ལྷ་མོ་ཏི་ནུའི་སྒྲུབ་ཐབས།


TNT15_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཤེས་རབ་མར་བཅས་ཧེ་རུ་ཀར། །བཏུད་ནས་དེ་ཡི་ཕོ་ཉ་མོ། །དུས་མཚན་དམར་མོའི་རྣམ་འཕྲུལ་ནི། །ལྷ་མོ་ཏི་ནུའི་སྒྲུབ་ཐབས་བཤད། །བདེ་མཆོག་ཡབ་ཡུམ་གང་རུང་གི་བསྙེན་པ་སྔོན་དུ་སོང་བ་ཞིག་གིས། མདུན་དུ་སིནྡྷུ་རའི་མཎྜལ་ལ་ལྟེ་བར་བསྒོམ་རྒྱུའི་སྔགས་འཁོར་ལྟ་བུ་ཞིག་བྲི། མེ་ཏོག་དམར་པོ་དང་ཆང་དང་མཆོད་པ་སྣ་ལྔ་བཤམ། སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་སོང་ནས། རང་སྐད་ཅིག་གིས་ལྷ་མོ་ཏི་ནུ་སྐུ་མདོག་དམར་མོ་གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡོན་བརྐྱང་གི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན་པད་ཟླ་ལ་བཞུགས་པ། ཁྲོ་ཞིང་སྒེག་པ། རུས་པའི་རྒྱན་ཅན་ནོ། །ལྟེ་བར་ཟླ་བ་ལ་དབུས་སུ་ཧྲཱིཿ ཤར་དུ་ས། ལྷོ་རུ་ཧི། ནུབ་ཏུ་ཀ བྱང་དུ་ལ། མདུན་དུ་མཎྜལ་གྱི་གནས་སུ་ཡང་སྔགས་ཀྱི་འཁོར་ལོ་ཡིག་འབྲུ་རྣམས་ལྷའི་རང་བཞིན་དུ་གྲུབ་པར་གྱུར། ལྷ་མོའི་ཐུགས་ཀ་ནས་སྔགས་འབྲུ་བཀུག་ལ་བསྟིམ་པ་ཡིད་ཀྱིས་བྱ། མདུན་གྱི་ཡི་གེ་ལྔ་ཆར་ལ་མཐེབ་སྲིན་གྱིས་ཆང་དང་མེ་ཏོག་བླངས་ལ་གཏོར། ལྟེ་བའི་ཧྲཱིཾཿལས་སྔགས་འཕྲེང་ཐོལ་ཐོལ་འོང་བར་བསམས་ལ། ས་ཧི་ཀ་ལ་ཧྲིཿ ཞེས་བཟླའོ། །དེ་ལྟར་སྔགས་འབུམ་ཕྲག་ཉི་ཤུས་འདིའི་བསྙེན་པ་རྫོགས་པ་ཡིན་ནོ། །འདིའི་རྗེས་གནང་ནི། པདྨ་དམར་པོ་འདབ་བརྒྱད་པའི་སྟེང་དུ་མཉྫི་ལ་ཐོད་པ་ཆང་གིས་བཀང་བ། དེའི་སྟེང་དུ་སིནྡྷུའི་རའི་སྔགས་འཁོར། དེའི་སྟེང་དུ་བྲིས་སྐུ་ཞིག་བཀོད། མདུན་བསྐྱེད་མི་དམིགས་ཏེ་སྟོང་པའི་ངང་ལས་བདག་བསྐྱེད་བཞིན་ལྷ་མོར་བསྐྱེད། གོང་བཞིན་མེ་ཏོག་དང་ཆང་གིས་མཆོད། སློབ་མས་མཎྜལ་ཕུལ། གང་གི་དྲིན་སོགས་


TNT15_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །བདག་ལ་ལྷ་མོ་ཏི་ནུ་ཡི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ལན་གསུམ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ། སློབ་མ་ལྷ་མོར་བསྐྱེད། སློབ་དཔོན་གྱི་སྲིན་ལག་གཡོན་པས་མདུན་གྱི་བདུད་རྩི་ནས་བླངས། སློབ་མའི་དཔྲལ་བར་ཐིག་ལེ་ལན་གསུམ་བྱ། སྔགས་བརྗོད་ཅིང་ནང་མཆོད་ལན་གསུམ་སྦྱིན། མདུན་གྱི་ལྷ་མོའི་བྷ་ག་ལས་རཀྟ་བྱུང་སྟེ་འཐུངས་པས་ལུས་གང་བར་མོས་སུ་འཇུགལྷ་མོ་ལས་ལྷ་མོ་བྱུང༌། སློབ་མའི་དཔྲལ་བར་ཐིམ། སྔགས་ཀྱི་མཐར་ཨོཾ་མང་དུ་བརྗོད། མཎྜལ་གྱི་ཡིག་འབྲུ་ལས་སྲིན་ལག་གཡོན་པས་སིནྡྷུ་ར་བླངས་ཏེ། སློབ་མའི་མགྲིན་པར་ཐིག་ལེ་བྱ། ལྷ་མོའི་ལྟེ་བའི་ཡི་གེ་རྣམས་ལྷ་མོའི་མགྲིན་པར་ཐིམ་པར་བསམ། སྔགས་ཀྱི་མཐར་ཨ་མང་དུ་བརྗོད། དྲིལ་བུ་དཀྲོལ། འགྲོ་ཀུན་ཆགས་པས་འོད་དུ་ཞུ། སློབ་མའི་སྙིང་གར་དཀྲོལ་བས་དེ་ཐམས་ཅད་སློབ་མ་ལ་ཐིམ། ལྷ་མོའི་ཐུགས་ཀ་ནས་ལྷ་མོ་བྱུང་སྟེ་སྙིང་གར་ཐིམ། སྔགས་ཀྱི་མཐར་ཧཱུཾ་མང་དུ་བཟླ་ཞིང༌། དྲིལ་བུ་དེ་སློབ་མས་འཁྲོལ་དུ་གཞུགརྗེས་སུ་བཟླས་པའི་ལུང་དང༌། བྱིན་གྱིས་བརླབས་པའི་ལུང་སྤྱི་དང་འདྲ་བ་ལས། སྔགས་འཁོར་ལྟེ་བར་བྱེད་པ་དང༌། སློབ་དཔོན་དང་མདུན་བསྐྱེད་གཉིས་ཀའི་ཞལ་ནས་བྱུང་བ། སློབ་མའི་ཁར་ཉིས་སྦྲག་གི་ཚུལ་གྱིས་བྱུང་བར་སྒོམ་པ་ནི་ཁྱད་པར་རོ། །རྗེས་ཀྱི་བྱ་བ་ཡང་སྤྱི་དང་འདྲའོ། །ཀུན༵་དུ་གབ་པའི་མན་ངག་ནི། །གསལ་བར་བསྟན་ན་དག༵འ་སྤྲོ་སྐྱེ། །སྙིང༵་ནས་ལས་ཚོགས་སྒྲུབ་ན་ཀོ །གསོང་པོ༵ར་སྨྲ་ལ་འདུན་པ་སྐྱེ། །ལྷ་མོ་ཏི་ནུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །