མི་གཡོ་སྤྲེའུ་བརྒྱད་མར་གྲགས་པའི་སྒྲུབ་ཐབས།


TNT15_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོ་སྤྲེའུ་བརྒྱད་མར་གྲགས་པའི་སྒྲུབ་ཐབས་སོ། །ན་མོ་གུ་རུ་ཝེ། དཔལ་ལྡན་ཡེ་ཤེས་མེ་ལྕེ་ཡིས། །མ་རིག་མུན་པ་དྲུངས་འབྱིན་ཞིང༌། །བདུད་ཚོགས་མ་ལུས་བསྲེགས་པ་པོ། །གཏུམ་པོ་ཆེ་ལ་སྤྱི་བོས་འདུད། །གང་དེའི་སྒྲུབ་ཐབས་རྨད་བྱུང་བ། །མཐའ་དག་སྲིད་པའི་ནད་སེལ་ཞིང༌། །རི་ལུ་ལ་སོགས་གྲུབ་སྩོལ་བ། །དེ་འདྲ་གང་ཡིན་འདིར་བཤད་བྱ། །འདིར་མི་གཡོ་སྤྲེའུ་བརྒྱད་མར་གྲགས་པ། གསང་བ་འདུས་པའི་རྒྱུད་ཀྱི་མན་ངག་ལས་འབྱུང་བ་གཏུམ་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་བསྒོམ་པར་འདོད་པས། སྐྱབས་འགྲོ་བྱམས་སྙིང་རྗེ་སེམས་བསྐྱེད་དང་འབྲེལ་བ་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་ཤིང་རྟའི་འཕང་ལོ་ཙམ་དེའི་སྟེང་དུ་རཾ་ལས་ཉི་མ་ལ་གནས་པའི་རང་སེམས་ཨོཾ་ཨ་ཙ་ལ་ཞེས་པ་ནས། ཚིནྡྷ་ཧཱུཾ་ཞེས་པའི་


TNT15_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཕྲེང་ཡོངས་སུ་གྱུར་པ་ལས། རལ་གྲི་སྔགས་འཕྲེང་གི་མཚན་པ། དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་མི་གཡོ་བ་སྤྱན་དྲངས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་མི་གཡོ་སྐུ་མདོག་ནག །དབུ་གསུམ་ཕྱག་དྲུག་ཞབས་གཉིས་པ། །གཡས་དམར་གཡོན་དཀར་དབུས་མཐིང་ཞལ། །གཡས་གསུམ་རྡོ་རྗེ་རལ་གྲི་དང༌། །འཁོར་ལོ་བསྣམས་ཤིང་གཡོན་དང་པོ། །ཐུགས་ཀར་ཁྲོ་བོའི་སྡིགས་མཛུབ་ཅན། །ལྷག་མ་དགྲ་སྟྭ་ཞགས་པ་བསྣམས། །གཡས་བསྐུམ་གཡོན་བརྐྱང་གོམ་སྟབས་ཀྱིས། །ནད་བརྒྱད་རང་བཞིན་སྤྲེའུ་བརྒྱད་གནོན། །སྟག་ལྤགས་ན་བཟའ་སྦྲུལ་རྒྱན་དང༌། །མི་མགོའི་དབུ་རྒྱན་དོ་ཤལ་ཅན། །སྤྱན་གསུམ་མཆེ་གཙིགས་མེ་དཔུང་བཞུགས། །སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ། ཧཱུཾ་དེའི་སྟེང་དུ་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ། རཾ་ལས་བྱུང་བའི་ཉི་མ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རལ་གྲི་ཧཱུཾ་གིས་མཚན་པ། ཡེ་ཤེས་སྤྱན་འདྲེན་དང་དབང་བསྐུར་སྤྱི་དང་མཐུན་པར་སྦྱར་ཡང་རུང་སྟེ། སྤྱི་བོ་དཔྲལ་བར་ལྟག་པ་སྣ་ལྟག་གཡས་གཡོན་རྣམས་སུ་རྡོ་རྗེ་ནག་པོ་རྩེ་ལྔ་པ་རེ་རེས་བརྒྱན་པ་སྟེ་རིགས་བདག་གི་རྒྱན་ནོ། །ཏིང་ངེ་འཛིན་སེམས་དཔའི་མཐར་ཡིག་འབྲུ་བསྐོར་བར་བསམས་ལ། ཨོཾ་ཨ་ཙ་ལ་ཀ་ཎ་སརྦ་རོ་གཱ་ན། བྷིནྡྷ་བྷིནྡྷ། ཚིནྡྷ་ཚིནྡྷ་ཧཱུཾ་ཞེས་བཟླས་པས། ཡིག་འབྲུ་ལས་རལ་གྲི་འཕྲོས། བཤང་ལམ་ནས་


TNT15_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན། སྤྲེའུ་བརྒྱད་གཟིར་བ་དང༌། གཞན་ཡང་གདུག་པ་ཅན་ཐམས་ཅད་ཚར་བཅད། གསང་བ་ནས་ཞུགས་སྟེ་སྙིང་གར་ཐིམ་པར་བསམ། ཐུན་འཇོག་ཁར་ལྷ་སྐུ་སྟོང་པ་ཉིད་དུ་བསྡུས་ལ་ཅུང་ཟད་མཉམ་པར་བཞགསླར་ཡང་དབང་བསྐུར་གསལ་བཏབ་ལ་དགེ་བ་བསྔོ། གཏོར་མ་བསངས་སྦྱངས། ཨ་ལས་ཐོད་པའི་ནང་དུ་ཨ་ལས་ཟླ་བ། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་གདེངས་པ་རྒྱ་གྲམ་གྱི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་ལྷ་མོ་བདུད་རྩིའི་བུམ་པ་ཅན་གྱི་རྣམ་པར་སྤྱན་དྲངས་ཏེ་བསྟིམ། ཟླ་བ་དང་རྡོ་རྗེ་རྒྱ་གྲམ་ཡང་འོད་དུ་ཞུ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ གཏོར་མགྲོན་སྤྱན་དྲངས་པ་མན་ཆད་མི་གཡོ་པུས་བཙུགས་ཀྱི་སྐབས་དང་འདྲ། བསྙེན་པའི་ཚད་ནི་འབྲུ་འབུམ་མོ། །རང་གཞན་གྱི་གནད་གདོན་ཞི་བ་ལ་ལྷག་པར་བསྔགས་པ་ཡིན་ཞིང༌། རིལ་བུ་དང་རྨི་ལམ་བརྟག་པའི་ལས་ཚོགས་རྣམས་ཀྱང་ཇི་སྐད་བཤད་པ་བཞིན་བསྒྲུབ་པར་བྱའོ། །འདིའི་རྗེས་གནང་ནི་སྤྱི་དང་འདྲའོ། །ནད་ཀུན༵་འཇོམས་པའི་དཔའ་བོ་སྟེ། །ཡིད་ལ་དག༵འ་བདེ་བསྐྱེད་པའི་གནས། །ཤིན་ཏུ་གསང་བ་སྙིང༵་པོ༵འི་དོན། །སྒྲུབ་ཐབས་མདོ་ཙམ་རྣམ་པར་སྤེལ། །ཞེས་པ་ནི་མི་གཡོ་སྤྲེའུ་བརྒྱད་མར་གྲགས་པའི་མངོན་རྟོགས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། མི་གཡོ་བའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་པའོ། །ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་བ། གོང་མ་ལྔ། ལོ་མཆོགདཔལ་ལྡན་སེང་གེ ཆོས་རྗེ་བླ་མ། །