ཉེར་མཁོའི་སྒྲུབ་ཐབས།


TNT15_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ། བླ་མ་རྡོ་རྗེ་འཛིན་བཅས་ལ། །གུས་པས་ཡོངས་སུ་བཏུད་ནས་དེའི། །གསུང་དང་གོང་མའི་མན་ངག་བཞིན། །ཀུན་ལ་ཉེར་མཁོའི་སྒྲུབ་ཐབས་བཤད། །གང་ཞིག་བགེགས་འཇོམས་པར་འདོད་པ་དང༌། བསྙེན་པ་ཐམས་ཅད་ཀྱི་སྔོན་དུ་ཉེ་བར་མཁོ་བའི་ཕྱིར། དཔལ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་མན་ངག་ལྟར། བགེགས་མཐར་བྱེད་ཀྱི་མན་ངག་བསྒོམ་པར་འདོད་པས། སྐྱབས་སེམས་སྤྱི་དང་མཐུན། རང་གི་སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ། དེའི་འོད་ཀྱིས་བླ་མ་དང་བདུད་རྩི་འཁྱིལ་བའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །ཞེས་སོགས་རྒྱུན་བཤགས་བྱ། གལ་ཏེ་དེ་ཙམ་མི་ལྕོག་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་བྱ། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ཁུའམ། ནག་པོ་ཞལ་གསུམ་ཕྱག་དྲུགརྩ་ཞལ་སྐུ་ལུས་དང་མཚུངས་ཤིང༌། གཡས་དཀར་གཡོན་དམར་བ། ཕྱག་དང་པོ་གཉིས་ཀྱིས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་ནག་པོ་ཁ་གྱེས་པ་དང་རལ་གྲི། གཡོན་གཉིས་ཀྱིས་རིན་པོ་ཆེ་དང་པདྨ་འཛིན་པ། ཞབས་གཡས་བསྐུམ་པས་བདུད་སྡིག་ཅན་ཆུང་མ་དང་བཅས་པ་དང༌། གཡོན་བརྐྱང་བས་ཚོགས་བདག་མནན་པ། སྤྱན་གསུམ། སྐྲ་སེར་སྟག་ལྤགས་ཀྱི་ཤམ་ཐབས་སོགས་ཁྲོ་བོའི་རྒྱན་དང་ཆ་


TNT15_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཡོངས་སུ་རྫོགས་ཤིང༌། ཀླུའི་རྒྱལ་པོ་མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། རིགས་ལྡན་ཁྲ་བོས་དཔུང་པ་བརྒྱན་ཞིང༌། དུང་སྐྱོང་སེར་པོས་ཕྱག་གདུབ་བྱས་པ། པདྨ་དཀར་པོས་མགུལ་བ་བརྒྱན་ཞིང༌། སྟོབས་རྒྱུ་ལྗང་ཁུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐེ་རགས་བྱས་ཤིང༌། པདྨ་ཆེན་པོ་དཀར་པོས་ཞབས་གདུབ་བྱས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཞེས་བརྗོད་ཅིང་གསལ་བར་བསྐྱེད་དོ། །མིག་ཏུ་ཀྵིཾ། རྣ་བར་ཛྲིཾ། སྣ་ལ་ཁཾ། ལྕེ་ལ་གཾ དཔྲལ་བར་སྐཾ། ལྟེ་བར་སཾ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་ཁྲོ་བོ་བདུད་རྩི་འཁྱིལ་བའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། རང་གི་སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ། དབང་གི་ལྷ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲི་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར། སྐུ་གང༌། དྲི་མ་དགཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན། བཟླས་པ་ནི། ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་འཕྲོ་འདུ་ལ་སེམས་གཏད་དེ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་པ་ཉེ་སྙིང་དང༌། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པ་སྙིང་པོ་དང༌། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ།


TNT15_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷྣན་བི་ན་ཡ་ཀ་ན་མཧཱ་ག་ན་པ་ཏི་ཛི་ཝི་ཏཱནྟ་ཀཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་ནི། རྩ་བའི་སྔགས་ཆུང་བའོ། །ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲི་ཎཾཾ། ན་མོ་མཧཱ་བཛྲ་ཀྲོ་དྷཱ་ཡ། མཧཱ་དཾཥྟོ་ཏ་ཀ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། མན་ཆད་བརྗོད་མ་ཐག་པ་སྟེ། རྩ་སྔགས་ཆེ་བའོ། །འདི་རྣམས་རེ་རེས་བསྙེན་པ་རྫོགས་པར་བྱེད་ན། གྲངས་ནི་རིམ་པས་འབུམ་ཕྲག་སོ་གཉིས། བཅུ་དྲུགབརྒྱད། བཞི་རྣམས་ཡིན་ལ། ཐམས་ཅད་སྡོམས་པས་བྱེད་ན། འབུམ་ཕྲག་བརྒྱད། བཞི། གཉིས། གཅིག་རྣམས་སོ། །ཐུན་མཚམས་སུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོའོ། །གཏོར་མ་ཉེ་སྙིང་གིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བདུད་རྩི་ལྔའི་ཕུང་པོ། ཧཱུཾ་བྷྲུཾ་ཨཾ་ཛྲིཾ་ཁཾ་གིས་མཚན་པ། དེ་རྣམས་འོད་དུ་ཞུ་བ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། འབྲུ་གསུམ་ལན་ལྔས་བྱིན་གྱིས་བརླབས། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བདུད་རྩི་འཁྱིལ་བའི་ལྷ་ཚོགས་བཛྲ་ས་མཱ་ཛཿ སྙིང་པོའི་མཐར་པཉྩ་ཨ་མྲྀ་ཏ་ཨཱཿཧཱུཾ། ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། །སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟླས། མ་འབྱོར་པ་དང་སོགས།


TNT15_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱིས་སེམས་ཅན་སོགས། སྨོན་ལམ་དང་བཀྲ་ཤིས་གང་འགྲུབ་བྱ། བསྙེན་པ་མཐར་ཕྱིན་ནས་སྒོམ་པ་དང༌། བྲིས་པའི་སྲུང་བ་དང༌། ལས་བཞིའི་སྦྱིན་བསྲེགསེར་བ་སྲུང་བ། སྲིའུ་གསོ་བ་སོགས་གོང་མ་རྣམས་ཀྱིས་མན་ངག་ལས་འབྱུང་བའི་ལས་ཚོགས་རྣམས་དང༌། གཞན་ཡང་གསང་འདུས་སྒྱུ་དྲ་རྡོ་རྗེ་གུར་རྣམས་ལས་འབྱུང་བའི་ལས་ཚོགས་རྣམས་དང༌། གཞན་ཡང་རྒྱུད་སྡེ་བཞི་ནས་གསུངས་པའི་བདུད་རྩི་འཁྱིལ་བའི་ལས་ཐམས་ཅད་སྒྲུབ་པ་ལ་དབང་ངོ༌། །འདི་ཉིད་ངོ་བོ་གསང་བའི་བདག་པོ་ཡིན་པའི་ཕྱིར། གསང་བདག་གི་སྔགས་རྒྱུད་ལས་འབྱུང་བའི་ལས་ཚོགས་མཐའ་དག་ཀྱང་སྒྲུབ་པ་ལ་དབང་བར་མངོན་ནོ། ཁྱད་པར་འདིའི་བསྙེན་པ་སྔོན་དུ་སོང་བས། ལྷ་གཞན་ཅི་ལྟ་བུ་བསྒྲུབས་ཀྱང་དེ་དང་དེའི་བསྙེན་སྒྲུབ་ལས་གསུམ་ལ་བར་དུ་གཅོད་པ་མི་འབྱུང་ཞིང༌། རང་གཞན་གྱི་བགེགས་བསྲུང་བའི་ཐབས་འགྲན་ཟླ་མེད་པའོ། །འདིའི་རྗེས་གནང་ལག་ལེན་སྤྱི་དང་འདྲའོ། ཁྲོ་བོའི་ལུས་ཅན་ཀུན༵་གྱི་རྒྱལ། །གང་དེའི་སྒྲུབ་ཐབས་རིག་འཛིན་མཆོག །དག༵འ་སྐྱེད་ཤིན་ཏུ་རྙེད་དཀའ་བ། །སྙིང༵་པོ༵ས་ཡི་གེ་ལམ་དུ་བྱས། །ཞེས་པ་ནི་ཁྲོ་བོ་བགེགས་མཐར་བྱེད་ཀྱི་སྒྲུབ་པའི་ཐབས་ཀྱི་ལེ་ཚན་ནོ།། །།མངྒལཾ། །དུས་ཀྱི་འཁོར་ལོ་ལ་བཏུད་ནས། །