སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་རྡོ་རྗེ་གདན་པའི་ཐུགས་དམ་ལྷ་ལྔའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གསུམ་པ།

རྡོ་རྗེ་ཕག་མོའི་ཕོ་ཉ་མོ་འོད་ཟེར་ཅན་མས་སྒྲུབ་ཐབས།


TNT15_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། མ་ལུས་བགེགས་རྣམས་ཉམས་པ་དང༌། །ཕྱི་ཡི་བར་ཆད་བསྲུང་བའི་མཆོག །རྡོ་རྗེ་ཕག་མོའི་ཕོ་ཉ་མོ། །འོད་ཟེར་ཅན་མས་བདག་སྲུངས་ཤིག །འདིར་སློབ་དཔོན་རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ནི། དགྲ་སོགས་ཕྱི་ཡི་བར་ཆད་ཞི་བའི་ཕྱིར་འོད་ཟེར་ཅན་མ་དང༌། གདོན་བགེགས་སོགས་ནང་གི་བར་ཆད་ཞི་བའི་ཕྱིར་མི་གཡོ་བ་སྔོན་པོ་པུས་བཙུགས་དང༌། ནད་ཞི་བའི་ཕྱིར་ལྷ་མོ་སངས་རྒྱས་སྤྱན་མ་དང༌། རྨི་ལམ་ངན་པ་སོགས་བར་ཆད་བཟློག་པའི་ཕྱིར། སྤྱན་རས་གཟིགས་ཡི་གེ་ཕྱེད་དང་བཞི་པ་དང༌། ཚེ་བསྒྲུབ་པའི་ཕྱིར་ཐུབ་པ་མེ་རུ་ཤི་ཥ་དང༌། སྡིག་སྒྲིབ་སྦྱང་བའི་ཕྱིར་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་བསྒོམ་བཟླས་ཏེ་དྲུག་ལས། དང་པོ་འོད་ཟེར་ཅན་མའི་གཟུངས་འདོན་ཐབས་ནི། སྔ་དྲོ་ཤར་དང༌། དགོང་མོ་ནུབ་ཏུ་གདོང་ཕྱོགས་ཤིང༌། ཉིན་མོ་སྣང་བྱེད་ཉི་མའི་དཀྱིལ་འཁོར་དང༌། མཚན་མོ་སྣང་བྱེད་ཟླ་བའི་དཀྱིལ་འཁོར་གྱི་གདན་བསྒོམ་པ་བློ་ཡུལ་ཏུ་ངེས་པར་བྱས་ནས། སྐྱབས་སེམས་སྔོན་དུ་བཏང་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་ཏེ། རང་གི་སྙིང་གར་སྣང་བྱེད་ཀྱི་དཀྱིལ་འཁོར་ལ་ཨོཾ། དེ་ལས་འོད་འཕྲོས། རང་ཉིད་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། སངས་རྒྱས་རབ་ཏུ་བྱུང་བའི་ཆ་ལུགས་ཅན། བ་སྤུའི་བུ་ག་ནས་འོད་འཕྲོས། འོད་ཟེར་དཀར་པོའི་རྭ་བ་ཟླུམ་པོ་རྩེ་མོ་མཆོད་རྟེན་གྱི་རྣམ་པ་ཅན་དུ་གྱུར། བྱང་ཆུབ་མཆོག་གི་


TNT15_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བཅས་ལ། སྙིང་གར་སྣང་བྱེད་ཀྱི་དཀྱིལ་འཁོར་ལ་མཾ་ལས་མྱ་ངན་མེད་ཀྱི་ཡལ་ག་མཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་འོད་ཟེར་ཅན་མ་གསེར་མདོག་སྐེམ་པའི་ལུས་ཅན། གཡས་ཁབ་དང་གཡོན་སྐུད་པ་བསྣམས་པ། མཉམ་པར་བཞེངས་པར་གྱུར། སྣ་བུག་གཡས་པ་ནས་ཕྱིར་སྤྲོས་མདུན་དུ་བཞུགས། རང་འདྲའི་ཕོ་ཉ་མོ་དཔག་ཏུ་མེད་པ་སྤྲུལ། གནོད་བྱེད་རྣམས་དབང་མེད་དུ་བཀུག་སྟེ། ཁ་མིག་བཙེམས། ཡན་ལག་བཅིངས་ནས་རྭ་བའི་ཕྱི་རོལ་འོབས་ཀྱི་ནང་དུ་འཕངས་པར་བསམ། གཟུངས་ཀྱི་མདོ་ཆུང་ཚར་གཅིག་འདོན། ལྷ་མོ་འོད་ཟེར་ཅན་གྱི་སྙིང་པོ་བརྗོད་པར་བྱ་སྟེ་ཞེས་པ་ནས་སྭཱཧཱའི་བར་ལན་བདུན་བརྗོད། དེ་ནས་ཕྱག་རྒྱ་བཤིག་ལ་ཅི་བདེར་བྱས། རླུང་ནང་དུ་འཇུག་པ་དང་བསྟུན་ཏེ། འོད་ཟེར་ཅན་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་གར་ཐིམ་པ་ལས། རང་ཉིད་ལྷ་མོ་འོད་ཟེར་ཅན་གསེར་མདོག་སྒེག་ཅིང་མཛེས་པ། གཡས་མཆོག་སྦྱིན་དང༌། གཡོན་མྱང་ངན་མེད་པའི་ཤིང་གི་སྡོང་པོ་ལས་ཡལ་ག་གཅིག་འཛིན་པ། ཡིད་ཙམ་ཁྲོ་བ། དར་དང་རིན་པོ་ཆེས་བརྒྱན་པ། ཕག་སེར་པོ་བཞིས་དྲངས་པའི་ཤིང་རྟ་ལ་རོལ་པའི་བཞུགས་པ། རང་དང་ཕག་ལས་འོད་བྱུང༌། ཕག་འཇིགས་རུང་དཔག་ཏུ་མེད་པ་སྤྲུལ། འོབས་ཀྱི་ནང་གི་གནོད་བྱེད་རྣམས་ཟོས་ཤིང༌། ལྷག་མ་གསེར་གྱི་ས་གཞིར་གྱུར། ཕག་རྣམས་གདོང་ཕྱིར་བསྟན་པས་རྭ་བར་གྱུར། ཨོཾ་མཱ་རི་ཙྱཻ་མཾ་སྭཱཧཱ། གང་འགྲུབ་བཟླ། མཐར་བདག་བསྐྱེད་ཀྱི་ལྷ་ལ་མཆོད་བསྟོད་བྱ། མི་དམིགས་པར་བཞག་ལ་དགེ་བ་བསྔོ། གཏོར་


TNT15_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནི་དཀར་གཏོར་བསངས་སྦྱངས། བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ། ཨོཾ་འོད་དུ་ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པའི་འོད་ཟེར་ཅན་མ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ཨོཾ་མཱ་རི་ཙྱཻ་དེ་ཝི་ས་པ་རི་ཝཱ་རེ་བྷྱཿ ཞེས་པ་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གང་གིས་མཚན་ཙམ་འཛིན་ཞིང་དྲན་པས་ཀྱང༌། །འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་ཅིང༌། །དྲི་མེད་བདེ་ཆེན་ཉེ་བར་སྩོལ་བ་ཡི། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་དང་མཐུན། འདི་ལ་ངེས་པར་རྗེས་གནང་དགོས་ཤིང༌། འོན་ཀྱང་རྗེས་གནང་གི་བྱ་བ་ནི་སྒྲུབ་ཐབས་བརྒྱ་རྩ་བཞིན་ནོ། །གསུང་བཟླས་ལུང་གི་མཐར་གཟུངས་མདོ་ཀློག་དགོས་སོ། །རྒྱལ་བ་ཀུན༵་གྱི་ཕོ་ཉ་མོ། །དག༵འ་ཆེན་འོད་ཟེར་ཅན་སྒྲུབ་ཐབས། །གཟུངས་ལས་འབྱུང་བ་ངོ་མཚར་ཅན། སྙིང༵་པོ༵འི་ཡི་གེ་འདི་ཙམ་ལགས། །འདིའི་ལམ་བསྲུང་ལ་སོགས་པ་ཁྱད་པར་གྱི་ལས་ཚོགས་ནི། ཡིག་རྙིང་ལས་ཤེས་པར་བྱའོ། །རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས། ཕྱིའི་བར་ཆད་སེལ་བ་གཟུངས་ལས་འབྱུང་འོད་ཟེར་ཅན་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

སྟོན་པ་གཽ་ཏཾ་ཤཱཀྱའི་ཏོག་གི་སྒྲུབ་ཐབས།


TNT15_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སྟོན་པ་གཽ་ཏཾ་ཤཱཀྱའི་ཏོག །དེ་ལ་བཏུད་ནས་དེ་སྒྲུབ་ཐབས། །རི་རྩེ་བརྩེགས་པ་འོད་ཀྱི་རྒྱལ། །གཟུགས་སྔགས་སྒྲུབ་ཐབས་བྲི་བར་བྱ། །ནམ་ལངས་མ་ཐག་ཏུ་ཁྲུས་བྱས་ཤར་དུ་ཕྱོགས་པས། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་གསེར་མདོག་བྱང་ཆུབ་ཤིང་གི་རྩ་བར་སྐྱིལ་ཀྲུང་གིས་བཞུགས་པ། གཡོན་ཆོས་གོས་ཀྱི་དྲ་ལྟེ་བའི་ཐད་ཀར་བཟུང་བ། གཡས་སྐྱབས་སྦྱིན་ནོ། །ཨརྒྷཾ་ལ་སོགས་པས་མཆོད། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །སོགས་ཀྱིས་བསྟོད། ཕྱག་སྤྱི་བོར་བཞག་པས་འཆི་མེད་ཚེའི་དངོས་གྲུབ་སྩོལ་བར་བསམ། ན་མོ་བྷ་ག་ཝ་ཏེ། མེ་རུ་ཤི་ཥ་ར་ཀཱུ་ཊ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་མེ་རུ་མེ་རུ་མཧཱ་མེ་རུ་ཡེ་སྭཱཧཱ། ཞེས་བརྒྱ་རྩ་བཟླས། འོད་དུ་ཞུ་རང་ལ་ཐིམ་པས་རང་ཡང་ཐུབ་པར་གྱུར། སྔགས་ཅུང་ཟད་གཅིག་བཟླ། སྟོང་པར་སྦྱངས་ལ་དགེ་བ་བསྔོ། དམིགས་ཀྱིས་བཀར་ནས་ཚེ་སྒྲུབ་བྱེད་ན། ཉིན་མཚན་ཅི་ནུས་བཟླ་བ་ཡིན་ནོ། །དམ་ཚིག་ཏུ་གཞན་ལ་གསང༌། འདི་ལ་བཟླས་ལུང་གིས་ཆོག་པའི་ལུགས་ཀྱང་ཡོད་ལ། རྗེས་གནང་ལྟར་ན་སྒྲུབ་ཐབས་བརྒྱ་རྩ་བཞིན་ནོ། །མཁས་རྨོངས་ཀུན༵་ལ་གྲགས་ཆུང་ཡང༌། །ཤིན་ཏུ་ཟབ་ཕྱིར་ཡིད་དག༵འི་གནས། །སྦས་ཏེ་སྙིང༵་ནས་བསྒྲུབས་གྱུར་ན། །ཚེ་ནི་མཆོག་ཏུ་རིང་པོ༵་གྱུར། །རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས། །ཚེ་རིང་པོ་སྒྲུབ་པ་ཐུབ་པ་མེ་རུ་ཤི་ཥའི་སྒྲུབ་ཐབས་ཀྱིས་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

ཚེ་སྒྲུབ་མཆོག་གྱུར།


TNT15_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འཇིག་རྟེན་མགོན་ལ་རབ་བཏུད་ནས། །ནད་དང་སྡུག་བསྔལ་ཞི་བྱེད་ཕྱིར། །རྨི་ལམ་ངན་པའང་བཟློག་གྱུར་ལ། །ཚེ་སྒྲུབ་མཆོག་གྱུར་བཤད་པར་བྱ། །སྐྱབས་སེམས་སྟོང་ཉིད་སྒོམ་པ་སྔོན་དུ་


TNT15_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བས། རང་གི་མདུན་དུ་སྐད་ཅིག་གིས་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ན་བཟའ་སྔོན་པོ་གསོལ་བ། གཡས་སྐྱབས་སྦྱིན་དང་གཡོན་པདྨ་དཀར་པོ་འཛིན་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། རལ་པའི་ཐོར་ཚུགས་དང་ལྡན་པ། ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་འཕྲེང་བ་གསལ་བཏབ་ཏེ། མོས་གུས་ཀྱི་གདུང་བ་ཆེན་པོས། ཨོཾ་ཨ་རོ་ལིཀ །ཅེས་ལན་གཅིག་བརྗོད་ལ། ཨ་རོ་ལིཀ་ཅེས་པ་ཉིད་བརྒྱ་རྩ་བཟླའོ། །དེ་ལྟ་བུའི་ཚུལ་གྱིས་སྔགས་ཨོཾ་ཅན་གཅིག་གིས་འགོ་དྲངས་ནས། གཞན་བརྒྱ་བརྒྱ་བཟླ་བ་ཉིད་ཅི་ནུས་སུ་བྱའོ། །མཐར་བདག་གི་སྡིག་སྒྲིབ་སྦྱོང་བ་དང༌། བར་ཆད་ཞི་བར་གསོལ་བ་དྲག་ཏུ་བཏབ་པས་འོད་དུ་ཞུ་ནས་རང་ལ་ཐིམ། རྣམ་སྨིན་གྱི་ལུས་སྦྱངས་ཏེ་འོད་ཀྱི་རང་བཞིན་གྱི་ལྷ་སྐུར་གྱུར། དེ་ཡང་མི་དམིགས་པར་སྦྱངས་ཏེ་ཅུང་ཟད་མཉམ་པར་བཞགདགེ་བ་བསྔོ། རྨི་ལམ་དུ་དགེ་སློང་ཆོས་གོས་སྔོན་པོ་གྱོན་པས་ལུང་སྟོན་པ་སོགས་འབྱུང་ངོ༌། །འདི་ལ་བཟླས་ལུང་ཙམ་མཛད་པའི་ལུགས་ཀྱང་ཡོད་མོད་ཀྱི། རྗེས་གནང་ལྟར་བྱེད་ན། སྒྲུབ་ཐབས་བརྒྱ་རྩ་དང་འདྲའོ། །ཀུན༵་ལ་མིང་ཡང་མ་གྲགས་པ། །མན་ངག་ཤིན་ཏུ་དག༵འ་བའི་ཏོག །ཛི་ཏཱ་རི་དང་བ་རི་བའི། ཐུགས་དམ་སྙིང༵་པོ༵་མཆོག་གྱུར་ལགས། །རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས། རྨི་ལམ་ངན་པ་བཟློག་པ་སྤྱན་རས་གཟིགས་ཡི་གེ་ཕྱེད་དང་བཞི་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

སངས་རྒྱས་སྤྱན་གྱི་སྒྲུབ་ཐབས།


TNT15_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཞི་བའི་ལས་སྒྲུབ་གཙོར་གྱུར་པ། །སངས་རྒྱས་སྤྱན་ལ་གུས་བཏུད་ནས། །ནད་ཞི་རིམས་སོགས་བཟློག་པའི་ཕྱིར། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ཤཱུ་ནྱ་ཏཱས་སྟོང་བར་སྦྱངས། སྟོང་པའི་ངང་ལས་པད་ཟླ་ལ་རང་སེམས་ལ་ཡོངས་སུ་གྱུར་པ་ལས། རང་ཉིད་སངས་རྒྱས་སྤྱན་མ་སྐུ་མདོག་དཀར་མོ་ཕྱག་གཡས་པས་འཁོར་ལོ་མིག་འབྲས་ཀྱིས་མཚན་པ་དང༌། གཡོན་པས་པདྨ་དཀར་པོ་འཛིན་པ། རྒྱན་དང་ན་བཟའ་དཀར་པོ་ཅན། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལཾ། དེ་ལས་འོས་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ སྙིང་ག་ཟླ་བ་ལ་སྔགས་འཕྲེང་ས་བོན་མིང་ཡིག་དང་བཅས་པ་བསྒོམ། ཨོཾ་རུ་རུ་སྤུ་རུ། ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ། སརྦ་ཨརྠ་ས་དྷ་ནི་མ་མ་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྤྱན་ནི་འཁོར་ལོ་མཛེས་མ་སྟེ། །འཆི་བ་སློང་བར་བྱེད་པའི་མཆོག །བདག་ཅག་སྡུག་བསྔལ་གྱུར་བ་ལ། །ལྷ་མོ་ཁྱོད་ཀྱིས་བསྐྱབ་པར་མཛོད། །དགེ་བ་བྱང་ཆུབ་ཏུ་བསྔོ། འདིའི་ལས་ཚོགས་བར་ཆད་ཞི་བྱེད་མཎྜལ་ནད་འདོན་སོགས་ནི་ཡིག་རྙིང་དུ་ཤེས་པར་བྱ། རྗེས་གནང་ནི་སྒྲུབ་ཐབས་བརྒྱ་རྩས་རིགས་འགྲེའོ། །རིགས་སྔགས་རྒྱལ་མོ་བདེ་གཤེགས་མ། །ཀུན༵་གྱི་ཐོག་མར་རབ་དག༵འ་བ། །སྤྱན་མའི་བསྙེན་སྒྲུབ་ལས་གསུམ་ལས། བསྙེན་པ་ཙམ་ཞིག་སྙིང༵་པོ༵ར་བྲིས། །རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས་ནད་ཞི་བར་བྱེད་པ་སངས་རྒྱས་སྤྱན་མའི་སྒྲུབ་ཐབས་ཀྱིས་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

དམ་ཚིག་གསུམ་བཀོད་སྒྲུབ་ཐབས།


TNT15_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཀྱིལ་འཁོར་ཀུན་ཏུ་ཞུགས་པ་དང༌། །རིགས་སྔགས་ཀུན་གྱི་གཞིར་གྱུར་པ། །སྡིག་སྒྲིབ་མཐའ་དག་སྦྱོང་བའི་ཐབས། །དམ་ཚིག་གསུམ་བཀོད་སྒྲུབ་ཐབས་བཤད། །གཙང་སྦྲ་དང་བསྙེན་གནས་ཀྱི་ཆོ་ག་ལ་གནས་པའི་སྒོ་ནས་འདི་ཉིད་ཀྱི་བྲིས་སྐུའམ། མ་འབྱོར་ན་ཐུབ་པའི་དབང་པོའི་སྐུ་གཟུགས་བྲིས་འབུར་གང་ཡང་རུང་བ་སྟེགས་བུ་ལ་བཞགགཙང་སྦྲ་ཅན་གྱིས་མཆོད་པ་རྒྱ་ཆེར་བཤམས། སྟན་དམའ་བ་ལ་པུས་མོ་བཙུགས་པའི་ཚུལ་གྱིས་འདུག་སྟེ་མཆོད་པ་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབ་པའམ། མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་གྱིས་བྱིན་གྱིས་བརླབས། སེམས་བསྐྱེད་ཚད་མེད་བཞི་དང་སྦྲེལ་བ་སྔོན་དུ་འགྲོ་བས། མདུན་དུ་རིན་པོ་ཆེའི་ཁྲི་པདྨའི་གདན་དང་བཅས་པར་གྱུར། བདུག་སྤོས་འཐུལ་ཞིང༌། མ་ལུས་སེམས་ཅན་མའི་མཐར་རྡོ་རྗེ་བསྡམས་པ་ལས། གུང་མོ་གཉིས་བསྒྲེང་ཞིང་རྩེ་མོ་སྦྱར། མཐེ་བོང་གཉིས་མཉམ་པར་བརྐྱང་བ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་གཡབ་ཅིང༌། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན། ཨོཾ་ཧྱེ་ཧི། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་བྱོན་ཏེ་གདན་ལ་བཞུགས་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མགོན་པོ་ཐུགས་རྗེ་ཆེ་སོགས་ཀྱིས་བསྟོད། བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་ཚར་གཅིག་བྱ། བཅོམ་ལྡན་དམ་ཚིག་གསུམ་བཀོད་ནི། །གསེར་མདོག་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །མཚན་དང་དཔེ་བྱད་ཡོངས་སུ་རྫོགས། །ཚངས་སྤྱོད་ཆ་བྱད་ཆོས་གོས་བསྣམས། །ཕྱག་གཡོན་ཆོས་གོས་དྲ་འཛིན་ཞིང༌། །གཉིས་ཀར་ཐུགས་ཀར་ཆོས་འཆད་མཛད། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ། །གསང་སྔགས་ཡི་གེ་བརྒྱ་པ་བཞུགས། །ན་མ་སྟྲཻ་ཡ་དྷི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བསྟི། དྷརྨ་ཏཱ་བཱ་ལི་ནཱཾ། ཨོཾ་ཨ་ས་མ་ས་མ་ས་མནྟོ།


TNT15_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ནནྡཱ་བསྟི་ཤ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎ་བི་ག་ཏ་ར་ག་བུདྡྷ་དྷརྨ་ཏེ་སཱ་ར་སཱ་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲཱ་ཡ་ཏྲཱ་ཡ། ག་ག་ན་མཧཱ་བ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་ན་ས་ག་རེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས་པའི་མཐར་མཆོད་བསྟོད་བྱས་ཏེ། ཨོཾ་ཁྱོད་ཀྱི་སེམས་ཅན་སོགས་ཀྱི་མཐར། ཨོཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། དེ་ལྟར་ན་སྔགས་འབུམ་ཙམ་བཟླས་པའི་མཐར། ཟླ་བ་ཡར་ངོ་ཞིག་ལ་ཕྱག་མཆོད་ལན་བདུན་པ་རེའི་མཐར་སྔགས་རེ་བཟླ། ཐུན་རེ་རེ་བཞིན་ལན་ཉི་ཤུ་རྩ་གཅིག་བྱ་བ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱ་བ་ཡིན་ནོ། །དེས་རྨི་ལམ་དུ་ཞལ་སྟོན་ཞིང་སྡིག་པ་དག་པའི་རྟགས་འབྱུང་ལ། ལན་གཅིག་ལ་མ་བྱུང་ཀྱང༌། ཟླ་སྨད་ལ་སྔར་བཞིན་བསྙེན་པ་བྱས་ལ་ལན་གསུམ་བསྐྱར་བས་འགྲུབ་ངེས་པ་ཡིན་ནོ། །འདིའི་རྗེས་གནང་ནི་སྒྲུབ་ཐབས་བརྒྱ་རྩ་དང་འདྲ། སྡིག་སྦྱོང་ཀུན༵་ལས་ཆེས་ཟབ་པ། །ཡིག་བརྒྱའི་མན་ངག་རབ་དག༵འ་འདི། །རྡོ་རྗེ་གདན་པའི་ཐུགས་དམ་གྱི། །སྙིང༵་པོ༵་ཡིན་ཞེས་མཁས་པ་བསྔགས། རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་སྡིག་སྦྱོང་གི་ཆོ་གར་གྲགས་པ་དམ་ཚིག་གསུམ་བཀོད་གཙོ་རྐྱང་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་རྡོ་རྗེ་གདན་པའི་ཐུགས་དམ་ལྷ་ལྔའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གསུམ་པའོ། །