། གྲུ་བཅད་ཁ་དོག་དམར་པོས་བྱ། དབུས་སུ་ཉི་གདན་ལ་ཚོམ་བུ་ནག་པོ་ལྔ་དགོད། སྟེང་དུ་མཉྫི་ལྔ་ཚོམ་ལ། དབུས་སུ་ཐོད་པ་དམ་རྫས་དང་བཅས་པའི་དཀྱིལ་དུ་འཁྲུལ་འཁོར་དང༌། རལ་གྲི་གཙུགས། ཕྱོགས་བཞིར་དམར་གཏོར་རེ་འགོད། མདུན་དུ་འབུལ་གཏོར་གཉིས། ཕྱི་མཆོད་ནང་མཆོད། ཁྲག་གི་ཨརྒྷཾ་དང༌། ཤ་ཆེན་གྱི་བདུག་སྤོས། ཤ་རུས་ཀྱི་ཞལ་ཟས་རྣམས་ཁྱད་པར་དུ་བཤམས། སྔོན་འགྲོ་གཏོར་མ་དང་གནས་ཡོ་བྱིན་རླབས་སྔོན་དུ་འགྲོ་བས། བདག་བསྐྱེད་ལྷ་བཞི་གོང་བཞིན་བྱས་ལ། བཟླས་པ་ཅི་འགྲུབ་ཞིག་བྱའོ། །མདུན་བསྐྱེད་བསངས་སྦྱངས། ཚོམ་བུ་དང་དམ་རྫས་རྣམས་གཉིས་སུ་མེད་པར་དམིགས་ལ། གོང་བཞིན་གཙོ་བོ་བསྐྱེད་པའི་རྗེས་སུ། རང་གི་མདུན་དུ་ནས། རྩེ་གསུམ་འཛིན་པ། རྒྱབ་ཏུ་ཧཱུཾ་ལས་ནག་པོ་ཆེན་པོ་སྲིན་པོའི་གཟུགས་ཅན། གཡས་གྲི་གུག་དང༌། གཡོན་ཐོད་ཁྲག་འཛིན་པ། ཞེས་བསྐྱེད། མིག་ཏུ་ཀྵིཾ་ནས། ཛཿཧཱུཾ་བཾ་ཧོཿའི་བར་གོང་དང་འདྲ་བ་ལས། འཁོར་དང་བཅས་པ་སྤྱན་འདྲེན་པ་དང༌། གཙོ་འཁོར་ཐམས་ཅད་ལ་མི་བསྐྱོད་པས་དབུ་བརྒྱན་པ་ནི་ཁྱད་པར་རོ། །ཕྱི་མཆོད་ནང་མཆོད་བསྟོད་པ་རྣམས་བྱས་ལ། བཟླས་པ་ཅུང་ཟད་བྱ། ཡི་དམ་གྱི་གཏོར་མ་ཕུལ་ལ། དེའི་ལྷག་མ་རྡོ་རྗེ་སྲིན་པོ་སོགས་འཁོར་གསུམ་ལ་རང་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པས་ཕུལ།


TNT15_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་གཉིས་པ། ཨོཾ་མཧཱ་ཀཱ་ལ་རཱུ་པ་ཤ་ཧཱུཾ་ཕཊ། ཅེས་པ་ལ། ཤཱ་ས་ན་བཏགས་ལ། ནག་པོ་ཆེན་པོ་ལ་འབུལ་ཞིང༌། དེའི་ལྷག་ཕྱོགས་སྐྱོང་བཅུ་ལ་འབུལ། ཐམས་ཅད་ལ་སྤྱི་མཐུན་དུ། མཆོད་བསྟོད་འདོད་དོན་གསོལ་བ་བཏབ། རྫའི་བུམ་པ་ཞིག་ཁྲག་དང་ཆང་བསྲེས་པའི་སྤོས་ཆུས་བཀང༌། ནག་པོར་བྱུག ཁ་རྒྱན་མི་དགོས། ཐོད་པ་ཆང་གིས་བཀང་བའི་ཁ་བཅད། དེའི་དབུས་སུ་ལྷ་ལྔ་པོ་སྐད་ཅིག་གིས་གསལ་བཏབ་ནས་སྔགས་བརྒྱ་བརྒྱ་བཟླའོ། །ཀ་པཱ་ལའི་མྱོས་བྱེད་སོ་སོའི་སྔགས་ཀྱི་མཐར། འབྲུ་གསུམ་བཏགས་པས་ཕུལ། རྡོ་རྗེ་ཕྲེང་བ་ཞིག་ལ་གཙོ་བོའི་སྔགས་ལན་བརྒྱ་བཟླ་ཞིང༌། ཧཱུཾ་ལས་བྱུང་བ་རྒྱལ་བ་མི་བསྐྱོད་པའི་བདག་ཉིད་དུ་མོས། ཨོཾ་ཨཱཿབཛྲ་དྷྲིཀ་ཧཱུཾ་སྭཱཧཱ། ཞེས་པའང་བརྒྱ་བརྒྱ་བཟླའོ། །དེ་ནས་སློབ་མ་རྣམས་ལ་བགེགས་སྦྱང་བ་དང༌། སྡིག་པ་སྦྱང་བ་དང༌། ཁྲུས་རྣམས་སྔོན་དུ་སོང་ནས། སེམས་བསྐྱེད་གསལ་བཏབ་ནས་ཆོས་བཤད་བྱ། སློབ་མས་མཎྜལ་ཕུལ། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་བཏབ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ་སོགས་ཀྱིས་དམ་ལ་བཞག དཀྱིལ་ཆོག་ལས་འབྱུང་བ་ལྟར་ཡེ་ཤེས་དབབ་པ་བྱ། ལྷ་ངོ་བསྟན། ཨེ་མ་ཧོ་སངས་རྒྱས་སློབ་དཔོན་ཆེ། །ཨེ་མ་ཧོ་ཆོས་དང་ཚོགས་ཀྱི་མཆོག །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཞེས་ལན་གསུམ། དེ་ནས་སློབ་མ་གཙོ་བོར་བསྐྱེད། སྙིང་གར་གཙོ་བོ་དང༌། ལྟེ་བར་འཇིག་རྟེན་པ་བཞི་བསྒོམ། རེ་རེ་བཞིན་བཟླས་ལུང་ཕོག རེ་རེ་བཞིན་སྔགས་བཟླས་པའི་བུམ་པའི་ཆུས་དབང་ལན་ལྔ་བསྐུར། གཙོ་བོའི་དམ་རྫས་དང༌། འཁོར་


TNT15_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་གཏོར་དབང་ཡང་རིམ་པ་བཞིན་དུ་བྱ། རྡོ་རྗེ་འཕྲེང་བ་ལ་མེ་ཏོག་སྣ་ཚོགས་བཅིངས་ཏེ། སློབ་མའི་མགོ་བོར་དབང་བསྐུར་ཏེ། ཨུ་དུམ་ཝ་ར་མནྡ་ར། །ཞེས་སོགས་བརྗོད། ཐོད་པའི་དབུས་ཀྱི་རལ་གྲི་ལག་ཏུ་གཏད་ལ། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །སོགས་རྡོར་དྲིལ་གཏད་ལ། ཤེས་རབ་ཐབས་ཀྱི་རང་བཞིན་བདག །སོགས། བདུད་རྩི་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་ནང་མཆོད་སྦྱིན་ལ། བཏུང་བ་རིན་ཆེན་སོགས་བརྗོད། གཤིན་རྗེའི་འཁོར་ལོ་ལག་ཏུ་གཏད་ལ། ཨེ་མ་ཧོ་གསོད་པ་འདི་ནི་བཟང༌། །སོགས་བརྗོད་དོ། །སློབ་མའི་རྗེས་ཀྱི་བྱ་བ་སྤྱི་དང་འདྲ་ཞིང༌། ཚོགས་འཁོར་གྱི་ཆོ་གས་ཚོགས་བཏང༌། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བའང་གཞན་གྱིས་འགྲེའོ། །ཀུན༵་ལ་ཡོངས་སུ་མ་གྲགས་ཀྱང༌། །རྒྱུད་དོན་ཤེས་པ་རྣམས་དག༵འ་བ། །མཁས་པའི་སྙིང༵་ལ་ཞེན་པ་ལྟར། །གསལ་པོ༵ར་བཀོད་པ་འདི་ཉིད་དོ། །རྡོ་རྗེ་འཇིགས་བྱེད་བསྡུས་པའི་སྒྲུབ་ཐབས་བསྟན་པའི་ལེ་ཚན་ནོ། །སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་དཀྱིལ་འཁོར་གྱི་གཙོ་བོ་རྣམས་ཀྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཞི་པའོ།། །།མངྒ་ལཾ། །