འཕྲིན་ལས་མྱུར་སྒྲུབ་དབང་གི་ལྷ་མོའི་སྒྲུབ་ཐབས།


TNT15_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སྤྱན་རས་གཟིགས་དབང་ཐུགས་རྗེ་ལས། །མཁའ་འགྲོ་གསང་བ་ཡེ་ཤེས་སྤྲུལ། །འཕྲིན་ལས་མྱུར་སྒྲུབ་དབང་གིས་ལས། །མཆོག་སྩོལ་མ་ལ་གུས་པས་འདུད། །ཡིག་དྲུག་གི་བསྙེན་པ་སྔོན་དུ་སོང་བ་ཞིག་གིས་སྐྱབས་སེམས་ཚད་མེད་བཞི་སྤྱི་དང་མཐུན་པའི་རྗེས་སུ། རང་གི་སྙིང་གར་ཧྲཱིཿདམར་པོ། དེའི་འོད་ཀྱིས་ལུས་ཁར། འོད་དུ་ཞུ་བ་ལས་རང་ཉིད་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི། ཞབས་གཉིས་གར་སྟབས་ཀྱིས་པདྨ་ལ་བཞུགས་པ། ཁྲོ་ཆགས་འདྲེས་པའི་ཉམས་ཅན། གཡས་དང་པོ་གྲི་གུག འོག་མ་རལ་གྲི།


TNT15_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དང་པོ་ཐོད་ཁྲག འོག་མ་རྩེ་གསུམ་གྱིས་མཚན་པའི་ཁ་ཊྭཱཾ་ག་བསྣམས་པ། གཅེར་བུ་སྐྲ་གྲོལ་མགོ་འཕྲེང་དང་རུས་རྒྱན་ཅན། མཁའ་འགྲོ་རིགས་བཞིས་གདན་གྱི་ཕྱོགས་བཞི་ནས་འདེགས་པ། ལྷ་འདྲེ་མི་གསུམ་དབང་དུ་སྡུད་པ། ཐུགས་ཀར་སྤྱན་རས་གཟིགས་དམར་པོ་མུ་ཏིག་གི་འཕྲེང་བ་དང་པདྨ་འཛིན་པ་ཟླ་གདན་ལ་བཞུགས་པའོ། །ཐུགས་ཀར་ས་བོན་དང་སྔགས་འཕྲེང་གསལ་བཏབ་ལ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་དྷུ་མ་གྷ་ཡཻ་ན་མ་སྭཱཧཱ། ཨོཾ་ཧ་རི་ནི་ས་ར་ཙ་ཧྲི་ཡ། ཞེས་ཅི་འགྲུབ་བཟླ། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། རང་གི་མདུན་དུ་སྐད་ཅིག་གིས་མཁའ་འགྲོ་གསང་བ་ཡེ་ཤེས་འཁོར་དང་བཅས་པ་བཞུགས་པར་གྱུར། སྔགས་ཀྱི་མཐར་ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བཏགས་པ་ལན་ལྔས་བདག་མདུན་གྱི་ལྷ་གཉིས་ཆར་ལ་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའི་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་ལོ། །ཐུགས་རྗཻ་ཆེན་པོའི་སྐུ་སྤྲུལ་པ། །ལྷ་འདྲེ་མི་གསུམ་དབང་དུ་སྡུད། །མཁའ་འགྲོ་གསང་བ་ཡེ་ཤེས་ནི། །མཁའ་འགྲོའི་ཚོགས་དང་བཅས་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། མདུན་བསྐྱེད་རང་གི་སྙིང་གར་ཐིམ། རང་ཉིད་མི་དམིགས་པར་བྱས་ལ། དགེ་བ་བསྔོ། འདི་ལ་དབང་རྗེས་གནང་སོགས་མི་དགོས། སྒོམ་ལུང་ཕོག་པ་ཉིད་ཀྱིས་ཆོག་གོ །ཀུན༵་ནས་ཟབ་པ་པདྨའི་གསུང༌། །འདི་ལ་བརྟེན་ནས་ལས་ཚོགས་རྣམས། །


TNT15_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དག༵འ་བས་བསྒྲུབས་ནས་མྱུར་འགྲུབ་སྟེ། །སྙིང༵་པོ༵འི་སྒྲུབ་ཐབས་འདི་ཙམ་ཡིན། །འདི་ནི་བསྙེན་པ་ཙམ་སྟེ། མེ་མཆོད་ལ་སོགས་པ་ལས་ཚོགས་མང་དུ་ཡོད་དོ། །མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། དབང་སྡུད་ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་བཞི་པའོ། །དར་རྒྱས་འཕེལ། །