ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བའི་སྒྲུབས་ཐབས།


TNT15_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་བཛྲ་དྷཱ་རཱ་ཡ། ད་ནི་ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བའི་སྒྲུབས་ཐབས་ཉམས་སུ་ལེན་བར་འདོད་པས། འདིར་འཆད་པར་འདོད་པའི་སྒྲུབ་ཐབས་རྣམས་ལ་ནན་ཏན་ཏུ་སྒྲུབ་པར་བྱ་སྟེ། གང་ལ་གང་མོས་པ་དེ་དང་དེ་ཡིས་བྱའོ། །དཔལ་ལྡན་འགྲོ་ཀུན་སྒྲོལ་བའི་མགོན། །བླ་མ་མཆོག་དང་མི་གཡོ་བ། །དབྱེར་མེད་དེ་ལ་གུས་བཏུད་ནས། །སྒྲུབ་ཐབས་རིམ་པ་རྣམས་བཤད་བྱ། །དང་པོར་མི་གཡོ་སྔོན་པོ་པུས་བཙུགས་བསྒོམ་པར་འདོད་པ་ལ་དེའི་སྒྲུབ་ཐབས་བཤད་པར་བྱའོ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ལུས་འོད་ཀྱི་ཕུང་པོ་རང་གི་སྙིང་གའི་ནང་དུ་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་སྔོན་པོ་འོད་འབར་བ། དེ་ལས་འོད་ཟེར་འཕྲོས། ལུས་གང་ཞིང་སྡིག་སྒྲིབ་ཐམས་ཅད་སྦྱངས། ཕྱིར་འཕྲོས། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས་རང་ཉིད་གཏུམ་པོ་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་ཟར་མའི་མེ་ཏོག་ལྟར་སྔོ་བའམ། དུས་མཐའི་སྤྲིན་ལྟར་གནག་པ། ཞལ་གཅིག་ཕྱག་གཉིས་གཡས་ཡེ་ཤེས་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་རྡོ་རྗེ་ཞགས་པ་སྡིགས་མཛུབ་ལ་ལན་གཉིས་སུ་དཀྲིས་ཤིང་ཐུགས་ཀར་གཏོད་པ་ཞབས་གཡོན་གྱི་པུས་མོ་དང༌། གཡས་ཀྱི་མཐིལ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བཞེངས་སྟབས་ཀྱི་ཚུལ་དུ་བཞུགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་གྱི་


TNT15_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་སྟེང་དུ་གཟིགས་པ། ལྷའི་བུའི་བདུད་ཚར་གཅོད་ཅིང༌། གཡོན་པ་འོག་ཏུ་གཟིགས་པས་ལྷ་མིན་དང་ཀླུའི་གདོན་འདུལ་བ་དང༌། དབུས་ཐད་ཀར་གཟིགས་པས་ས་སྟེང་གི་བགེགས་ཐམས་ཅད་འཇོམས་པ། ཆེར་འཁྲུགས་ཤིང་ཁྲོས་པས་ཁྲོ་གཉེར་བསྡུས་ཤིང༌། ཡ་སོས་མ་མཆུ་མནན་པས་མཆེ་བ་རྣམ་པར་གཙིགས་པ། དབུ་སྐྲ་སེར་པོ་ཐོར་ཚུགས་སུ་བཅིངས་ཤིང་ཟུར་ཕུད་ལྔ་དང་ལྡན་པ། སངས་རྒྱས་མི་བསྐྱོད་པས་དབུ་ལ་བརྒྱན་པ་དར་སྣ་ཚོགས་པའི་ཤམ་ཐབས་དང༌། རིན་པོ་ཆེའི་རྒྱན་དང༌། སྦྲུལ་དཀར་པོ་སེ་རལ་ཁར་བྱས་པ། ཤིན་ཏུ་འཇིགས་པའི་སྐུ་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །འདི་ལ་དབུ་སྐྲ་ནག་པོ་བྱས་ཀྱང་རུང་ཞིང༌། བྱེ་བྲག་ཏུ་ཀླུའི་གདོན་འདུལ་བར་འདོད་ན། པུས་མོ་གཡས་བཙུགས་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཐོད་སྐམ་གྱི་དབུ་རྒྱན་དང༌། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་བྱེད་ཅེས་གསུང༌། དེ་ནས་རང་གི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་པད་ཉི་ལ་གནས་པའི་ཧཱུཾ་ནས་འབྲུ་ཙམ། སྤྲོ་ན་གནས་གསུམ་བྱིན་རླབས་དང༌། ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ་དང༌། དབང་བསྐུར་རྒྱས་བཏབ་རྣམས་ཀྱང་བྱ་ལ། བསྡུ་ན་ལྷའི་རྣལ་འབྱོར་གྱི་བྱ་བ་ནི། དེ་ཉིད་ཀྱིས་འགྲུབ་པ་ཡིན་ནོ། །ཏིང་ངེ་འཛིན་སེམས་དཔའི་མཐར་སྔགས་ཀྱིས་བསྐོར་བ། དེའི་འོད་ཀྱིས་བདག་གི་སྡིག་སྒྲིབ་སྦྱངས། གདོན་བགེགས་ཐམས་ཅད་ཚར་བཅད། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ། བྱིན་


TNT15_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་འོད་ཟེར་གྱི་རྣམ་པས་བདག་ལ་ཐིམ། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་ཇི་སྲིད་མི་སྐྱོའི་བར་དུ་བཟླའོ། །འབུམ་ཕྲག་བརྒྱད་ཅུ་བཟླས་པས་ལས་ཐམས་ཅད་འགྲུབ་པར་འགྱུར་ཞིང༌། བྱང་ཆུབ་སྒྲུབ་པ་ལ་ནི་ཚད་མེད་དོ། །རྗེས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོའོ། །གཏོར་མ་དཀར་གཏོར་ལེགས་པར་བཤམས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད། དེའི་ནང་དུ་ཨ་ལས་ལྷའི་བདུད་རྩིས་གང་བ། དེའི་དབུས་སུ་ཧཱུཾ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས་བྱིན་གྱིས་བརླབས། སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས། བཅོམ་ལྡན་འདས་མི་གཡོ་བ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། སྙིང་པོའི་མཐར། ཨཱརྻ་ཨ་ཙ་ལ་ས་པ་རི་ཝཱ་ར་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་བདུན་གྱིས་ཕུལ། བཛྲ་པུཥྤེ་ནས་ནཻ་ཝི་ཏེའི་བར་གྱིས་མཆོད། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཀྱང༌། །སྤྲུལ་པའི་གཟུགས་ཀྱི་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོ་འགྲོ་བ་ཀུན་སྒྲོལ་ཞིང༌། །སྲིད་པ་གསུམ་ན་དགྱེས་པའི་གར་མཛད་པ། །སྲིད་པའི་ཆུ་བོ་སྐེམས་ཤིང་བདུད་རྣམས་འཇོམས། །སྲིད་པའི་རླུང་གིས་མི་གཡོ་ཐུགས་རྗེའི་མགོན། །རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་མི་གཡོ་བ་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཡི་གེ་བརྒྱ་བས་ལྷག་ཆད་ཁ་བསྐང༌།


TNT15_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབྱོར་བ་དང་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་མཐར། བཛྲ་མུཿ གཤེགས་སུ་གསོལ། འདིའི་རྗེས་གནང་ནི། མཎྜལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་ལ་ཚོམ་བུ་སྔོན་པོ་ཞིག་བཀོད། མ་འགྲུབ་ན་མཎྜལ་ལ་འབྲུའི་ཚོམ་བུ་བཀོད་ཀྱང་རུང༌། དཀར་གཏོར་ཆ་གཉིས་དང༌། མཆོད་པ་སྤྱི་དང་མཐུན་པར་བཤམ། བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མདུན་བསྐྱེད་ཀྱང་སྟོང་པར་སྦྱངས་བ་ནས་བརྩམས་ཏེ། བཟླས་པའི་བར་དུ་བྱས་ནས། གཏོར་མ་བྱིན་གྱིས་བརླབས་ཏེ་འབུལ་བ་ནས། འདོད་དོན་གསོལ་བཏབ་ཀྱི་བར་དུ་བྱས། དཀར་གཏོར་གཉིས་ཕྱོགས་སྐྱོང་དང་གཞི་བདག་ལ་བསྔོ། རྗེས་གནང་དངོས་ནི། ཁྲུས་བྱ་ཆོས་བཤད་མཎྜལ་འབུལ། །དུས་གསུམ་ཞེས་སོགས་གསོལ་བ་བཏབ། །གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། །དངོས་གཞི་རྗེས་གནང་གཞི་འགོད་དང༌། །ལུང་གསུམ་སྦྱིན་པ་དེ་རྗེས་སུ། །ཕྱག་མཚན་བསྟིམ་པར་མཛད་པ་ཡིན། །དམ་ཚིག་ཁས་བླངས་མཎྜལ་དང༌། །དེང་ནས་ཞེས་སོགས་ཡོན་འབུལ་ལོ། །རྗེས་ཆོག་མཆོད་པ་ཁ་གསོས་ནས། །མཆོད་བསྟོད་དངོས་གྲུབ་བླང་བ་དང༌། །ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ་དང༌། །སྨོན་ལམ་གདབ་ཅིང་བཀྲ་ཤིས་བྱ། །ཞེས་པའི་སྡོམ་ཚིག་བློ་ལ་ངེས་པར་བྱ་སྟེ། ཕྱག་མཚན་བསྟིམ་པ་ཙམ་མ་གཏོགས་ལག་ལེན་སྒྲུབ་ཐབས་བརྒྱ་རྩ་བཞིན་ཡིན་ནོ། །འདིའི་ཁྱད་པརགྱི་བྱིན་རླབས་ཆུ་སྲུང་བྱེད་ཐབས་ནི། ཐོ་རངས་སྐར་ཁོངས་གཉིས་གསུམ་ཙམ་ལ་བུམ་པ་གཙང་མར་ཆུའི་གཏིང་ནས་ཆུ་བླངས་ཏེ་ནམ་མཁའ་མ་མཐོང་བར་བྱ། སྔར་གྱི་རྗེས་གནང་དང་འབྲེལ་བར་བྱེད་ན། ཤིན་ཏུ་ལེགས། ཐོག་མཐའ་གང་དུ་བྱས་ཀྱང་ཆོག ལོགས་སུ་བྱེད་ན་


TNT15_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ཕུལ། དུས་གསུམ་སངས་རྒྱས་སོགས་ཀྱིས་གསོལ་བ་བཏབ། བླ་མའི་ལག་པ་གཡས་ཀྱིས་བུམ་པའི་ཁ་བཅད། ན་མཿཙཎྜ་མཧཱ་རོ་ཥ་ཎཱ་ཡ། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ། ཀྵཾ་ཏྲཾ། ཏྲཱ་ས་ཡ། ཏྲཱ་ས་ཡ། སཾ་ཏྲཱ་ཡ་སཾ་ཏྲཱ་ཡ། ཧཱུཾ་ཧཱུཾ་ཧཱུཾ༌། ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་བརྒྱ་རྩ་བཟླའོ། །བླ་མ་མི་གཡོ་བར་སྒོམ་དུ་གཞུགསློབ་མས་མེ་ཏོག་བཟུང་ལ། ཐལ་མོ་སྦྱར། སྔགས་དེའི་རྗེས་ཟློས་ལན་གསུམ་བྱ། བླ་མས་ལན་བདུན་བཟླས་ལ། སློབ་མའི་ལག་པ་གཡས་པར་བླུག་ལ་འཐུང་དུ་གཞུགརྗེས་ཟློས་དང་འཐུང་ཐེངས་ལན་གསུམ་བྱས་ལ། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི་ནས། འཇུག་པར་གྱུར་ཅིག་གི་བར་བྱིན་གྱིས་བརླབས་པའི་ལུང་སྤྱི་དང་མཐུན་པར་བྱས་ནས་གཏང་རག་གི་ཡོན་འབུལ་བ་སོགས་བྱའོ། །དེ་ཐོབ་ནས་རང་གིས་ཆུ་སྲུང་ཉམས་སུ་ལེན་ན། ཆུ་ལ་སྔགས་བརྒྱ་རྩ་བཟླས། དེ་ཁྲུས་བྱ། ལག་པ་གཡས་པར་ཆུ་བླུག་ལ་གཡོན་པས་དེའི་རྒྱབ་ནས་མཉེ། སྔགས་ལན་གསུམ་བཟླས་ནས་འཐུང༌། དེ་འདྲ་ལན་གསུམ་བྱའོ། །ཀུན༵་ནས་ཟབ་ཅིང་རྙེད་དཀའ་བ། །རབ་དག༵འ་ཁྲོ་བོ་གཏུམ་པོ་ཡི། །སྒྲུབ་ཐབས་སྙིང༵་པོ༵་བསྡུས་པ་འདི། །བདུད་བཞིའི་གཡུལ་ལས་རྒྱལ་ཕྱིར་ཡིན། །ཅེས་པ་ནི་རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས་ནང་གི་བར་ཆད་སེལ་བ་མི་གཡོ་བ་སྔོན་པོ་ཕྱག་གཉིས་པ་པུས་བཙུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱལ་འཕེལ། །