དཔལ་ལྡན་རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས།


TNT15_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལྡན་རྡོ་རྗེ་གཏུམ་པོ་ནི། །བློ་འཕེལ་དཀར་པོའི་ཚུལ་འཛིན་པ། དེ་ལ་བཏུད་ནས་དེ་སྒྲུབ་ཐབས། །མདོར་བསྡུས་ཙམ་ཞིག་བྲི་བར་བྱ། །བཅོམ་ལྡན་འདས་གཏུམ་པོ་དཀར་པོས་སྒྲུབ་པ་ལ། འཇུག་པ་དང་སྦྱོར་བ་གཉིས་ལས། དང་པོ་ནི། སྒྲུབ་པ་པོས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། འགྲོ་རྣམས་བསྒྲལ་འདོད་སོགས་སྐྱབས་སེམས་ལན་གསུམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ། ཨ་ལས་ཟླ་བ་རཾ་ལས་ཉི་མ་རྣམས་བརྩེགས་པའི་སྟེང་དུ། རང་གི་རྣམ་ཤེས་ཧཱུཾ་དཀར་པོ་ལས་འོད་འཕྲོས། མི་ཤེས་པའི་མུན་པ་བསལ། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་བསྡུས། སླར་འདུས་པ་ལས་རང་ཉིད་གཏུམ་པོ་དཀར་པོ་སྐུ་མདོག་གངས་ལ་ཉི་མ་ཤར་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་པ། ཞབས་གཡོན་པའི་པུས་མོའི་ལྷ་ང་དང༌། གཡས་པའི་མཐིལ་ཉི་མའི་གདན་ལ་བརྟེན་པ། ཕྱག་གཡས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་རལ་གྲི་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་དེ། རྡོ་རྗེ་ཞགས་པ་ལན་


TNT15_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་དཀྲིས་པའི་སྣེ་གཉིས་ཕྲག་གོང་དུ་ལྡིང་བ། དམར་ལ་ཟླུམ་པའི་སྤྱན་གསུམ་སྟེང་འོག་བར་དུ་གཟིགས་ཤིང་བགྲད་པ། མཆེ་བ་མ་མཆུའི་སྟེང་དུ་གཙིགས་པ། དབུ་སྐྲ་སྨ་ར་སྨིན་མ་དམར་སེར་གྱེན་དུ་འབར་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པ། སྦྲུལ་གྱི་སྐེ་རགས་བཅིངས་པ། དར་གྱི་ཤམ་ཐབས་ཀྱིས་སྐུ་སྨད་མཛེས་པར་བྱས་ཤིང༌། སྤྱི་བོར་མི་བསྐྱོད་པ་དཀར་པོ་བཞུགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མདུན་དུ་གྲུ་གང་ཙམ་ལ་པད་ཉིའི་སྟེང་དུ་རང་འདྲ་བའི་བཅོམ་ལྡན་འདས་བསྐྱེད། སྤྲོ་ན་གཉིས་ཀ་ལ་ཡེ་ཤེས་དགུག་གཞུག་དབང་བསྐུར་རྒྱས་བཏབ་ཀྱང་བྱའོ། །གཉིས་པ་ནི། སྙིང་གར་ཉི་དཀྱིལ་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བཅུ་པ། ལྟེ་བ་མུ་ཁྱུད་དང་བཅས་པ་གཡས་བསྐོར་དུ་འཁོར་བ། དེའི་ལྟེ་བར་ཧཱུཾ། རྩིབས་བཅུ་ལ། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ་བསམས་ཏེ། སྲོག་རྩོལ་ནས་གྲངས་བསྙེན་པ་ཅི་རིགས་བྱའོ། །ཕྱི་བཟླས་སོ། །ནང་བཟླས་ནི། བདག་གི་སྙིང་གར་ཧཱུཾ་ཡི་གེ་བཅུ་པོ་ཞལ་ནས་ཐོན་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། ཐུགས་ཀར་འཁོར་ལོ་བཞིན་དུ་བསམ། སླར་མདུན་གྱི་ལྷའི་ལྟེ་བ་ནས་ཐོན། བདག་གི་ལྟེ་བར་ཞུགས། སྙིང་གའི་འཁོར་ལོ་ལ་ཐིམ་པར་བསམས། སྲོག་རྩོལ་བསྡམས་ལ་བཟླའོ། །ཨོཾ་ཨཱརྻ་ཨ་ཙ་ལ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། རབ་མཛེས་གངས་ཀྱི་བུ་མོ་ཉི་གཞོན་གྱིས། །འཁྱུད་པའི་སྐུ་བརྙན་འཛུམ་ཁྲོ་བརྗིད་པའི་གར། །པདྨ་གཞོན་ནུ་ཉིན་བྱེད་ལྟ་བུའི་སྟེང༌། ཁྱོད་ཞབས་པུས་བཙུགས་ལྕིད་ཀྱིས་འགྱིང་


TNT15_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བརྫིས། །རབ་ཟླུམ་སྤྱན་གསུམ་སྟེང་འོག་བར་གཡོ་ཞིང༌། །མཆེ་གཙིགས་མ་མཆུའི་སྟེང་ན་རྗེས་རྩེན་པ། །རལ་གྲིས་འདེབས་ཤིང་ཞགས་པས་འཆིང་བའི་ཚུལ། །བདུད་བཞིའི་དགྲ་དཔུང་མ་ལུས་འཇོམས་པར་མཛད། །རབ་བཀྲའི་སྟག་ལྤགས་དར་གྱིས་དཀྲིས་པའི་གོས། །སྨད་གཡོགས་སྦྲུལ་ལྗང་སྐེད་ཆིངས་བརྟེན་པའི་ཚུལ། །རང་འོད་ལས་བྱུང་མེ་འོད་འཁྱིལ་བའི་ཀློང༌། །གཡས་བསྐུམ་ཞབས་མཐིལ་འཁོར་ལོས་མནན་པའི་སྟབས། །རབ་གུས་ལུས་ཀྱི་བ་སྤུའི་བླ་གོས་གཡོ། །ངག་ཚིག་སྨྲ་བའི་སྙན་ངག་དབྱངས་སུ་འཚེར། །ཡིད་གཉིས་མ་མཆིས་སྙིང་ནས་སྐྱབས་མཆིས་པས། །དེང་ནས་བྱང་ཆུབ་བར་དུ་བརྩེ་བས་སྐྱོངས༌། །རབ་བརྗིད་ཡིད་འཕྲོག་ལྷ་ཁྱོད་བདག་བསྒྲུབ་ན། །སྟོང་ཉིད་བློ་དང་རྗེས་འབྲེལ་སྙིང་རྗེ་དང༌། །འཆད་རྩོད་རྩོམ་པའི་སྤོབས་པ་དགེ་བ་ཅན། ཁྱེད་ཀྱིས་མཐུ་ལས་གེགས་མེད་མངོན་གྱུར་ཤོག །མདུན་གྱི་ལྷ་རྟེན་ནམ་རང་གི་སྙིང་གར་ཐིམ། དགེ་བ་བསྔོ། གཏོར་ཆོག་ནི་མི་གཡོ་བ་སྔོན་པོ་པུས་བཙུགས་ཀྱི་སྐབས་དང་འདྲའོ། །འདིའི་རྗེས་གནང་བྱེད་པར་འདོད་པས། ཐུན་མོང་བ་ནི་རྗེས་གནང་སྤྱི་དང་འདྲ་བ་ལས། གསུང་ལ་སྔགས་འཁོར་བསྟིམས་པ་དང༌། ཐུགས་ལ་ཕྱག་མཚན་དཀར་པོ་བསྟིམ་པ་ཉིད་ཡིན་ཞིང༌། ཐུན་མོང་མ་ཡིན་པ་ཟབ་མོའི་ལུགས་ནི། མཎྜལ་པདྨ་འདབ་བརྒྱད་དཀར་པོ་ཞིག་བྲི། དེའི་དབུས་སུ་ལུགས་སྐུའམ། ཙ་ཀ་ལི་བཞུགས་སུ་བཅུགགཡས་སུ་མེ་ཏོག་དཀར་པོ། གཡོན་དུ་དྲི་བཟང་གི་ཆུ་སྣོད་བཞགམཐའ་མཆོད་གཏོར་གཙང་མས་བསྐོར། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། ཚད་མེད་བཞི་ནས།


TNT15_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་ཐིམ་གྱི་བར་བདག་བསྐྱེད་གོང་བཞིན། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་སྐུ་གཟུགས། མེ་ཏོག་དྲི་བཟང་གསུམ་ཀའི་གནས་སུ་པཾ་གསུམ་ལས། པདྨ་དཀར་པོ་གསུམ་ཨ་གསུམ་ལས་ཟླ་བ་གསུམ། རཾ་གསུམ་ལས་ཉི་མ་གསུམ་རྣམས་སོ་སོར་བརྩེགས་པའི་སྟེང་དུ་ཧཱུཾ་དཀར་པོ་རེ་རེ། དེ་རྣམས་ཡོངས་སུ་གྱུར་པ་ལས་སྐུ་ཡོངས་སུ་རྫོགས་པ་གསུམ་དུ་གྱུར་པ་ནི། གཏུམ་པོ་དཀར་པོ་ཞེས་པ་ནས། ཐུགས་ཀར་ཧཱུཾ་གིས་བར་གོང་བཞིན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཡེ་ཤེས་སེམས་དཔའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར། སྐུ་གང་དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། རྟེན་གསུམ་པོ་ལ་དམིགས་ནས་སྔགས་བརྒྱ་རྩ་རེ་རེ་བཟླའོ། །མེ་ཏོག་དང་དྲི་བཟང་གི་གནས་སུ་བཞུགས་པའི་མི་གཡོ་བ་འོད་དུ་ཞུ་སྟེ། ཤེས་རབ་སྤེལ་བའི་རྫས་ཁྱད་པར་ཅན་དུ་གྱུར། ཨོཾ་ཨཱཿཧཱུཾ། ལན་མང་དུ་བརྗོད། གསུམ་ཀ་ལ་དམིགས་ནས་ཡི་གེ་བརྒྱ་པ་ཚར་རེས་བརྟན་པར་བྱ། བར་འདིར་གཏོར་མ་འབུལ། བདག་བསྐྱེད་ལྟར་མཆོད་བསྟོད་བྱ། སློབ་མས་མཎྜལ་ཕུལ། རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་བཏབ་དང༌། རྒྱུན་བཤགས་སྤྱི་དང་མཐུན། སྐུའི་རྗེས་གནང་སྤྱི་དང་མཐུན་པར་གྲུབ་པའི་རྗེས་སུ་སྐུ་གཟུགས་སྤྱི་བོར་བཞག་པའི་རྗེས་སུ་སྙིང་པོ་བརྒྱ་རྩ་བཟླ། མདུན་བསྐྱེད་ཡེ་ཤེས་པའི་ཚུལ་དུ་ཐིམ་པར་མོས། བཟླས་ལུང་སྤྱི་དང་མཐུན་པར་བྱིན་པ་ལས། སློབ་དཔོན་གྱི་འཕྲེང་བ་སློབ་མའི་མགུལ་དང་ལག་ཏུ་གཏོད་པ་


TNT15_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ལེན་ཡིན། དམ་བཅའ་བའི་ལུང་དང་བྱིན་གྱིས་བརླབས་པའི་ལུང་མི་དགོས། དེ་ནས་མེ་ཏོག་དཀར་པོ་སྤྱི་བོར་བཞག་ནས་སྙིང་པོ་བརྒྱ་རྩ་བཟླ། སློབ་དཔོན་གྱི་མཐེབ་སྲིན་གྱིས་དྲི་བཟང་གི་ཆུ་དེ་སློབ་མའི་སྤྱི་བོ་ནས་བརྩམས་ཏེ་ལུས་ཐམས་ཅད་ལ་ཅུང་ཟད་འཐོར་བཞིན་དུ་སྙིང་པོ་བརྒྱ་རྩ་བཟླས་པའི་མཐར་དྲི་བཟང་གི་ཆུ་མ་ལུས་པར་འཐུང་དུ་གཞུགབདུད་རྩི་བདེ་བ་ཆེན་པོས་ལུས་ཐམས་ཅད་ལ་ཁྱབ་པ་ལ་ཤེས་པ་གཏད་ནས་མཉམ་པར་འཇོགའདི་ཐུགས་ཀྱི་རྗེས་གནང་ཡིན། རྗེས་ཀྱི་བྱ་བ་སྤྱི་དང་འདྲ། །བདུན་ཀུན༵་འཇོམས་པའི་ལྷ་མཆོག་ནི། །དག༵འ་བ་རྒྱས་བྱེད་ལྷག་པའི་ལྷ། ཁྱོད་ཉིད་བརྟེན་པའི་མཁས་མཆོག་རྣམས། །སྙིང༵་པོ༵འི་དོན་ལ་ཤིན་ཏུ་མཁས། །མི་གཡོ་བ་དཀར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།