མི་གཡོ་བ་ཞབས་བཞི་པའི་སྒྲུབ་ཐབས།


TNT15_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོ་བ་ཞབས་བཞི་པའི་སྒྲུབ་ཐབས་སོ། །ན་མོ་གུ་རུ། དགྲ་བགེགས་འཇོམས་མཛད་དཔའ་བོ་ཆེ། །འཇིགས་བྱེད་མི་གཡོ་ལ་བཏུད་ནས། །དུད་ཁ་ཕྱག་གཉིས་ཞབས་བཞི་པའི། །སྒྲུབ་ཐབས་མདོ་ཙམ་བྲི་བར་བྱ། །འདི་ལ་སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་མཐིང་ནག་ལས་འཕགས་པ་མི་གཡོ་བ་སྐུ་མདོག་དུད་ཁ་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། སྤྱན་གསུམ་མཆེ་བཙིགས། སྐྲ་དང་ཁ་སྤུ་སེར་པོ་གྱེན་དུ་བརྫཻས་པ། ཞབས་དང་པོས་


TNT15_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱའི་ཁ། གཉིས་པས་སྙིང་ག །གསུམ་པས་པུས་བཙུགས་ཀྱི་ལྟེ་བ། བཞི་པ་ཕྱིར་བརྐྱང་བར་རྐང་པ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་སྦྲུལ་གྱིས་བརྒྱན་པ། མི་མགོའི་དབུ་རྒྱན་དང་དོ་ཤལ་ཅན། རྒྱལ་བ་མི་བསྐྱོད་པས་དབུ་ལ་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །སྙིང་གར་ཉི་མའི་སྟེང་དུ་ཧཱུཾ་མཐིང་ནག་ལ་སྙིང་པོས་བསྐོར་བ། མེའི་རྗེ་ངར་གྱི་ཕུར་བུ་སོར་བཞི་པ་རྒྱ་མདུད་ལ་ཧཱུཾ་བྲིས་པ་ལག་ཏུ་ཐོགས། ཕུར་བུ་སྟོང་པའི་ངང་ལས་རང་དང་འདྲ་བར་བསྐྱེད། གཉིས་ཀའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་ཀ་དང་གཉིས་སུ་མེད་པར་ཐིམ། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཞེས་མདུན་བསྐྱེད་ཀྱི་སྔགས་ལས་དངོས་གྲུབ་ཞུ་བའི་ཚུལ་གྱིས་གང་ནུས་བཟླས། ཐུན་འཇོག་པའི་ཚེ་ཕུར་བུའི་ལྷ་ལ་གསོལ་བ་བཏབ་པས། དེའི་ཐུགས་ཀའི་སྔགས་འཕྲེང༌། རང་གི་སྙིང་གའི་སྔགས་འཕྲེང་ལ་ཐིམ། ཕུར་པའི་ལྷ་ལ་གཏོར་མ་འབུལ་ཏེ། དེའི་ཆོ་ག་ནི་གོང་དུ་མི་གཡོ་བ་སྔོན་པོ་པུས་བཙུགས་ཀྱི་སྒྲུབ་ཐབས་སུ་བཤད་ཟིན་པ་ཉིད་དོ། །འོན་ཀྱང་ཁྱད་པར་ནི། གཏོར་མ་དམར་གཏོར་གྲུ་གསུམ་དུ་བྱ། ཨོཾ་ལས་བྱུང་བའི་གཏོར་སྣོད་ཐོད་པ་དཀར་པོ་ཞེས་འདོན་པ་སྤོ། མཐར་བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཛཿཧཱུཾ་བཾ་ཧོཿ ཞེས་རང་ལ་ཐིམ། ཕུར་པ་མགུལ་ཁུག་ཏུ་བཅུག་གོ །དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། བསྙེན་ཚད་འབུམ་ཕྲག་བཅུ་གཉིས་སོ། །འདིའི་ལུང་འབོགས་པ་ནི། རྗེས་གནང་སྤྱི་དང་འདྲ་བ་ལས། སྐུའི་རྗེས་གནང་གི་མཐར་བྲིས་འབུར་གྱི་སྐུ་སྤྱི་བོར་གཏུགས། གསུང་གི་མཐར་ཕུར་བུར་མགྲིན་པར་གཏུགས། ཐུགས་


TNT15_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཐར་རལ་གྲི་སྙིང་གར་གཏུགས། བརྟན་བྱེད་ཐོད་པ་རྒུན་ཆང་གིས་གང་བ་ལས་འཐུང་དུ་གཞུགདེ་བཞི་རེ་རེ་ལ་སྔགས་གསུམ་གསུམ་བཟླའོ། །སྙིང་རྗེས་ཀུན༵་ཏུ་རབ་འཁྲོས་པ། །དག༵འ་བའི་ཐུགས་རྗེས་བདུད་བཞི་འཇོམས། །སྙིང༵་ནས་མགོན་པོ༵་ཁྱོད་བརྟེན་ན། །དངོས་གྲུབ་བཟང་པོ་ཅི་ཡང་ཐོབ། །མི་གཡོ་བ་ཞབས་བཞི་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །པདྨ་བཛྲ། ཁ་ཆེ་དགེ་སློང་ཡ་མ་རི་ཞལ་གཟིགས། དགེ་ཚུལ་[སྡང་མིག་གིས་མི་འཆི་ནུས་པ། ]མི་གཡོ་ཞལ་གཟིགས། དྷརྨ་ཤཱི་[མངའ་རིས་པ་]ལ། ནུ་བོ་དྷརྨ་དཱི་བྱ། དགེ་བྱས་གཙོ་བོ། ཨ་སྐྱབས། དཀར་བ་རྣམ་གསུམ། ཡར་བསྒོམ། རྒྱལ་ཚ་ལུང་མང་པོ། ཡོན་ཏན་ཁྲི། སེང་གེ་རྒྱལ། [སེང་གེ་བཟང་པོ། ]འདི་དཔའ་བོ་ཆིག་སྒྲུབ་ལས་བྱུང་གསུང༌།། །།